བོད་ཀྱི་གཉེན་སྒྲིག་ལུགས་སྲོལ་རོབ་བཤད།

0
1378

གཉེན་སྒྲིག(ཆང་ས)ལུགས་སྲོལ་ནི་འགྲོ་བ་མིའི་རིགས་ཀྱི་རིག་གནས་རིག་པའི་བརྗོད་སྙིང་གལ་ཆེན་ཞིག་ཡིན་པར་མ་ཟད། མི་རྣམས་ཀྱིས་མཐོང་ཆེན་བྱེད་ཡུལ་གཙོ་བོ་ཞིག་ཀྱང་ཡིན། འཛམ་གླིང་གི་སྣ་མང་གཉེན་སྒྲིག་རྣམ་པའི་ཁྲོད། བོད་ཀྱི་གཉེན་སྒྲིག་ལུགས་སྲོལ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་མངོན་ཡོད་པས། དཔྱད་ཞིབ་རིན་ཐང་དང་དམིགས་བསལ་རང་བཞིན་ལྡན་ཡོད་པ་སྨོས་མ་དགོས་པ་ཞིག་རེད། ཡིན་ནའང་། རིག་གནས་ལ་ཁྱད་པར་ཡོད་པ་ལས་མཐོ་དམན་མེད་པར་མྱོང་གོམས་འཇགས་མེད་པའི་མི་ལ་ལས་ལོག་འགྲེལ་རྒྱག་མི་སྲིད་པའང་མིན་པས་ན། འདིར་གླེང་བར་བྱ་བའང་བོད་ཀྱི་གཉེན་སྒྲིག་ལུགས་སྲོལ་དངོས་ལས་གཞན་མེད།

དང་པོ། གཉེན་སྒྲིག་གི་རྣམ་པ་དང་འཕེལ་འགྱུར་བྱུང་སྟངས།

བོད་མིས་ཉེ་དུའི་ཕྱི་ལོགས་ཀྱི་གཉེན་སྒྲིག་ལུགས་སྲོལ་ལག་བསྟར་ནན་མོ་བྱེད་ཀྱི་ཡོད་ཅིང་། མང་ཆེ་བས་མི་རབས་བདུན(ལ་ལར་མི་རབས་གསུམ་གྱི་ཡན)ལས་མ་བརྒལ་བའི་ཕ་མ་གང་རུང་གི་ཉེ་དུ་ཕན་ཚུན་ནང་གཉེན་སྒྲིག་གི་ལུགས་སྲོལ་མེད་ལ། དེ་ནི་དེང་སྐབས་ཚན་རིག་གིས་ཉེ་དུ་ནང་ཁུལ་དུ་གཉེན་སྒྲིག་ན་ཕྲུ་གུ་དབང་བོ་སྐྱོན་ཅན་བྱུང་སྲིད་པའི་དཔྱད་འབྲས་ཀྱི་སྔོན་འགོག་དང་མཐུན་པའི་འགྲོ་སྲོལ་ཡན་གར་བ་ཞིག་ཀྱང་རེད།

གཉེན་སྒྲིག་གི་རྣམ་པ་བྱེ་བྲག་ཏུ་དབྱེ་ན། ཁྱོ་གཅིག་ཤུག་གཅིག་དང་། ཤུག་གཅིག་ཁྱོ་མང་། ཁྱོ་གཅིག་ཤུག་མང་། གཅེན་གྲོངས་གཅུང་མཐུད་དམ་གཅུང་གྲོངས་གཅེན་མཐུད། གཅེན་མོ་གྲོངས་རྗེས་གཅུང་མོ་མཐུད་པའམ་གཅུང་མོ་གྲོངས་རྗེས་གཅེན་མོ་མཐུད་པ། དྲག་རྩལ་ལམ་བློ་ཐབས་ཀྱིས་འཕྲོག་ལེན། རང་དབང་མཐུན་འཇུག་བཅས་སུ་མ་འདུས་པ་མེད་ཅིང་། ཕྱི་མ་དེ་གོང་བརྗོད་མཐའ་དག་གི་དབང་རྩའམ་རྒྱུན་ཐག་ལྟ་བུར་གྱུར་ཡོད་པར་མ་ཟད། བུ་ཕྲུག་གྲས་ཀྱི་ཆེ་བ(ཕོ་མོ་དང་གསོས་ཕྲུག་རིས་མེད)ཁྱིམ་བདག་ཡིན་པའི་ཐུན་མིན་གྱི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཀྱང་ཡིན་པས། རྒྱ་ནག་ནང་བཞིན་བུ་ནར་སོན་རྗེས་མནའ་མ་བསུས་ཏེ་གཞིས་འཛིན་པར་འགྱུར་བ་དང་བུ་མོ་ནར་རྗེས་ངེས་པར་དུ་བག་མར་རྫོང་དགོས་པའམ། རྒྱ་གར་ལྟར་བུ་མོ་བག་མར་འགྲོ་བའི་རྫོངས་པས་མི་ཚང་དབུལ་བོ་བཟོ་བཞིན་པ་ལྟ་བུའི་ལུགས་སྲོལ་བོད་ལ་མི་འདུག

༡) ཁྱོ་གཅིག་ཤུག་གཅིག

ཁྱོ་ནི་སྐྱེས་པ་དང་ཤུག་ནི་ཟླ་མོའི་དོན་ཏེ། མདོ་སྨད་དུ་གཙོ་ཆེ་བས་དགའ་ཕོ་དང་དགའ་མོར་འབོད། མདོ་སྟོད་དང་དབུས་གཙང་དུའང་འབོད་ཚུལ་མང་ཞིང་། ནང་གི་ཕ་ལགས་དང་ནང་གི་ཨ་མ་ལགས་ལྟ་བུ་ཞེ་ས་ཡིན་ལ། ལར་ནས་གཙང་སྐད་ཀྱི་ཟླ་བོ་དང་ཟླ་མོ་ནི་ཐད་ཀར་བཟའ་ཟླ་དང་འབྲེལ་བ་དམ་པོ་ཡོད་པ་ཞིག་ཡིན་པས་ཡག་ཤོས་སུ་སྣང་། བོད་ཀྱི་སྤྱི་ཚོགས་སུ་ཁྱོ་གཅིག་ཤུག་གཅིག་གི་རྣམ་པས་གཙོ་ཁྲིད་ཀྱི་གོ་བབ་དང་ཡོངས་ཁྱབ་ཀྱི་ནུས་པ་འདོན་གྱི་ཡོད་ལ། དེ་ནི་བོད་མིས་རང་ཉིད་ཀྱི་མེས་པོའི་འབྱུང་ཁུངས་སུ་གྲགས་པའི་ཕ་སྤྲེའུ་དང་མ་བྲག་སྲིན་ལས་ལུ་གུ་རྒྱུད་ལ་བརྒྱུས་ནས་ཡོང་བའི་ལོ་རྒྱུས་ཀྱི་རྒྱུན་ཐག་གཙོ་བོར་བཤད་ཆོག་པར་སྙམ།

དེང་སྐབས་སྐྱེ་ཁམས་ཚན་རིག་གིས་བརྟག་དཔྱད་བྱས་པ་ལྟར་ན། ད་ལྟའི་འགྲོ་བ་མིའི་རིགས་ཀྱི་མེས་པོའམ།  རྟོགས་ལྡན་མི་རབས(Homo sapiens)ནི་ལོ་ངོ་ཆིག་འབུམ་བཞི་ཁྲིའི་ཡར་སྔོན་སྐྱེས་མ་གཅིག་གམ། སྐྱེས་མ་སྐོར་ཞིག་ལས་མཆེད་དེ་དར་འཕེལ་བྱུང་བར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེ་བས། “གླིང་གེ་སར་རྒྱལ་བོའི་སྒྲུང”ཁྲོད།  མ་བྲག་སྲིན་མོས་ཕ་སྤྲེའུ་ལ་གཉེན་སྒྲིག་བྱས་ཏེ་བུ་ཕྲུག་མང་བོ་སྐྱེ་དགོས་བའི་རེ་འདུན་ཞུས་པའི་སྐོར་ལ་གཞིགས་ན། ཕ་སྤྲེའུ་ནི་ཕྱི་ཡོང་རྟོགས་ལྡན་མི་རབས་ཀྱི་རྒྱུད་པ་དང་མ་བྲག་སྲིན་མོ་བོད་གངས་ཅན་གྱི་གཞིས་འཛིན་ཆགས་ཡོད་པས། བོད་ཀྱི་མི་རྒྱུད་ནི་ཕྱི་ཡོང་བ་དང་གཞིས་འཛིན་པ་གཉེན་སྒྲིག་པ་ལས་མཆེད་པའི་མི་རྒྱུད་བསྙོན་མེད་ཅིག་ཏུ་བཤད་ཆོག དེ་ལ་དེང་གི་བར་དུ་སྒྲུབ་བྱེད་ཚད་ལྡན་བྱུང་ཟིན་པ་ནི་ལོ་ངོ་ཆིག་འབུམ་དྲུག་ཁྲིའི་ལོ་རྒྱུས་ཡོད་པའི་རྒན་གྱ་བྲག་དཀར་གྱི་མི་རུས་དང་ལོ་ངོ་ཉིས་འབུམ་ཉིས་ཁྲི་དྲུག་སྟོང་གི་ལོ་རྒྱུས་ཡོད་པའི་འགྲོ་བ་མིའི་རིགས་ཀྱི་རྐང་རྗེས་དང་ལག་རྗེས་ཐོག་མའི་བརྐོས་རིས་ལྷ་སའི་སྟོད་ལུང་བདེ་ཆེན་དུ་བརྙེད་པ་བཅས་སོ།

༢) ཁྱོ་གཅིག་ཤུག་མང་།

ཁྱོ་གཅིག་ཤུག་མང་གྲུབ་པར་རྒྱུ་རྐྱེན་དུ་མ་ཞིག་ཡོད་ཅིང་། ཐ་གཅིག་ཏུ་ཞིང་བྲན་ལམ་ལུགས་ཟེར་བའི་ཐོན་རྫས་དམིགས་བསལ་བ་ཞིག་མ་ཡིན་པའི་ཁར། རང་དབང་འབུར་དུ་ཐོན་འདུག་པའི་ཕྱོགས་ཤིག་ཀྱང་ཡོད། དཔེར་ན། གཅེན་མོ་དང་གཅུང་མོ་ཕན་ཚུན་འབྲལ་འདུན་མེད་པའམ། རྒྱུ་དངོས་འཐོར་དོགས། མ་གཅིག་ཕ་མི་གཅིག་པའམ་ཕ་གཅིག་མ་མི་གཅིག་པའི་གཅེན་མོ་དང་གཅུང་མོ་གང་རུང་བག་མར་བརྫངས་ན་མྱི་ཁ་ཡོང་ཉེན། གཅེན་མོའམ་གཅུང་མོ་གང་རུང་གཅིག་ཤོས་ལས་རྣམ་པའམ་བློ་རིག་ཞན་པ་ལ་དོ་མཉམ་ཡོང་ཐབས་བཅས་སུ་དམིགས་ཏེ་ཁྱོ་གཅིག་ཤུག་མང་གྲུབ་པ་ལྟ་བུ་རེད། གཞན་ཟླ་མོར་ཕྲུ་གུ་བཙའ་མ་ཐུབ་པར་བརྟེན་ནས་རིགས་རྒྱུད་སྤེལ་སླད་གཞན་ཞིག་བསུས་པ་དང་ཁྱོ་ག་གྲོངས་རྗེས་འཚོ་ཐབས་བཙལ་བ། ཟླ་མོ་ཇི་ལྟར་མང་ན་དེ་ལྟར་གཟི་བརྗིད་དང་དབང་ཐང་ངོམ་ཕྱིར་བཅས་རྒྱུ་རྐྱེན་དུ་མ་འདུ་བས། ཕྱི་མ་དེ་རྒྱ་ཡན་དུ་ཤོར་བའི་ནད་ངན་ཞིག་མ་ཡིན་པར་ལབ་ཀྱི་མེད་མོད། དེང་སང་པེ་ཤག(སྒོར་མོ)ལས་ཡར་མར་གང་ལའང་བསམ་བློ་གཏོང་མི་ཤེས་པའི་སྐྱེས་མ་སྐོར་ཞིག་མི་རིགས་སུ་ལའང་ཡོད་པས། དེ་དག་ལ་སྨན་དུ་འགྱུར་མི་སྲིད་པའང་མ་རེད། ཡིན་ནའང་། མདོ་སྨད་དམངས་ཁྲོད་དུ“ཆེན་ཆུན་སྡུག་གི་འཁོར་ལོ། ཆེན་མ་ལུས་ཀྱི་གཤེད་མ”ཞེས་པའི་བཤད་རྒྱུན་ཏན་ཏན་ཡོད་པ་རེད་ལ། དངོས་ཡོད་ཀྱི་གནས་སྟངས་ལའང་ཧ་ཅང་མཐུན་གྱི་ཡོད་པར་གོར་མ་ཆག འདིར་ཆེན་མ་ནི་ཟླ་མོ་ཆེ་བ་དང་ཆུན་མ་ནི་ཟླ་མོ་ཆུང་བར་གོ་དགོས།

དེ་མཚུངས་སུ་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ན། བོད་ཀྱི་དཔའ་བོའི་རྟོགས་བརྗོད་སྙན་རྩོམ་རིང་མོ་ལས་གླེང་རྗེ་གེ་སར་རྒྱལ་བོར་ཇ་མ་མིང་ཆེན་ནམ་བཙུན་མོ ༡༥དང ༡༨ཡོད་པའི་བཤད་ཚུལ་གཉིས་ཡོད། དོན་ལ་ཁྱོ་གཅིག་ཤུག་མང་ལམ་ལུགས་དེ་གནའ་བོའི་བོད་ཀྱི་བཙན་པོ་རྒྱལ་རབས་རིམ་བྱུང་གི་ཁྲོད་ཧ་ཅང་དར་ཁྱབ་ཆེན་པོ་བྱུང་ཡོད་དེ།  “དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས”བཅས་ཀྱིས་མཚོན་པའི་ལོ་རྒྱུས་ཁག་ལྟར་ན། བཙན་པོ་སྲོང་བཙན་སྒམ་པོ་ལ་བཙུན་མོ་དྲུག་ཡོད་པའི་གནས་ཚུལ་འདི་ལས་ཀྱང་གནའ་རབས་བོད་ཀྱི་གཉེན་སྒྲིག་ལམ་སྲོལ་ར་སྤྲོད་བྱས་ཡོད།

༣) ཤུག་གཅིག་ཁྱོ་མང་།

སྤུན་མཆེད་ཐུན་མོང་ལ་ཟླ་མོ་གཅིག་གམ། གྲོགས་པོ་ཐུན་མོང་ལ་ཟླ་མོ་གཅིག ཟླ་མོ་དབང་ཆེན་ཚོས་ཁྱོ་ག་རེ་འགའ་ཉར་བ་བཅས་སུ་དབྱེ་ཞིང་། རྒྱུ་རྐྱེན་གཙོ་བོ་ཁྱོ་གཅིག་ཤུག་མང་གི་གྲུབ་ཚུལ་དང་མཚུངས་ནའང་། ཁྱོ་ག་ཇི་ལྟར་མང་ན། གཟི་བརྗིད་དང་དབང་ཐང་ངོམ་སོའང་ཕུགས་སུ་མ་འདུས་པ་ཞིག་མིན་པས། ཕོ་མོ་འདྲ་མཉམ་གྱི་དམིགས་བསལ་ནུས་པ་ཞིག་ངང་ངམ་ཤུགས་ཀྱིས་ཐོན་ཡོད་ཅིང་། གནའ་བོའི་འཛམ་གླིང་ཤར་ནུབ་ཀྱི་སྐྱེས་མ་མང་བོ་ཞིག་གི་རྨི་ལམ་དུ་འཁོར་མྱོང་བའི་སྨོན་ཡུལ་ཞིག་ཏུ་བཤད་ཆོག་པར་འདོད། ཁྱིང་ཚང་ནང་གི་དབང་ཆ་ཚང་མ་ཟླ་མོས་བཟུང་ཡོད་པར་གཞིགས་ན། དཔྱད་ཞིབ་ཀྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན་པ་བཤད་མ་དགོས་པར་མ་ཟད། ཁྱབ་ཁོངས་ཀྱི་ཆ་ནས་ཀྱང་ལྷ་སའི་སྐུ་དྲག་ཁྱིམ་རྒྱུད་དང་ནག་ཆུ། གཙང་ཁུལ། མདོ་སྟོད་ཡུལ་ལུང་ཕལ་ཆེ་བ་དང་མདོ་སྨད་ཕྱོགས་སུའང་རྒྱལ་རོང་། ཟུང་ཆུ་བཅས་མཐའ་མཚམས་ཡུལ་ལུང་བཅས་སུ་ལུགས་སྲོལ་འདི་རྒྱུན་འཛིན་བྱས་ཡོད།

སྐུ་ཞབས་ཁྲིན་ཤན་མེས་ཀྱི་དཔྱད་རྩོམ“བོད་རིགས་གཉེན་སྒྲིག་ཁྱིམ་གཞིས་ཀྱི་བདེ་ཐང་དང་འཕེལ་རྒྱས”(བོད་ལྗོངས་དྲ་རྒྱ)སུའང་བཀོད་དོན། “བོད་ལྗོངས་ཇོ་ནང་རྫོང་གི་བསོད་གླིང་ཁའི་ཁྱིམ་ཚང ༡༠༣ནང་དུ་ཤུག་གཅིག་ཁྱོ་མང་གི་ཁྱིམ་ཚང ༡༠དང་ཁྱིམ་སྤྱིའི་བརྒྱ་ཆ ༩.༧ཟིན། འབྲོག་ཁུལ་མངའ་བ་སྡེ་བའི་ཁྱིམ་ཚང ༣༦༧ནང་ཤུག་གཅིག་ཁྱོ་མང་གི་ཁྱིམ་ཚང ༢༨དང་ཁྱིམ་ཚང་སྤྱིའི་བརྒྱ་ཆ ༧.༦ཟིན།”  རིག་འཛིན་བློ་གསལ་གྱིས་ཕྱི་ལོ ༡༩༨༢ལོར་དཔྱད་ཞིབ་བྱས་པའི་བསྡོམས་རྩིས་ལྟར་ན། “དཀར་མཛེས་རྫོང་ལེ་མ་ཡུལ་ཚོར་ཤུག་གཅིག་ཁྱོ་མང་གི་ཁྱིམ་ཚང ༡༤དང་ཡུལ་དེའི་ཁྱིམ་སྤྱིའི་བརྒྱ་ཆ ༦.༥༩ཟིན།” དེ་བཞིན་དུ་ཀྲང་ཅན་ཧྲིའི་དཔྱད་རྩོམ“ཁམས་ཁུལ་བོད་མིའི་ཤུག་གཅིག་ཁྱོ་མང་གི་ཁྱིམ་གཞིས”ནང་དངོས་བསྐྱོད་ཞིབ་འཇུག་གི་དཔེ་མཚོན་མང་པོ་འདུག་མོད། ཡུལ་ལུང་དེའི་སྤྱི་ཚོགས་ཧྲིལ་བོའི་ནང་གྲངས་འབོར་ཉུང་ངུ་ལས་ཟིན་གྱི་མེད་པ་མཐོང་གསལ་རེད། རྒྱ་རོང་དང་ཟུང་ཆུ་སོགས་ནའང་ད་དུང་ཤུག་གཅིག་ཁྱོ་མང་གི་དཔེར་མཚོན་ཁ་ཤས་མཐོང་རྒྱུ་འདུག་ལ། རྩོམ་ཡིག་འདི་སྤེལ་ནས་ལོ་ངོ་བཅོ་བརྒྱད་འདས་པའི་རྗེས་ཀྱི་ཉིན་ཞིག་ལ། བོད་མོ་ལོ་ན་ཉེར་ལྔ་ཡས་མས་ཅན་ཞིག་གིས་ཤུག་གཅིག་གིས་ཁྱོ་ག་མང་བོར་བདག་སྐྱོང་བྱེད་སྟངས་ལྷ་སྒྲུང་ལྟར་རྒྱ་མོ་སྐོར་ཞིག་ལ་བཤད་ཀྱིན་པའི་བརྙན་ཐུང་ཞིག་ལ་སྨྱུག་ཐོགས་པས་བལྟས་པ་ཡིན་ལ། གོམས་སྲོལ་འདིར་བསྐྱར་དུ་རྒྱུས་ལོན་དང་མཚར་འཛིན་གྱི་སྣང་བ་མཉམ་ཐོན་བྱུང་སོང་།

༤) གཅེན་གྲོངས་གཅུང་མཐུད་དམ་གཅེན་གྲོངས་གཅུང་མཐུད།

བོད་ཀྱི་རོང་འབྲོག་དང་མཐོ་དམན་གང་དུའང་གཉེན་སྒྲིག་གི་རྣམ་པ་འདི་མཐོང་རྒྱུ་ཡོད་པས། གཙོ་བོ་ཁྱིམ་གཞིས་ཀྱི་ཡར་རྒྱས་ལ་དམིགས་ཡོད་པ་ཞིག་དང་ཚ་བོ་ཚ་མོར་ཞེན་བརྩེ་ཡོད་པ་ལས་བྱུང་བའམ། དང་ཐོག་ནས་ལུས་འབྲེལ་བྱུང་སྟེ་བརྩེ་བ་སྨིན་ཟིན་པ། ཡང་ན་རྒྱུ་རྐྱེན་གཞན་གང་རུང་གིས་བསྐྲུན་པ་ཞིག་ཏུ་མཐོང་མོད། བརྒྱ་ཆར་བཀུག་ན་ཉུང་ཉུང་རེད། དཔེར་ན། སྨྱུག་ཐོགས་པ་སྐྱེ་ས་དང་འཚར་སའི་མདོ་སྨད་ཧང་ངེ་ལྷ་སྡེ་ལ་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་ནང་དུད་ཚང ༤༠༠ལྷག་ཡོད་ཅིང་། གཅེན་གྲོངས་གཅུང་མཐུད་ཀྱི་ཁྱིམ་ཚང་གཅིག་འདུག དེ་ལ་བོད་ཀྱི་སྤྱི་ཚོགས་ནང་གུ་ཡངས་ཡོད་པ་ཞིག་ཀྱང་རེད། ལ་གཞས་ནང“སྲུ་མོ་སྲིད་པའི་འགྲོགས་སྐལ་ཡིན། འགྲོགས་མ་ཐུབ་ཞི་ལིའི་ངན་ཁེ་རེད”ཅེས་གཅུང་བོས་གཅེན་པོའི་མནའ་མར་དགའ་རོགས་བསྒྲིག་ཆོག་པ་གསལ་ཡོད། ཡིན་ནའང་། གཅེན་པོས་གཅུང་བོའི་མནའ་མར་དགའ་རོགས་བསྒྲིག་ཆོག་ཚུལ་གྱི་ལ་གཞས་ཤིག་དེང་གི་བར་མཐོང་མ་སོང་།

༥)  གཅེན་མོ་གྲོངས་རྗེས་གཅུང་མོ་མཐུད་པའམ་གཅུང་མོ་གྲོངས་རྗེས་གཅེན་མོ་མཐུད་པ།

གཉེན་སྒྲིག་གི་རྣམ་པ་འདི་དང་གོང་བརྗོད་གཅེན་གྲོངས་གཅུང་མཐུད་དམ་གཅུང་གྲོངས་གཅེན་མཐུད་ཀྱི་གཉེན་སྒྲིག་གཉིས་གྲུབ་རྐྱེན་ཧ་ལམ་གཅིག་མཚུངས་རེད། ཡིན་ནའང་། དེ་གཉིས་ཀྱི་གང་ལའང་ཤུག་གཅིག་ཁྱོ་མང་ངམ་ཁྱོ་གཅིག་ཤུག་མང་གང་རུང་གི་དྲི་མ་མེད་ཅེས་བཤད་ཐབས་མེད་མོད། ཁྱིམ་ཚང་ཞིག་གི་དར་རྒུད་དང་སྦྱར་ནས་བལྟ་སྐབས། མི་ཆོས་རིང་ལུགས་ཀྱི་ཕྱོགས་གཅིག་ཏན་ཏན་འདུ་ཡོད་པ་ནི་གདོན་མི་ཟ་བ་ཞིག་རེད་འདོད།

༦)  དྲག་རྩལ་ལམ་བློ་ཐབས་ཀྱིས་འཕྲོག་ལེན།

འཇིག་རྟེན་མཐུན་འཇུག་གི་སྣང་ཚུལ་འདི་ནི་བོད་ཀྱི་ལུགས་སྲོལ་ཡན་གར་བ་ཞིག་སྟེ། ལོ་རྒྱུས་ནང་བཀོད་པའི་མགར་སྟོང་བཙན་གྱིས་རྒྱ་བཟའ་ཀོང་ཇོ་བློ་ཐབས་ཀྱིས་བཙན་པོ་སྲོང་བཙན་སྒམ་པོར་བཙུན་མོར་བསུས་པ་དང་འཛམ་གླིང་དུ་ཆེས་རིང་བའི་དཔའ་བོའི་རྟོགས་བརྗོད་སྙན་རྩོམ་རིང་མོའི་ནང་བཀོད་པའི་འཛམ་གླིང་གེ་སར་རྒྱལ་བོར་སེང་ལྕམ་འབྲུག་མོ་རྟ་ཕོའི་བང་རྩལ་ལས་རག་པ་གཉིས་དཔེ་མཚོན་གསལ་བོ་གཉིས་ཡིན་ལ། ལོ་རྒྱུས་འདིར་ཡུན་རིང་རང་བཞིན་དང་རྒྱུན་མཐུད་རང་བཞིན་ལྡན་པའང་ཟུར་ཙམ་རྟོགས་ཐུབ་པར་མ་ཟད། “གེ་སར་རྒྱལ་བོའི་སྒྲུང”དུ་ཧོར་གུར་དཀར་གྱིས་སེང་ལྕམ་འབྲུག་མོ་འཕྲོག་པ་དང་བདུད་ཀླུ་བཙན་གྱིས་མེ་བཟའ་འབུམ་སྐྱིད་འཕྲོག་པ་སོགས་ཀྱང་སྔོན་བྱུང་ལོ་རྒྱུས་ཀྱི་ཚུར་མངོན་དུ་བཤད་ཆོག

དུས་རབས་ཉེར་གཅིག་གི་འགོ་ཚུགས་མཚམས་ད་དུང་རྒྱ་གར་རྡོ་རྗེ་གླིང་དུ་བཞུགས་ཀྱིན་པའི་ཨ་མ་གཡང་མཚོར་མཚོན་ནའང་། སྔོན་ཨ་མདོ་བ་ཞིག་གིས་ཁོ་མོ་དམག་ཤེད་ཅན་མཱ་པུའུ་ཧྥང་གི་ལག་ཏུ་བཙན་འཕྲོག་བྱས་ཏེ་གཉེན་གསར་དུ་བསྒྲིགས་རྗེས་བཙན་བྱོལ་ལ་ཕེབས་པ་ཞིག་ཏུ་བཤད་ཀྱིན་པས། ཐབས་ལམ་འདི་བོད་ཀྱི་སྤྱི་ཚོགས་སུ་ད་ལྟའང་རྙིང་མེད་པ་ཤེས་སླ།

༧)  རང་དབང་མཐུན་འཇུག

བོད་ཀྱི་སྤྱི་ཚོགས་སྟེང་གི་སྣང་ཚུལ་ཡན་གར་བ་འདི་ལ་གཉེན་སྒྲིག་མ་བྱས་པའི་ཡར་སྔོན་གྱི་རྣམ་པ་ཞིག་དང་རྣམ་པ་དེ་མི་ཚེ་ཧྲིལ་བོར་རྒྱུན་གནས་ཀྱི་ཁོར་ཡུག་ཅིག་བཅས་ཕྱོགས་གཉིས་སུ་འདུ་ཞིང་། གཉེན་སྒྲིག་གི་རྣམ་པ་མཐའ་དག་གི་རྒྱུན་ཐག་ལྟ་བུའི་ནུས་པ་འདོན་བཞིན་པར་མ་ཟད། རང་སྐྱ་ཐུབ་པའི་ཁོར་ཡུག་ཅིག་ཀྱང་དམ་འཛིན་བྱས་ཡོད་པས། མིང་གཅིག་དོན་མང་གི་ཆ་ནས་དཔྱད་ཞིབ་བྱེད་འོས་པའི་གྲས་སུ་གཏོགས།

(༡)  གཉེན་སྒྲིག་ཡར་སྔོན་གྱི་རྣམ་པར་མཚོན་ན། གཙོ་བོ་བུ་མོ་ཚོར་ཟླ་མཚན་ཐོག་མར་བབས་པ་ནས་འབྲོག་པར“སྐྲ་ལེན་སྲོལ”ཞིག་དང་ཞིང་བར“སྐྲ་ལུང་འདོགས་སྲོལ”གཉིས་ཀྱི་ལམ་ནས་ལང་ཚོ་དར་ལ་བབས་ཟིན་པའམ། ལྟོས་ས་ལྟོས་འཇོག་གིས་ལུས་ཁམས་ཀྱི་དགོས་མཁོ་དང་བསྟུན་པའི་རང་དབང་མཐུན་འཇུག་གི་ཐོབ་ཐང་བུ་མོ་ཚོས་ལོངས་སུ་སྤྱོད་ཀྱིན་ཡོད། ང་ཚོས་འདིར“མི་ལུས་ཚན་རིག”གི་ལམ་ནས་བལྟས་ཚེ། རང་བྱུང་གི་འགྲོས་དང་མཐུན་ཞིང་ལུས་ཁམས་ཀྱི་བདེ་ཐང་ལ་འཚམས་པའི་ལུགས་སྲོལ་ཐུན་མོང་མ་ཡིན་པ་ཞིག་ཡིན་པར་མ་ཟད། རང་བྱུང་ཁམས་ཆེན་པོའི་འཁོར་བསྐྱོད་ཀྱི་འགྲོས་དང་ཡོངས་སུ་མཐུན་པ་ཞིག་ཡིན་ལ། འཁྲིག་སྤྱོད་རང་དབང་གི་དགེ་མཚན་གཙོ་བོ་ཞིག་འདོན་སྤེལ་བྱས་ཡོད། དེ་བས། དེང་སྐབས་ནུབ་ཕྱོགས་ནས་དར་བར་གྲགས་པའི“འཁྲིག་སྤྱོད་བཅིངས་འགྲོལ”ལའང་བསྐྱར་ཞིབ་བྱེད་དགོས་པར་མ་ཟད། བོད་ཀྱིས་གདོད་མ་ནས་མཚམས་མ་ཆད་པར་རྒྱུན་འཛིན་བྱས་ཡོད་པའི“འཁྲིག་སྤྱོད་བཅིངས་འགྲོལ”ལ་གོ་བབ་སླར་གསོ་བྱེད་དགོས་པའི་དུས་ལའང་འཁེལ་ཡོད།

སྔར་བོད་ཀྱི་སྤྱི་ཚོགས་ནང་ཉམས་སུ་མྱོང་བཞིན་པའི་འཁྲིག་སྤྱོད་རང་དབང་ལ་བསེ་དུག་སོགས་ཀྱི་ཉེན་ཁ་འབྱུང་མི་སྲིད་པའང་མ་རེད། བོད་མི་ཚོས“རྒྱ་རྨ”ཞེས་རྒྱ་ནག་ནས་མཆེད་པའི་བསེ་དུག་ཅིག་གླེང་བཞིན་འདུག ཡིན་ནའང་། བོད་སྒང་བའི་རང་དབང་མཐུན་འཇུག་ལ་ཁྱད་ཆོས་གཞན་ཞིག་ཡོད་པའམ། ཡང་ན། རི་མཐོ་ས་གཙང་གི་ཡུལ་ལུང་འདིར་བསེ་དུག་གཞན་ལྷགས་མ་ཐུབ་གང་ཡིན་ཆ་མ་འཚལ་མོད། ས་སྐྱེས་རྡོ་སྐྱེས་ཀྱི་བསེ་དུག་རིགས་ཡོད་ཚུལ་མཐོང་རྒྱུ་མི་འདུག

(༢) རང་སྐྱ་ཐུབ་པའི་ཁོར་ཡུག་གམ།  མི་ཚེ་ཧྲིལ་བོར་རྒྱུན་གནས་ཀྱི་རྣམ་པར་བལྟས་ན། དོན་ལ་དགའ་རོགས་བསྒྲིགས་ཟིན་པའི་སྐྱེས་པས་ཤུག་མང་གི་འཚོ་བ་རོལ་གྱིན་པ་དང་སྐྱེས་མ་ཚོས་ཀྱང་ཁྱོ་མང་གི་འཚོ་བ་རོལ་གྱི་ཡོད་ལ། བུ་ཕྲུག་བཙས་ཚད་ལ་ཨ་མའམ་བསྐྱེད་ཡུམ་གྱིས་འགན་འཁུར་བ་ལས་ཨ་ཕའམ་བསྐྱེད་ཡབ་ཀྱིས་འགན་འཁུར་གྱི་མེད། །“བོད་རིགས་གཉེན་སྒྲིག་ཁྱིམ་གཞིས་ཀྱི་བདེ་ཐང་དང་འཕེལ་རྒྱས”(བོད་ལྗོངས་དྲ་རྒྱ)སུ་བཀོད་དོན། དགའ་རོགས་བསྒྲིགས་པ་ལས་བཙས་པའི་བུ་ཕྲུག་ལ་སྤྱི་ཚོགས་སྟེང་དམའ་འབེབས་མི་བྱེད།

“རིག་རྩལ་བསྐྱར་དར”གྱི་དུས་སྐབས་ནས་མི་ཚང་མ་སྐྱེ་བ་ནས་འདྲ་མཉམ་དང་རང་ཉིད་ཀྱི་གདམ་ག་འཚོལ་སྙེག་བྱེད་པའི་ཐོབ་ཐང་འདྲ་མཉམ་ཡོད་པར་གཞིགས་ཏེ་ནུབ་ཕྱོགས་སུ་སྤྱི་ཚོགས་ནང་རང་དབང་མཐུན་འཇུག་གམ“འཁྲིག་སྤྱོད་བཅིངས་འགྲོལ”ལག་བསྟར་བྱས་པ་དང་བསྡུར་ན། བོད་དུ་ཉུང་མཐར་རང་དབང་མཐུན་འཇུག་ལ་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན་ཞིང་། ཕོ་མོ་སུ་ཡིན་ནའང་རང་དབང་གིས་སྣང་བ་འགྲོ་མཁན་དང་འགྲོ་འོངས་བྱེད་ཀྱིན་པ་མ་གཏོགས། དེ་ལས་ལྡོག་པའི་བྱ་སྤྱོད་ལ་ལོག་གཡེམ་དང་བཙན་གཡེམ། ཐ་ན་བསྐོར་གཡེམ་སོགས་དུས་རབས་རེ་རེ་བཞིན་མཚོན་པའི་ཐ་སྙད་བྱུང་ཡོད་ལ། སྤྱི་ཚོགས་སྒང་བྱ་སྤྱོད་དེ་རིགས་ལ་ཚོད་འཛིན་ནན་མོ་བྱེད་ཀྱིན་པ་མཚོན་ཡོད། སྒོས་སུ་ལོག་གཡེམ་འགོག་པ་ནི་དུས་རབས་བདུན་པའི་ནང་ཐུ་བྷོད་བཙན་རྒྱལ་གྱིས་གཏན་ལ་ཕབ་པའི་དགེ་བཅུའི་ཁྲིམས་ཡིག་ནང་ཐོན་ཡོད་པས། དེང་གི་བར་དུ་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་སོང་ཡོད་པས། བོད་འདི་འཛམ་གླིང་སྟེང་ལོག་གཡེམ་ཁྲིམས་ཐོག་ནས་འགོག་མཁན་དང་པོ་མིན་ནའང་སྔ་མའི་གྲས་ཡིན་པ་གསལ་བོ་རེད་འདོད།

སྤྱི་ཚོགས་ནང་བྱི་ཕྲུག(གཉེན་མ་བསྒྲིགས་པར་སྐྱེས་པའི་ཕྲུ་གུ)ལ་དམའ་འབེབས་མི་བྱེད་པ་ནང་བཞིན། དེ་དག་གི་ཁྲོད་དུ་བོད་ལ་ཤུགས་རྐྱེན་ཟབ་མོ་འཇོག་མྱོང་བའི་མཁས་པ་དང་དཔའ་བོའམ། མཛངས་མིའང་བྱུང་དང་འབྱུང་བཞིན་ལོ་རྒྱུས་མདུན་བསྐྱོད་བྱས་ཡོད། དཔེར་ན། མཛངས་མིར་གྲགས་པའི་རི་ལས་སྐྱེས་ནི་ལོ་རྒྱུས་སུ་འཁོད་པའི་བྱི་ཕྲུག་སྐད་གྲགས་ཅན་ཞིག་ཡིན། འདིར་ཁག་ཅིག་གིས་བོད་ཀྱི་རང་དབང་མཐུན་འཇུག་གི་སྣང་ཚུལ་འདི་བཞིན་གདོད་མར་མ་རྒྱུད་གཙོ་བོར་བྱེད་པའི་ལྷག་འཕྲོ་ཞིག་ཏུ་བཤད་ཀྱང་། རང་དབང་མཐུན་འཇུག་དང་མ་རྒྱུད་རིགས་རྒྱུད་གཉིས་ལ་ངོ་བོའི་སྟེང་ནས་དབྱེ་བ་ཡོད། སྔ་མའམ་རང་དབང་མཐུན་འཇུག་ནི་ཕོ་མོ་གཉིས་ཀྱིས་སྔ་འདང་ཕྱི་འདང་ངམ། དུང་ཞེན་བརྒྱུད་པའི་གདམ་གའི་ངོས་ནས་རང་དབང་གིས་ལོངས་སུ་སྤྱོད་ཀྱིན་པ་ཞིག་དང་། ཕྱི་མའམ་མ་རྒྱུད་གཙོ་བོར་བྱེད་པ་ནི་སྤྱི་ཚོགས་བྱུང་འཕེལ་གྱི་དུས་རིམ་ཞིག་གི་མཚོན་ཚུལ་དུ་བཤད་ཀྱིན་ཡོད་པས། རྣམ་པའི་ཆ་ཙམ་ལ་འཇུས་ནས་ངོ་བོར་བསྙོན་འབྱིན་བྱེད་འདོད་པ་ནི་ངལ་བ་འབྲས་མེད་དུ་འདོད།

(༣)   བོད་ཀྱི་སྤྱི་ཚོགས་ཁྲོད་ཀྱི་རང་དབང་མཐུན་འཇུག་གི་བརྒྱུད་འཛིན་དང་སྲུང་སྐྱོབ་ནི་ཡིག་ཐོག་གི་བརྩམས་ཆོས་ཁག་ལས་ཀྱང་མངོན་ཡོད། དཔེར་ན། “སྣང་ས་འོད་འབུམ”དང“འགྲོ་བ་བཟང་མོ”སོགས་ཟློས་གར་བསྟན་བཅོས་ཀྱི་བརྗོད་བྱའང་བཙན་དབང་དང་ཕྲག་དོག་ཐེར་འདོན་གྱི་རྣམ་པ་སྤྱད་དེ་བྲིས་ཡོད་པར་མ་ཟད། བོད་རང་གི་འཚོ་བ་དངོས་ལ་སྦྱར་ཡོད་པས། གཉེན་སྒྲིག་ལུགས་སྲོལ་ལ་ཤོག་བུ་སྣུམ་ཟོས་ལྟར་ཤུགས་རྐྱེན་ཟབ་མོ་བཞག་ཡོད་ཅེས་བཤད་ཆོག

གཉིས་པ། གཉེན་སྒྲིག་གི་གོ་རིམ་དང་མི་ཆོས་ཀུན་སྤྱོད་ཀྱི་སྐོར།

“བོད་རིགས་གཉེན་སྒྲིག་ཁྱིམ་གཞིས་ཀྱི་བདེ་ཐང་དང་འཕེལ་རྒྱས”(བོད་ལྗོངས་དྲ་རྒྱ)སུ། བོད་ཀྱི་ན་གཞོན་ཕོ་མོ་ཕལ་མོ་ཆེ་ནས་གཉེན་སྒྲིག་ཡར་སྔོན་དགའ་རོགས་སམ་འགྲོགས་བཟང་བསྒྲིགས་པ་བརྒྱུད་ནས་གཉེན་སྒྲིག་པའམ། ཆང་ས་རྒྱག་གི་ཡོད་ཅིང་། ཆང་ས་རྒྱག་པར་རང་ཉིད་ཀྱིས་ཐག་གཅོད་བྱེད་ཀྱིན་པར་བསྟན་པ་ནང་བཞིན། དེང་སྐབས་མི་སྐོར་ཞིག་གིས་བོད་ནང་སྔར་གཉེན་སྒྲིག་ལ་རང་དབང་མེད་པར་ཐ་གཅིག་ཏུ་ཕ་མས་ཐག་གཅོད་བྱེད་ཀྱིན་པར་ལབ་པའང་ཐལ་ཆེ་བའི་བཤད་སྤྱོད་ཅིག་ཏུ་མཐོང་། ཡིན་ནའང་། སྤྱི་ཚོགས་གང་གི་ཕ་མ་སུ་ཞིག་ཡིན་ཡང་། རང་ཉིད་ཀྱིས་བུ་ཕྲུག་བསྙོར་སྐྱོང་བྱེད་པའི་འོས་འགན་དོར་མྱོང་མེད་པས། བུ་ཕྲུག་གི་མདུན་ལམ་དང་འབྱུང་འགྱུར་ལ་བསམ་བློ་གཏོང་མི་སྲིད་པ་མིན་པའི་ཁར། ཉམས་མྱོང་ལས་ཐོན་པའི་བསམ་འཆར་འདོན་བཞིན་ཡོད་ལ་འདོན་འོས་པ་ཞིག་ཀྱང་ཡིན། “སྐྲ་བཤད”ལས། “སང་ནངས་མོ་ནམ་མཁའ་ཡར་ལངས་ལ། ཁྱོད་ཕ་དང་ཨ་ཁུར་བསྐྱལ་ནས་འགྲོ། ནང་མིང་ཆུང་མང་བོས་བསྐོར་ནས་འགྲོ། གཞུག་ཕ་མིང་ཡོད་པའི་རྟགས་སྐལ་ཡིན། བློ་ཕ་ཁུས་གྲོས་པའི་རྒྱན་རྟགས་ཡིན། ”  ཞེས་གཉེན་སློང་གི་གོ་རིམ་ཁྲོད་ཕ་དང་ཨ་ཁུས་གྲོས་བསྡུར་མང་བོ་བྱས་ཏེ་མཐར་ཡིད་འཐད་བྱུང་བ་ནི་རྒྱན་རྟགས་ཡིན་ཞེས་བཀོད་ཡོད་པ་ལས་བཙན་བསྐུལ་གྱི་ཆ་མཐོང་དཀོན་ཚོད་རེད། དོན་ལ་སྔར་བུ་མོ་བརྒྱ་ཆའི་དགུ་བཅུ་བག་མར་འགྲོ་སྐབས་ལོ་བཅོ་ལྔ་ཡིན་པས། སྐབས་དེར་ཕ་མས་གཙོ་འགན་འཁུར་རྒྱུ་དེའང་མེད་དུ་མི་རུང་བའི་གོ་རིམ་ཞིག་ཏུའང་བཤད་ཆོག  ཡིན་ནའང་། གཉེན་སྒྲིག་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་ཚད་ལས་བརྒལ་བའི་དོན་རྐྱེན་ནམ་སྐྱོ་གནས་རེ་ཟུང་བྱུང་མ་མྱོང་ཞེས་ནམ་ཡང་ལབ་ཀྱི་མེད་ལ། དེ་རིགས་ཐ་གཅིག་ཏུ་འགོག་བྱར་འདོད་ཀྱི་ཡོད།

༡)  གཉེན་སྒྲིག་གི་གོ་རིམ།

གཉེན་སྒྲིག་ཞུ་བ་དང་གཉེན་སྒྲིག་གཏན་འཁེལ་བཟོ་བ། གཉེན་སྒྲིག་པ། གཉེན་འཐོར་བའམ། ལོགས་ཀ་ཆགས་པ་བཅས་འགྲོ་རིམ་བཞི་དང་། གཉེན་སྒྲིག་ཁྱིམ་གཞིས་དང་འབྲེལ་བའི་མི་ཆོས་ཀུན་སྤྱོད་དམ། གོམས་སྲོལ་གཞན་དག་བཅས་ཀྱི་ནང་དུ་མ་འདུས་པ་མེད།

(༡) གཉེན་སྒྲིག་ཞུ་བ།

ན་གཞོན་ཕོ་མོ་ཕན་ཚུན་མཚམས་སྦྱོར་རམ་འབྲེལ་ལམ་གང་རུང་(མང་ཆེ་བ་མཚན་མོ་ལ་གཞས་ལེན་རེས་ཀྱི་རྩེད་ར་འཚོགས་པ)གི་ལམ་ནས་ངོ་ཤེས་པ་བརྒྱུད་དེ་གཉེན་སྒྲིག་གི་གོམ་པ་དང་པོ་ལེན་དུས། མོ་རྩིས་ལུང་གསུམ་ལ་བརྟེན་གྱི་ཡོད་ཅིང་། མོ་རྩིས་བཟང་ན་ཉིན་ཡག་སྐར་བཟང་ཞིག་ལ་བག་མ་བརྐུ་རུ་འགྲོ་བའམ། (མག་པ་བརྐུ་སྲོལ་མི་འདུག) སློང་དུ་འགྲོ་བ་ནས་འགོ་བཙུགས་ཡོད་པས། རིམ་པ་འདིར་གཉེན་སྒྲིག་ཞུ་བ་འབོད། ལོ་རྟགས་དང་འབྱུང་བ་མི་མཐུན་པ་བྱུང་ན་ཐོད་པའི་ཁ་ཡིག་མེད་པར་བལྟ་བར་མ་ཟད། གཉེན་སྒྲིག་ཞུ་མི་ཆོག་པའི་གྲས་སུ་བརྩི་བཞིན་ཡོད། ཡིན་ནའང་། ན་གཞོན་ཕོ་མོའི་བར་དུང་ཞེན་ནམ། བརྩེ་འདང་འགྱུར་དུ་མེད་པ་ཡོད་ཚེ། ཡུལ་བྱོལ་དུ་ཆས་ནས་གཉེན་སྒྲིག་པའང་མང་བོ་བྱུང་ཡོད་ཅིང་། གཙོ་བོ་འབབ་ས་དེ“ལས”ཞེས་པའི་ཡིག་འབྲུ་འདིའི་སྟེང་བབས་ཡོད་པས། དེ་ནི་བརྐྱངས་བསྐུམ་གང་རུང་ཡོད་ཆོག་པའི་འགྲེལ་བཤད་བྱེད་ཡུལ་ཞིག་ཀྱང་ཡིན། གང་ལྟར། ནམ་རྒྱུན་གྱི་རང་དབང་མཐུན་འཇུག་ལ་རྙོག་འཛིང་ཆེ་བའི་གོ་རིམ་འདི་དག་བརྒྱུད་དགོས་ཀྱི་མེད།

(༢) གཉེན་སྒྲིག་གཏན་འཁེལ།

མོ་རྩིས་ལུང་གསུམ་གྱི་དཔྱད་པ་བརྒྱུད་ནས་ཉིན་ཡག་སྐར་བཟང་ཞིག་ལ། བར་བ་གཡང་ཁས་གྲོས་ཁ་གྲོས་ཆང་ངམ། ཁ་བཏགས་གཙོས་ཇ་དང་ཆང་དམ་ཁྱེར་ནས་ཕ་རོལ་བོའི་ཁྱིམ(མག་པ་སློང་བའམ་མནའ་མ་སློང་བ་གང་རུང)ལ་གཉེན་སྒྲིག་ཞུ་བསྐུལ་དུ་འགྲོ་ཞིང་། ཁྱིམ་ཚང་དེས་གྲོས་ཁ་ཆང་ཁ་བླངས་པའི་དབང་དུ་བཏང་ན། ཡིད་འཐད་ཡོང་བཞིན་པ་མཚོན་གྱི་ཡོད་པ་དང་མ་བླངས་ཚེ། གཉེན་དོན་དེར་ཡིད་འཐད་མེད་པ་སྟོན་བཞིན་ཡོད། དེ་ལའང་རྒྱུ་རྐྱེན་དུ་མ་ཞིག་ཡོད་མོད། གཙོ་བོ་རུས་པ་གཙང་མིན་དང་ལྷ་སྲུང་མཐུན་མིན་གཉིས་སུ་བཤད་ཆོག སྔ་མའམ་གྲོས་ཁ་གྲོས་ཆང་བླངས་པའི་དབང་དུ་བཏང་ན། ཉེའམ་གཉེན་རྟགས་རྗེས་ནས་རྒྱག་དགོས། གཉེན་རྟགས་ལའང་རིགས་དུ་མ་ཞིག་ཡོད་ཅིང་། འབྲོག་ཕྱོགས་སུ་བག་མའི་གྱོན་ཆས་དང་གཡུ་བྱུར་དངུལ་དུང་བཅས་ཀྱི་འདོགས་ཆའི་ཁར་ཨ་མའི་ནུ་རིན་ལ་འབྲི་མོ་ཞིག་ལེན་སྲོལ་འདུག གཞན་བླ་ཆེན་དཔོན་ཆེན་གྱི་བུ་མོ་ཞིག་མནའ་མར་བསུ་ན་འགྲོ་སོང་དེ་ལས་ཀྱང་ཆེ་བ་གཏོང་དགོས། དཔེར་ན། སྨྱུག་ཐོགས་པའི་ཞིང་གཤེགས་སྤོ་བོ་དབྱིག་གཉེན་མཆོག་གིས་སྔོན་ཨ་ཚོགས་བླ་མའི་སྲིང་མོ(འོག་མ)མནའ་མར་བསུས་པས། སྐབས་དེར་མགོ་རྐང་ལག་ལྔ་ལ་དངུལ་ལྔ་བཅུ་མ་ལྔ་སྤྲད་ཚུལ་ཁོང་གིས་ང་ལ་བྱིས་དུས་སུ་སྒྲུང་ནང་བཞིན་བཤད་མྱོང་།

གཞན་བོད་ལྗོངས་སློབ་གྲྭ་ཆེན་མོའི་ཞིང་གཤེགས་དགེ་རྒན་ཆེན་མོ་བ་རྡོ་དགོན་གསང་བདག་རྡོ་རྗེ་མཆོག་གིས་དབུས་གཙང་ཁུལ་གྱི་གཉེན་སྒྲིག་འགྲོ་སྲོལ་ངོ་སྤྲོད་གནང་བ་ལྟར་ནའང་། “ཁྱིམ་ཚང་གཉིས་གྲོས་འཆམ་ཚར་ནས།  ཕན་ཚུན་བར་འགྱུར་བ་མི་འགྲོ་བའི་ཆེད་དུ།  བུའི་ནང་ནས་འགྲོ་སོང་བཏང་སྟེ་བུ་མོའི་ནང་ལ་སློང་ཆང་ཞིག་གཏོང་སྲོལ་ཡོད།  དེའི་སྐབས་བུ་མོའི་ཨ་མ་ལ་ནུ་རིན་དང་། གཞན་རྣམས་ལ་གོས་སོགས་ཅ་དངོས་སྤྲོད་པ་དང་གཉེན་ཡིག་གམ། གཉེན་གན་བཟོ་སྲོལ་ཡོད།  དེ་ནས་ཚེས་བཟང་ཞིག་ལ་མནའ་མ་སྐྱེལ་བསུ་བྱེད།  མནའ་མ་ལ་མདའ་དར་བཙུགས་པ་དང་བསུ་ཆང་སྟེར། སྒོ་ལ་འཛུལ་པ། བྲོ་འཆམ་གཉེན་འཕྲད་བྱེད་པ་སོགས་རྟེན་འབྲེལ་མང་པོ་སྒྲིག་རྒྱུ་ཡོད།”

(༣) གཉེན་སྒྲིག་པ།

གཅིག  གཉེན་རྟགས་སམ་སློང་རྟགས་ཀྱི་རིམ་པ།

གཉེན་རྟགས་སམ་ཆང་དང་ཁ་བཏགས། མནའ་མའམ་མག་པ་གང་རུང་གི་གྱོན་ཆས་གསར་བ་ཕ་རོལ་བོའི་ནང་དུ་བསྐྱལ་རྗེས། ཉིན་ཡག་སྐར་བཟང་ཞིག་གདམ་ནས་གཉེན་སྟོན་བྱེད་དགོས་ཤིང་། བག་མ་སྐྱེལ་མཁན་ལ་ཨ་ཞང་ཚང་ཟེར་ལ། མནའ་མ་བསུ་མཁན་ལ་གཉེན་ཚང་འབོད། ཁྱིམ་ཚང་གཉིས་ཀྱི་བར་དུ་ལམ་ཐག་རིང་བོ་ཡོད་ན། ལམ་བར་དུ་ཇ་ཐབ(ལམ་བར་དུ་མཚན་གཅིག་ལ་ངལ་གསོ་བ)རྒྱག་སྲོལ་འདུག སྨྱུག་ཐོགས་པ་བྱིས་དུས་སུ་ཧང་ངེ་རྩྭ་ཐང་དུ་འཚར་ལོངས་བྱུང་བ་ཡིན་པས། མགྲོན་པོ་ཕར་འགྲོ་ཚུར་ཡོང་མང་བོ་ངེད་ཚང་ནས་ཞག་འདུག་བྱེད་སྲོལ་ཡོད། ཉིན་ཞིག་ལ་བག་མ་ཞིག་གི་ཇ་ཐབ་ཀྱང་ངེད་ཚང་དུ་རྒྱག་མྱོང་། བག་མ་དེ་ཧང་ངེ་རི་རྒན་གྱི་འདབས་རོལ་ནས་འབྲོང་ཐུལ་ཡུལ་ཚོར་སྐྱེལ་དགོས་པས། ལམ་ཐག་ཧ་ཅང་རིང་བོ་ཡིན་ཚུལ་བཤད་ཀྱིན་པ་ཐོས་མྱོང་།

གཉེན་སྟོན་ནི་གླུ་གར་དང་སྤྲོ་སྐྱིད་ཀྱི་ཀློང་དུ་སྐྱེལ་བཞིན་ཡོད་ཅིང་། ཤ་མར་ཐུལ་གསུམ་ནི་ཟས་ཀྱི་མཆོག་ལ་བརྩི་བཞིན་པར་མ་ཟད། དེ་ནི་བཀྲ་ཤིས་པའི་ཉིན་མོ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། དེ་ལས་ལྡོག་པའི་རྒྱ་ནག་ལྟར་གཉེན་སྟོན་གྱི་མཚན་མོར་བག་མ་དང་མག་པ་བཙན་ཚུགས་ཀྱིས་ལྷན་དུ་ཉལ་འཇུག་པའམ། ཁང་བ་གཅིག་གི་ནང་དུ་བཅུག་སྟེ་མི་མང་གིས་ལྟད་མོར་ལྟ་ཞོར་ངོ་ཚར་གཏོད་པ་དང་ལ་ལར་སྲོག་ཉེན་ཡང་འབྱུང་བཞིན་པའི་ལུགས་སྲོལ་བོད་ལ་མི་འདུག

གཉིས། གཉེན་སྟོན་གྱི་གོ་རིམ།

དོན་ལ་བོད་ཀྱི་གཉེན་སྟོན་ཁྲོད་དུ་ཧ་ལམ་ཆོ་ག་བརྒྱད་ཡོད་ཙམ་ཡོད་པར་སྣང་།  ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས(༡༨༡༣-༡༨༩༩)བརྩམས་པའི“བག་མ་ལ་དགེ་བའི་ལས་ཕྲན་བདུན་གྱི་ཆོ་ག་བཀྲ་ཤིས་དཔལ་སྐྱེད”ལྟར་ན།  གླང་ཆེན་སྣ་བསྒྱུར་གྱི་ཆོ་ག།  སྣ་འདྲེ་སྐྲོད་པའི་ཆོ་ག།  མནོལ་གྲིབ་འཁྲུ་བའི་ཆོ་ག།  ཕྱིང་དཀར་གྱི་གདན་འདིང་བའི་ཆོ་ག།   དཀར་གསུམ་གྱིས་ངོ་གསོལ་བའི་ཆོ་ག།  མིང་འདོགས་པའི་ཆོ་ག ལྷ་ལ་འདོགས་པའི་ཆོ་ག  གཡང་འགུགས་པའི་ཆོ་ག་བཅས་སོ།  དེ་དང་ཆ་འདྲ་བར“བོད་ཀྱི་གཉེན་སྟོན་མཛད་སྒོ”ཟེར་བའི་རྩོམ་ཡིག་ནང་དུ་དེ་དག་ངོ་སྤྲོད་ཡོད་པ་གཤམ་གསལ་ལྟར་ཏེ། བོད་ཀྱི་ཕ་མེས་ཀྱི་འགྲོ་སྲོལ་ལམ་བོན་གྱི་ལུགས་སྲོལ་གྲ་མ་ཉམས་པར་བརྒྱུད་འཛིན་བྱས་ཡོད་པའང་གསལ་བོ་ཆགས་ཡོད།

“དང་པོ་བག་སྣ་ལ་འདྲེ་ཡོད་པས་དེ་བསྐྲད་པ་ནི།   སྒོ་རྩར་སླེབས་པ་དང་།   སྔགས་འཆང་གིས་ཐུན་དང་དགྲ་གཤེད་ཀྱི་རྫས།   སྟག་ཡོས་ལོ་བ་ལ་ལྕགས་ཀྱི་རལ་གྲིའམ་སྟབས་མ་བདེ་ན་རྡོ་རྗེའང་ལྕགས་རིགས་ཡིན་ལ་མཚོན་ཆའང་ཡིན་པས་མ་འཐུས་པ་མེད།   རྟ་སྦྲུལ་ལ་ཆུ་སྐྱོག་ནག་པོ།   བྱ་སྤྲེལ་ལ་མེ་སྒྲོན།   བྱི་ཕག་ལ་ས་སེར།   གཤེད་བཞི་ལོ་པ་ལ་ཚེར་མ་ཅན་གྱི་ཤིང་གི་ཡལ་ག་སོགས་ཐོགས་ལ།   ཆོ་ག་བཞིན་བགེགས་བསྐྲད།

གཉིས་པ་ཁྲུས་གསོལ་བ་ནི་སྒོ་རྩ་དེ་གར་སྣ་ཁྲུས་ཆོ་ག་བཞིན་བཏང་།    དེ་ནས་བག་མ་ལག་སྟོང་དུ་འོང་མི་རུང་བས་ལག་གཡས་སུ་མདའ་དར་དང་།     གཡོན་དུ་བཀྲ་ཤིས་གཏེར་བུམ་ལྟར་བུ་ཁྱེར་ནས་རིམ་པར་སྒོ་ནས་འཇུག་སྟེ་བཞུགས་གྲྭ་སྒྲིག་ཡུལ་ཚོམས་ཆེན་ལྟ་བུར་སླེབས་པ་དང་དེ་གར་ཅུང་ཟད་བཞེངས།    དེ་ནས་སྤྲོ་ན་མི་ཁ་བདེ་ཞིག་གིས་མདའ་བཤད་བྱེད།  ཚར་གྲབ་ནས་མདའ་དར་དང་བུམ་གཏེར་མཆོད་སྟེགས་ལྟ་བུར་འཇོགས།

གསུམ་པ་གདན་བཏིང་བ་ནི།    དེའང་ཚོམས་ཆེན་ལྟ་བུའི་འདུག་གྲྭ་སྒྲིག་ཡུལ་གྱི་ཕུག་ཏུ་མཆོད་བཤམས།  དེ་མདུན་བླ་མཆོད།   གཡས་གྲལ་ལམ་སྟབས་འགྲིག་ན་བག་མའི་ཕྱྭ་ལོན་གྱི་ཕྱོགས།   དེང་དུས་ལྟར་ན་ཁྱོ་ཤུག་གཉིས་ཀ་འདུག་ནའང་འགལ་བ་མེད།   དེའི་བག་རོག་སོགས།   གཡོན་དུ་ཕ་མ་སོགས།  གཞན་གཉེན་མགྲོན་རྣམས་ཁང་ཡུལ་ལྟར་གོ་སྒྲིག་སྤྱི་དང་།   ཁྱད་པར་བག་གདན་དངོས་རྩིས་གཞུང་དང་མཐུན་པའི་བག་གདན་ཁ་དོག་འདིང་དགོས།    དེ་ནས་གྲལ་དུ་འཁོད་ནས་བླ་མས་དེའི་ཆོ་ག་གཞུང་བཞིན་བཏང་།

བཞི་པ་དཀར་གསུམ་གྱིས་ངོ་གསོ་བ་ནི།   མཐུན་གསུམ་ལོ་མ་བཀྲ་ཤིས་པའི་བུ་མོའམ་ཁྱེའུ་ལ་དཀར་གསུམ་གྱི་བཟའ་བཏུང་ཁེམ་དང་བཅས་པ་བཟུང་བཅོལ་ཞིང་ལན་གསུམ་ཕྱིས་ལ་བཀྱག།   དེ་བླ་མས་ཆོ་གའི་འདོན་རིམ་དང་བསྟུན་དང་པོ་ཕུད་མཆོད་ཚུལ།    དེ་ནས་བཞེས་ཏེ་ལྷག་མ་ཅུང་ཟད་བཅས་ཕྱིར་བཞག

ལྔ་པ་མིང་འདོགས་པ་ནི།    བླ་མས་ཆོ་ག་བཞིན་ཤིས་བརྗོད་དང་བཅས་ཏེ་སྔར་མིང་ཡོད་པ་ཡིན་ཀྱང་སྐབས་འདིར་བཀྲ་ཤིས་རིགས་བརྒྱུད་འཕེལ་བའི་རྟེན་འབྲེལ་དུ་མིང་གསར་པ་ཞིག་འདོག་པའི་མཚན་བྱང་གནང་།

དྲུག་པ་ལྷ་ལ་འདོགས་པ་ནི།   བླ་མས་ལྷ་རྟེན་གྱི་མདའ་དར་རམ།   ཚེ་བུམ་སོགས་ཐོགས་ལ།  ཕ་མེས་ཀྱི་ལྷ་སྲུང་ལ་བཅོལ་བའི་བདེན་པ་བདར།

བདུན་པ་གཡང་འགུགས་པ་ནི།    བླ་མས་མདའ་དར་གཡབ་ལ།  གཡང་འགུགས་གདངས་དང་བཅས་གསུང་།

བརྒྱད་པ་ཞར་བྱུང་མཐའ་རྟེན་བཀྲ་ཤིས་བརྗོད་པ་ནི།   བླ་མས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ཅིང་མེ་ཏོག་གི་ཆར་སིལ་མར་འཐོར་བ་བཅས་བྱའོ།”

གསུམ། མཐའ་མར་བཅོལ་བདམས།

གོ་རིམ་འདི་ཧ་ཅང་གི་གསོན་ཉམས་ལྡན་པ་ཞིག་ཡིན་པར་མ་ཟད། གཅིག་ནས་བག་མའི་ཕའམ་ཨ་ཁུས་བག་མ་ལ་ཁ་ཏ་སློབ་གསོའམ་གནས་ཡུལ་དུ་ཇི་ལྟར་བྱེད་དགོས་པར་བདམས་བསྐུལ་དང་། དེ་ནས་གཉེན་ཚང་གི་ཨ་ནེ་དང་ཨ་མྱེ། མག་པ་བཅས་ལ་བག་མ་ཕར་བཅོལ་བདམས་སོགས་བྱེད་ཀྱིན་ཡོད། དཔེར་ན། ཕའམ་ཨ་ཁུས་བག་མ་ལ་འདི་ལྟར་བདམས་ཀྱི་ཡོད།

“ཨ་ནེ་ཨ་མྱེ་རྒན་པོ་ཡིན། ཨ་ནེ་ལག་པར་ཇ་འཇོག་བྱོས། ཨ་མྱེ་གོམ་པའི་ཚེགས་ལེན་བྱོས། འདི་བྱོས་དང་ལོ་ལོའི་རྒྱན་ཞིག་ཡིན། མག་པ་རྟ་མགྲིན་རང་བྱོན་ཡིན། ཚེ་གཅིག་རྟ་ཁ་འོབས་ཆེན་བྱོས། དེ་བྱོས་དང་ལོ་ལོའི་རྒྱན་ཞིག་ཡིན།” འདེར་ལོ་ལོ་ཟེར་བ་ནི་ཕྲུ་གུའི་གཅེས་མིང་སྟེ། བག་མར “གཅེས་ལོ་མ” ཟེར་གྱི་ཡོད་པ་དང་། ཨ་ནེ་དང་ཨ་མྱེ་ཟེར་བ་འདི་མག་པའི་ཕ་མ་གཉིས་ལ་གོ་དགོས།

དེ་བཞིན་དུ་གཉེན་ཚང་ལ་བག་མ་ཕར་བཅོལ་བདམས་གཤམ་གསལ་ལྟར་བྱེད་ཀྱིན་ཡོད།

“ངེད་ཚང་གི་བུ་མོ་འདི་མ་རྒས་ཕག་གི་གོ་རྒས་ཡིན་ནོ། འདྲ་མེད་ནོ། འགྲུལ་ཆུང་ནོ། ལག་ལས་ཀ་མེད་ནོ། རྒན་ལ་བརྩི་བཀུར་མེད་ནོ། བོས་ན་ཨ་ལན་མེད། དྲིས་ན་ཚིག་ལན་མེད། བཅོལ་ན་ཡ་ལན་མེད་ནོ།། གོས་ཚ་རུའི་གོན་པའི་ཉལ་ལངས་མ་ཡིན་ནོ།། ཟས་ཞིམ་པོ་བྱིན་པའི་གཅེས་ལངས་མ་ཡིན་ནོ།། མ་མགོ་ནང་གི་གཅེས་མགོ  ལུ་གུ་ནང་གི་རྡང་མགོ་ཡིན། ལས་ལྗིད་མོ་ཕྲག་ལ་བབས་མ་མྱོང་། ཚིག་རྣོན་པོ་སྡུག་སྤྱད་བཤད་མ་མྱོང་། ཕྱེ་ཆུ་བརྫིས་ལག་པས་བསྣེས་མ་མྱོང་། ཆུ་ཟོ་ལུང་རྒྱབ་ལ་བླངས་མ་མྱོང་། ཤིང་སྟ་རེས་བུད་ཤིང་གསིལ་མ་མྱོང་། ནངས་མོ་མེ་བུད་ལངས་ཚད་མི་ཤེས། དམར་བོ་མེ་ཡི་འབུད་ཚད་མི་ཤེས། སྔོན་མོ་ཆུ་ཡི་ཁོལ་ཚད་མི་ཤེས། ཁོམ་ཁ་ལེབ་བར་གྱི་ཚོས་ཚད་མི་ཤེས། དཀར་བོ་འོ་མའི་བཞོ་ཚད་མི་ཤེས། ནང་སྡེ་བའི་གྲ་ག་ཕྱག་ལེན་མི་ཤེས། མི་ཤེས་ཉིན་མོ་སྩོབ་དགོས། མི་རིག་ཉིན་མོ་སྟོན་དགོས། དེ་རིང་ནས་བཟུང་ཁྱེད་ཚང་གི་མྱི་ཡིན་ནོ། ཁྱོད་མག་པའི་ཚེ་ཡི་སྐྱ་ཡ་ཡིན་ནོ།། མཛོ་དོ་ལ་སྤྲེལ་པའི་ཉ་ཡ་ཡིན་ནོ། ཁལ་ལྗིད་མོ་ཁུར་བའི་དོ་ཡ་ཡིན་ནོ། སྟོད་བྱང་ལམ་བསྐྱོད་པའི་འགྲོ་ཡ་ཡིན་ནོ། སྐྱིད་རྟ་ཕོ་ཞོན་པའི་ཞོན་ཡ་ཡིན་ནོ། སྡུག་ཐོད་ལ་ལེན་པའི་གྲོགས་ཡ་ཡིན་ནོ།  གང་ལྟར་ཀྱང་ལག་པ་ཕྱི་ནང་ཤ་ཡིན་ནོ། མཛུབ་གུ་ལྔ་བོ་སྤུན་ཡིན་ནོ། ཤ་མཁལ་མ་གཉིས་ཀ་ཆེ་ཆུང་མི་བཏོད་རྒྱུ། ལག་ཕྱི་ནང་གཉིས་ཀ་ཁྱད་པར་མི་གཏོད་རྒྱུ། གོས་ཚ་རུའི་གཞུང་གི་འཇམ་ཤ་མི་གཏོད་རྒྱུ། རྐང་སག་ལྷམ་གྲུ་བཞིའི་བཟང་ངན་མི་གཏོད་རྒྱུ། གཡུ་བྱུ་རུའི་ཆ་མོའི་མང་ཉུང་མི་གཏོད་རྒྱུ། ཟས་ཞིམ་པོ་མངར་མོའི་ཁྱད་པར་མི་གཏོད་རྒྱུ། ཚང་མ་ཁྱིམ་ཚང་གཅིག་གི་མི་ཡིན་ནོ། ཨ་ནེ་ཁྱོད་རང་མ་ཡི་ཚབ་ཡིན་ནོ། ཨ་མྱེས་ཁྱེད་རང་ཕ་ཡི་ཚབ་ཡིན་ནོ། གཡས་ནས་བུ་ཕྲུག་བསམ་ལེ། གཡོན་ནས་མནའ་མ་མི་བསམ་རྒྱུ། རང་མྱི་ལ་མྱི་གཞན་མི་བཅའ་རྒྱུ། བཟང་ཞིག་ཡོད་ན་བརྗོད་རྒྱུ། ངན་ཞིག་ཡོད་ན་གསང་རྒྱུ། ཟ་རུ་བཅུག་ནས་ཁ་ལ་མི་ལྟ་རྒྱུ། འགྲོ་རུ་བཅུག་ནས་རྗེས་ལ་མི་ལྟ་རྒྱུ། རང་གི་བུ་ཕྲུག་གཅེས་གཅེས་མནའ་མ་གཅེས་རྒྱུ་གལ་ཆེའོ།”

བཅོལ་བདམས་འདི་ཨ་མདོའི་ལུང་སྐད་ལྟར་ཡོད་པ་སོར་འཇོག་བྱས་ཡོད་ལ། ནང་དོན་གཙོ་བོ་ནི་བག་མར་མནར་གཅོད་མི་གཏོང་བར་ནང་མི་གཞན་དང་འདྲ་མཉམ་ཡོང་བར་བསྐུལ་མ་བྱས་ཡོད་པ་རེད།

(༤) གཉེན་འཐོར་བ།

གཏམ་དཔེར། “བརྒྱ་འཐོར་བ་དང་། སྟོང་འགྲིག་གི་ཡོད”ཅེས་པ་ལྟར། གཉེན་འཐོར་བྱེད་སྐབས། མག་པའམ་མནའ་མ་གང་རུང་གིས་རང་ཉིད་ཀྱིས་སྔོན་ཁྱེར་ཡོང་བའི་རྫོང་བའམ་རྒྱུ་ནོར་ཐ་དག་ཕྱིར་རང་ཉིད་ཀྱི་ནང་ལ་ཁྱེར་ཆོག་ཅིང་། བུ་ཕྲུག་ཡོད་ན་དེར་བསྐྱུར་ཡང་ཆོག དེ་མཚུངས་སུ་ཕྱོགས་སུ་ལ་སྐྱོན་ཆ་ཡོད་ན། འོས་འཚམས་ཀྱི་བསྐྱིན་ཚབ་ལྟ་བུ་ཞིག་རྒྱག་སྲོལ་ཡང་འདུག གང་ལྟར་གཉེན་འཐོར་རྗེས་ཀྱི་ཕོ་མོ་སུ་ཡིན་ནའང་། སླར་ཡང་གཉེན་སྒྲིག་བྱེད་ཆོག་ལ། སྟོན་མོ་གཟབ་རྒྱས་མི་བྱེད་པ་མ་གཏོགས་མྱི་ཁའང་འཁོར་གྱི་མེད།

བོད་ཀྱི་གཉེན་སྒྲིག་ལ་ལྟོས་འཇོག་གིས་རང་དབང་ཡོད་པ་ནང་བཞིན། གཉེན་འཐོར་ལ་ལྟོས་མེད་ཀྱི་རང་དབང་ལྡན་འདུག  དམངས་ཁྲོད་དུ“ཆོས་དཀར་བོ་དགེ་བའི་ཞིང་ས། གཉེན་སྨུག་པོ་ཐོད་པའི་ཁ་ཡིག”ཅེས་རྒྱབ་རྟེན་གཞུང་ལུགས་ཀྱི་རྒྱས་བཅད་པའི་ངག་རྒྱུན་ད་དུང་ཡང་ཡལ་འདུན་མེད་པར་རྒྱུན་སྐྱོང་བཞིན་འདུག དེ་བས། བཟའ་ཟླ་ཕན་ཚུན་བར་དུ་བརྩེ་དུང་རལ་ནས་མཐུན་ཐབས་མེད་སྐབས། བཟའ་ཟླ་ཕན་ཚུན་བར་གྲོས་མོལ་བརྒྱུད་དེ་ཐག་གཅོད་བྱེད་པའམ། བུ་ཕྲུག་གི་སྙོར་སྐྱོང་འོས་འགན་སུས་འཁུར་བ་བཅས་ལ་བཀོད་སྒྲིག་བརྒྱུད་ནས་སོ་སོ་སླར་ཡང་གཞན་ལ་གཉེན་སྒྲིག་ཆོག་པ་དང་གཅིག སྡེ་དཔོན་ནམ་རྒན་པ་བརྒྱུད་ནས་བར་འཚང་ངམ། གཉེན་འཐོར་བྱེད་དུ་འཇུག་པ་དང་གཉིས། གཉེན་ཉེ་སྤུན་མཆེད་དམ་གྲོགས་པོ་གང་རུང་ལྷན་འཛོམས་ཐོག་བར་གནས་ཐག་གཅོད་བྱེད་པ་དང་གསུམ་ཙམ་གཙོ་བོ་དང་། ཡོངས་གྲགས་མ་ཡིན་པའི་གཉེན་འཐོར་བྱེད་ཚུལ་གཞན་ཡང་ཡོད་སྲིད་པར་འདོད། བོད་ཀྱི་གཏམ་དཔེར། “ཕུ་ནུ་ནང་དམེ་ཤོར་ན་དགྲ་བོ་རྒྱལ། བཟའ་ཚང་ནང་སྐྱོན་ཤོར་ན་བུད་མེད་རྒྱལ”ཞེས་པའི་བསྡོམས་ཚིག་ལྟ་བུའང་འདུག ཡིན་ནའང་། གཏམ་དཔེ་འདིའི་ནང་གི“བུད་མེད”ཟེར་བའི་མིང་འདི“བུད་མྱེད”ཅེས་པའི་བརྡ་རྙིང་ལས་བརྒྱུད་འགྱུར་བྱས་པ་ཞིག་ཡིན་པས། སྨྱུག་ཐོགས་པས་དུས་དང་རྣམ་པ་ཀུན་ཏུ“སྐྱེས་མ”ཞེས་པའི་མིང་འདི་བཀོལ་བཞིན་ཡོད།

) གཉེན་སྒྲིག་ཁྱིམ་གཞིས་དང་འབྲེལ་བའི་མི་ཆོས་ཀུན་སྤྱོད་དང་གོམས་སྲོལ་གཞན་དག

(༡) གཉེན་སྒྲིག་གི་ཡར་སྔོན་དང་བྱི་ཕྲུག་གམ་ཐང་སྐྱེས། གྲྭ་བ་ཟུར་བ་དང་བཙུན་མ་ཟུར་བ།

བརྩེ་དུང་གིོ་འཚོ་བར་རང་དབང་ལྡན་ཞིང་། སྤྱི་ཚོགས་ཀྱི་ཐེ་གཏོགས་ཆེར་མེད། དེ་བས། ཐང་སྐྱེས་སམ་བྱི་ཕྲུག་ལ་མཐོང་ཆུང་མི་བྱེད། ལར་ནས་གཉེན་སྒྲིག་རྗེས་ཁྱོ་ཤུག་སུ་ཡིན་ནའང་རང་ཉིད་ཀྱི་ཟླ་བོ་ལས་གཞན་བཙལ་མི་ཆོག་པའི་ཚད་བཀག་ཅིག་ངང་ངམ་ཤུགས་ཀྱིས་སྤྱི་ཚོགས་སམ་མི་སྒེར་གང་རུང་ལས་ཡོང་གི་ཡོད་ནའང་། ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ་གཉེན་སྒྲིག་རྗེས་དགའ་རོགས་བཙལ་བཞིན་པའི་སྣང་ཚུལ་ཡལ་གྱི་མེད་ལ། ཐ་ན་ཡུལ་ལུང་ལ་ལར་སྐྱེས་མས་རང་ཉིད་ཀྱི་ཁྱོ་ཀ་གཞན་ཁྱིམ་དུ་རུ་ཉུལ་ལམ་ཕོ་ཉུལ་དུ་འགྲོ་བར་གཞོགས་འདེགས་ཀྱི་ཚུལ་དུ་རྟ་ལ་སྒ་བསྟད་ནས་ལམ་འཇུག་བྱེད་སྲོལ་ཡང་འདུག སྨྱུག་ཐོགས་པའི་ཕ་ཡུལ་དུ་འདི་ལ“དབུར་བཏགས”པར་སོང་ལྟ་བུ་ཞིག་ཟེར། དེའང་དབུར་ནི་གཙུབ་བརྡར་གྱི་དོན་དང་བཏགས་ཀྱང་འདེགས་གནོན་གྱི་ཚུལ་ལ་འཇུག་པས། འཁྲུག་སྤྱོད་ཀྱི་རྣམ་པའི་ཆ་ལ་སྦྱར་ནས་བཏགས་པའི་མིང་ཞིག་ཏུ་འདོད།

བཙུན་མ་ཟུར་བ་དང་གྲྭ་བ་ཟུར་བ་གང་རུང་གི་གཉེན་སྒྲིག་ཐད། སྔར་སྤྱི་ཚོགས་སྟེང་དུ་ལབ་གླེང་ཅུང་མང་ཞིང་། ཡུལ་ལུང་མང་ཆེ་བར་རོ་ཤུན་ནམ་མི་གྲོངས་པའི་ལྭ་བ་ལས་ཀྱང་དགེ་ཤུན་ནམ་དགེ་བོ་ཞིག་གི་ལྭ་བར་བཙོག་པར་ལྟ་མཁན་ཡང་བྱུང་འདུག དེ་ནི་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ལས་སྡོམ་པ་དགེ་སློང་ཚད་ལྡན་ཞིག་ལ་ཡར་ཕུལ་རྗེས་གྲྭ་བ་ལོག་ཆོག་པ་དང་ཅུང་འགལ་གྱི་ཡོད་ནའང་། མང་ཚོགས་ཁྲོད་འདུལ་བ་སོགས་ལ་རྒྱུས་མངའ་ཆེར་མེད་པའི་ཚུར་སྣང་ཞིག་ཀྱང་རེད་འདོད།

(༢) ཉེ་དུའི་བར་གཉེན་སྒྲིག་མི་ཆོག་པ།

གོང་དུ་བརྗོད་ཟིན་པ་ལྟར། བོད་ཀྱི་སྤྱི་ཚོགས་མང་ཆེ་བར་ཉེ་དུའི་ཕྱི་ལོགས་ཀྱི་གཉེན་སྒྲིག་ལག་བསྟར་ནན་མོ་བྱེད་ཀྱི་ཡོད་ཅིང་། ཕའམ་མ་གང་རུང་གི་ཉེ་དུའི་ནང་དུ་མི་རབས་བདུན་མ་བརྒལ་བར་གཉེན་སྒྲིག་ཆོག་གི་མེད། འདི་ནི་གནའ་ནས་ད་བར་རྒྱུན་སྐྱོང་བཞིན་པའི་ཡུལ་སྲོལ་ཡན་གར་བ་ཞིག་རེད།

(༣) གཉེན་སྒྲིག་པར་མཐོ་དམན་དང་ཕྱོགས་རིས་འཛིན་གྱི་ཡོད།

བསམ་བློ་འདི་དབུས་གཙང་བར་ཅུང་ཤུགས་ཆེ་ཞིང་། བཤན་པ་དང་མགར་བ། ཤིང་བཟོ་སོགས་ཀྱི་མི་རྒྱུད་ལ་རང་ཉིད་རིགས་མཐོ་བར་བརློམ་མཁན་ཚོས་གཉེན་སྒྲིག་གི་མེད་པར་མ་ཟད། དེ་དག་རིགས་ངན་པར་བལྟ་བཞིན་ཡོད། དོན་ལ་སྤྲེའུ་དང་བྲག་སྲིན་ལས་མཆེད་པར་རིགས་དགར་སྲོལ་ཞིག་མེད་པར་མ་ཟད། དེ་དག་མེད་ན་ཉིན་རྒྱུན་གྱི་འཚོ་བའི་ཡོ་ཆས་ལ་ཡོངས་ཁུང་མེད་པའང་ཤེས་རྟོགས་ཆེར་ཐུབ་ཀྱི་མེད་པ་འདྲ།

ཁམས་དང་ཨ་མདོར་མངོན་གསལ་གྱིས་རིགས་རུས་དགར་སྲོལ་ཞིག་མེད་ཀྱང་། ཕྱོགས་རིས་སམ་མི་རྒྱུད་བཟང་ངན་འདེད་སྟངས་ཤིག་ཏན་ཏན་ཡོད་པས། དམངས་ཁྲོད་དུ་ཉི་མ་ཚེ་རིང་དང་ཟླ་བཟང་སྒྲོལ་མ། རྒན་གྱའི་སྐར་མ་སོགས་ཀྱི་རྩོམ་གཤིས་སུ་བཞེངས་པའི་རྣམ་པ་དེར་ངོ་རྒོལ་རང་བཞིན་གྱི་དམངས་ཁྲོད་རྩོམ་སྣ་མང་བོ་བྱུང་ཡོད།

(༤) ཁྱིམ་གཞིས་ཀྱི་འོས་འགན།

བོད་མིའི་ཁྱིམ་ཚང་གི་རྨང་གཞི་ནི་ཕ་མ་དང་བུ་ཕྲུག མིང་སྲིང་དང་གཅེན་གཅུང་ཡིན་པས། ཕ་མར་བུ་ཕྲུག་ལ་ལྟ་སྐྱོང་གི་འོས་འགན་ཡོད་ལ། བུ་ཕྲུག་ལའང་ནར་སོན་རྗེས་ཕ་མ་གཉོར་སྐྱོང་གི་འོས་འགན་ཡོད། མ་གཞི་བརྩེ་དུང་གི་འཚོ་བར་རང་དབང་ལྡན་པས། གཉེན་སྒྲིག་སྔ་རྗེས་ཀྱི་བུ་ཕྲུག་སུ་ཞིག་ཡིན་ནའང་། ཕལ་ཆེ་བས་འདྲ་མཉམ་གྱི་ཐོབ་ཐང་ལོངས་སུ་སྤྱོད་ཀྱིན་ཡོད། དཔེར་ན། ལོ་རྒན་པའམ་ཆེ་བས་ཁྱིམ་གཞིས་འཛིན་པའམ་འཁོར་འཛིན་པ་གནང་གི་ཡོད་པར་མ་ཟད། ཁྱིམ་ཚང་དང་སྤྱི་ཚོགས་ནང་དམའ་འབེབས་ནམ་ཡང་མེད། བུ་སྐལ་ལམ་གསོས་ཕྲུག གཞུག་ཁྲིད(གཉེན་མ་སྒྲིག་གོང་སྐྱེ་བའི་ཕྲུ་གུ་ཁྲིད་ཡོང་བ་ལ་ཟེར་ཞིང་། གཙོ་བོ་ཕ་གཞན་ཞིག་ཡིན་པར་གོ)བཅས་ཀྱི་ཐོབ་ཐང་ཡང་གོང་མཚུངས་ལྟར་ཡིན། དེ་བས། ཤ་རྩ་ཁྲག་རྒྱུན་མ་གཅིག་པའི་དབང་གིས་འཐོར་ཞིག་ཏུ་ཕྱིན་པའི་ཁྱིམ་ཚང་ཞིག་ཕལ་ཆེར་བྱུང་མྱོང་མེད་པའམ། ཡོད་ནའང་རེ་གཉིས་ཡིན་ཞེས་བཤད་ཆོག་པར་སྣང་།

སུམ་པ། གཉེན་སྒྲིག་ལུགས་སྲོལ་གྱི་དགེ་སྐྱོན།

བྱ་དངོས་གང་དང་གང་ལའང་དགེ་སྐྱོན་གཉིས་རེ་འཁྲིལ་ཡོད་པ་སྨོས་མ་དགོས་པས། དགེ་བ་ལས་སྐྱོན་ཆེ་ན་དོར་བྱ་དང་སྐྱོན་ལས་དགེ་བ་མང་ན་སྲུང་བྱར་གྱུར་ཡོད་པ་འགྲོ་བ་མིའི་རིགས་ཀྱི་སྤྱི་གཤིས་ལྟ་བུ་ཞིག་ཏུ་འཇགས་ཡོད། སྨྱུག་ཐོགས་པས་བོད་ཀྱི་གཉེན་སྒྲིག་ལུགས་སྲོལ་ལ་ཞིབ་དཔྱད་བྱེད་སྐབས། སྐྱོན་ལས་དགེ་བའི་ཕྱོགས་མང་ཞིང་། དགེ་སྐྱོན་གཉིས་ལ་མངོན་གསལ་གྱིས་ལྕི་ཡང་ཡོད་པ་རྟོགས་ཡོང་བས། སྔ་མ་དགེ་བའི་ཕྱོགས་དང་ཕྱི་མ་སྐྱོན་གྱི་ཆ་ལ་དབྱེ་ནས་འཆད་རྩིས་ཡིན།

༡) དགེ་བའི་ཕྱོགས།

(༡) རང་བྱུང་གི་ལམ་ནས་མི་འབོར་ཚོད་འཛིན་ཐུབ་པ།

འཛམ་གླིང་འདིའི་སྒང་དུ་མི་འབོར་གནད་དོན་ཛ་དྲག་ཏུ་འགྱུར་བཞིན་པའི་དེ་རིང་། སྐྱེ་སྒོ་གཅོད་པ་ཙམ་མ་གཏོགས་ཐབས་ལམ་ལེགས་ཤོས་ཤིག་བརྙེད་མེད་པར་གཞིགས་ན། བོད་ཀྱི་གཉེན་སྒྲིག་གི་སྣ་མང་རང་བཞིན་གྱིས་རྣམ་པ་ཙམ་མ་ཡིན་པར་ངོ་བོའི་ཆ་ནས་མི་འབོར་སྐྱེ་འཕེལ་ལ་རང་བྱུང་གིས་ཚོད་འཛིན་ཐེབས་ཀྱི་ཡོད། དེ་མཚུངས་སུ་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་དམག་འཐབ་དང་ནད་ཡམས་ཀྱིས་བོད་ཀྱི་མི་འབོར་ལ་གོད་ཆག་བཟོས་ཡོད་པའི་ཁར། སེར་མོའི་ལམ་ལུགས་དང་གཉེན་སྒྲིག་ལུགས་སྲོལ་གྱིས་ཚོད་འཛིན་ངེས་ཅན་ཞིག་ཐེབས་མྱོང་བས། ཕྱི་མ་གཉིས་རང་བྱུང་གི་འགྲོས་དང་འཚམས་ཤིང་། རང་མོས་འབུར་དུ་ཐོན་པའི་མི་འབོར་སྐྱེ་འཕེལ་ཚོད་འཛིན་བྱེད་ཐབས་ལེགས་ཤོས་སུ་མཐོང་། ཡིན་ནའང་། བོད་རང་ཉིད་ཀྱི་དར་རྒུད་ལ་གྱོང་རག་མ་མྱོང་བ་ཞིག་ཀྱང་མ་རེད་འདོད།

(༢) ཕོ་མོ་འདྲ་མཉམ་གྱི་འབུར་ཐོན་རང་བཞིན་མངོན་པ།

འཛམ་གླིང་གི་སྐྱེས་མ་མང་བོས“སྐྱེས་པ་གཅིག་ལ་ཟླ་མོ་བརྒྱ་ཡོད་པ་གཟི་བརྗིད་དུ་བརྩི་ན། སྐྱེས་མ་གཅིག་ལ་མག་པ་བརྒྱ་བླངས་ན་གཟི་བརྗིད་དུ་ཅིས་མི་འགྲོ”བའི་དྲི་བ་བཏོན་དང་འདོན་བཞིན་པར་མ་ཟད། ལས་འགུལ་ཡང་སྣ་མང་སྤེལ་མྱོང་མོད། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་རང་དབང་མཐུན་འཇུག་གི་ཐོབ་ཐང་ཙམ་རག་ཡོད་པ་མ་གཏོགས། ཤུག་གཅིག་ཁྱོ་མང་གི་རིམ་པར་བརྒལ་ཐུབ་མེད། འོ་ན། བོད་ཀྱི་སྐྱེས་མ་ཚོས་ལས་འགུལ་སོགས་ཅི་ཡང་སྤེལ་མ་དགོས་པར་སྐོར་ཞིག་ལ་ཐོབ་ཐང་དེ་རག་ཟིན་པའི་ཁར། སྤྱི་ཚོགས་སྟེང་དུ་དུས་རབས་བདུན་པ་ནས“སྐྱེས་མ་གྲོས་ལ་ཞུགས་མི་ཆོག”པ་བཟོས་པའི་ཉེར་ལེན་གྱིས་གོ་གནས་ཅུང་དམའ་ནའང་། ཁྱིམ་ཚང་ནང་དུ་བརྩི་མཐོང་ཆེན་པོ་ཡོད་མཁན་ཆགས་ཡོད། ཁོ་མོ་ཚོ་ཁྱོ་ག་གཅིག་གི་འཚོ་བར་མི་བརྟེན་པར་མ་ཟད། རང་ཉིད་ལ་སྒེར་ཚུགས་སམ་དོན་གྱི་བཟའ་དཔོན་གྱི་གོ་གནས་ཡོད། དེ་བས། སྐྱེས་མ་ཚོའི་གོ་གནས་ཐ་གཅིག་ཏུ་དམའ་བར་བཤད་མཁན་ཚོར་མཚོན་ན། བོད་ཀྱི་དངོས་ཡོད་འཚོ་བར་རྒྱུས་མངའ་མེད་པ་དང་ཚོར་བ་ཁོ་ནའི་ལམ་ནས་གནད་དོན་ལ་ལྟ་བའི་སྐྱོན་ཆ་ཕོག་ཡོད། དཔེར་ན། རིག་འཛིན་བློ་གསལ་གྱིས་བྲིས་པའི“ཁམས་ཁུལ་བོད་མིའི་ཤུག་གཅིག་ཁྱོ་མང་བསྡུས་བཤད”ལས་གོང་བརྗོད་ཆ་ཚང་མངོན་ཡོད་པར་མ་ཟད། སྐྱེས་མའི་གོ་གནས་དེ་ལས་ཀྱང་ཁྱད་པར་བ་ཞིག་ཏུ་མཐོང་ཐུབ། དེ་བས། བོད་ཀྱི་ལུགས་སྲོལ་ཐ་དག་རྗེས་ལུས་སམ་བཀོལ་སྤྱོད་མེད་པའི་ཞིང་བྲན་ལམ་ལུགས་ཟེར་བའི་ཐོན་རྫས་རེད་ཟེར་བའང་དངོས་ཡོད་དང་རྒྱང་ཐག་ཡོད་པར་བཤད་ཆོག

དེ་བཞིན་དུ“གླིང་གེ་སར་རྒྱལ་བོའི་སྒྲུང”ལས་གསལ་བོར་མངོན་པ་ལྟར། འབྲུག་མོ་ཧོར་གྱིས་འཕྲོག་པ་དང་མེ་བཟའ་བདུད་ཀྱིས་འཕྲོག་སོང་ནའང་། ཁོང་གཉིས་ཕྱིར་འཕྲོག་རྗེས་གེ་སར་རྒྱལ་བོ་དང་བཟའ་ཚང་གི་འཚོ་བ་རོལ་ཡོད་ལ། འདི་ནི་བོད་ཀྱི་གཉེན་སྒྲིག་རྣམ་པའི་ཁྲོད་ཀྱི་སྣང་ཚུལ་ཡན་གར་བ་ཞིག་སྟེ། གཞན་གྱིས་འཕྲོག་སོང་བའི་ཟླ་མོ་ཚུར་བླངས་རྗེས་སྔར་བཞིན་ཁྱོ་ག་སྔ་མ་དང་འཚོ་བ་མཉམ་རོལ་བྱེད་པའི་ཐོབ་ཐང་ཤོར་མེད་པར་མ་ཟད། བཙོག་ལྟ་སོགས་བྱེད་ཀྱི་མེད་པ་འདིའང་བོད་ཀྱི་གཉེན་སྒྲིག་ལུགས་སྲོལ་ཁྲོད་དུ་མ་གཏོགས་གཞན་དག་ཏུ་མཐོང་དཀོན་པོའི་འདྲ་མཉམ་འབུར་དུ་ཐོན་པའི་ཡུལ་སྲོལ་གལ་ཆེན་ཞིག་རེད་འདོད།

(༣) འདོད་འདུན་གྱི་རང་དབང་གཟེངས་སུ་ཐོན་པ།

རང་དབང་མཐུན་འཇུག་ནི་བོད་ཀྱི་གཉེན་སྒྲིག་ལུགས་སྲོལ་གྱི་དབང་རྩའམ། རྒྱུན་ཐག་ཏུ་སོང་གཤིས། སྒོ་དབྱེ་རང་བཞིན་བཤད་མ་དགོས་པར་མི་རྣམས་ཀྱི་མཐོང་ལམ་དུ་བཤམས་ཟིན་པ་རེད། འཛམ་གླིང་གི་སྐྱེས་ཕོ་མོ་ཕལ་མོ་ཆེས་འཚོལ་སྙེག་བྱེད་ཀྱིན་པའི་ལྟ་སྤྱོད་འདི་བོད་པས་ཁ་སང་ནས་ལག་ལེན་ནང་བཏབ་ཟིན་པས། བོད་ཀྱི་གཉེན་སྒྲིག་གི་བཅིངས་འགྲོལ་རང་བཞིན་མངོན་ཡོད་པར་མ་ཟད། བརྩེ་དུང་གི་སྒོ་དབྱེ་རང་བཞིན་ཡང་འགྲོ་བ་མིའི་རིགས་ཀྱི་འདས་པའི་ལོ་རྒྱུས་གང་དུའང་མཐོང་དཀོན་པོ་ཞིག་ཏུ་འགྱུར་དོན་གང་ལ་ཐུག་ཡོད་དམ། འདི་ཤིན་ཏུ་གལ་ཆེ།

(༤)   ཐུན་མིན་གྱི་ཁྱད་ཆོས་དང་འདྲ་མཉམ་འབུར་དུ་ཐོན་པ།

གོང་སྨྲས་ལྟར། བོད་ཀྱི་སྤྱི་ཚོགས་སུ་གཉེན་ཉེ་ནང་ཁུལ་གྱི་གཉེན་སྒྲིག་ལ་བཀག་འགོག་ནན་མོ་བྱས་ཡོད་པས། མི་སྤུས་མཐོར་འདེགས་ལ་ནུས་པ་གལ་ཆེན་པོ་ཐོན་བཞིན་པར་མ་ཟད། དེང་སྐབས་ཚན་རིག་པས་མི་རྒྱུད་ཐད་ནས་དཔག་གིན་པའི་གནད་དོན་མང་བོ་ཞིག་གི་སྔོན་འགོག་བོད་མི་ཚོས་གདོད་མ་ནས་ཤེས་ཟིན་པ་ལྟ་བུའི་ཁྱད་ཆོས་ལྡན་ཡོད་པའི་ཁར། བུ་ཕྲུག་སྟེ། ཕ་མ་གཉིས་འཛོམས་སམ་མའམ་ཕ་ལས་མེད་པ། ཡང་ན། གཞན་ནས་བླངས་ཏེ་གསོས་པ། ཕོ་མོ་དབྱེར་མེད་དུ་འདྲ་མཉམ་གྱི་ཐོབ་ཐང་ཡོད་ཅིང་། ལོ་ཆེ་བ་ནས་ཆུང་བ་རིམ་པ་ལྟར་ཁྱད་མེད་དུ་ཐོབ་འོས་པ་དང་རག་དགོས་པ་ཐ་དག་རག་གི་ཡོད།

གཉེན་སྒྲིག་ཐོབ་ཐང་བཙོན་མ་ལའང་ཤོར་གྱི་མི་འདུག དཔེར་ན། དུས་རབས་ཉི་ཤུ་བའི་ལོ་རབས་བཞི་བཅུ་བའི་མཇུག་ཏུ་བོད་གཞུང་གིས་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་ལ་མ་ཉེས་ཁག་གཡོགས་ཀྱིས་བཙོན་འཇུག་བྱས་ཡོད་ནའང་། ཁོང་ལ་བཙོན་ཁང་ནང་གཉེན་སྟོན་ནམ་རྟེན་འབྲེལ་ཆོ་ག་བྱེད་དུ་བཅུག་ཡོད་པའི་ལོ་རྒྱུས་ཀྱང་བྱུང་འདུག་པས། དེ་ནི་བོད་ཀྱི་སྤྱི་ཚོགས་སུ་བརྩེ་དུང་གི་འདྲ་མཉམ་ལ་བརྩི་འཇོག་ཡོད་པའི་མཚོན་དོན་ཞིག་ཏུ་ཏན་ཏན་ལྟ་ཆོག་པར་འདོད།

༢)  སྐྱོན་གྱི་ཕྱོགས།

(༡) མཐོ་དམན་དང་ཕྱོགས་ཞེན་གྱི་བཀག་རྒྱ།

མ་གཞི་བོད་མི་མང་ཆེ་བས་སངས་རྒྱས་ཆོས་ལུགས་ལ་དད་དམ་བརྟན་པོ་ཡོད་ཚུལ་བརྗོད་ཀྱིན་ཡོད། ཡིན་ནའང་། “རིགས་མི་གཙོ་རུས་མི་གཙོ་བསླབ་པ་གཙོ”སུས་གསུངས་པ་དང་ཅིའི་ཕྱིར་གསུངས་དགོས་པར་ཧ་གོ་མེད་པའམ། རྣ་རྒྱབ་ཏུ་གཡུགས་འདུག དེ་མ་གཏོགས་ཤ་ཟ་རྒྱུར་དགའ་བ་དང་གསེར་དངུལ་གྱི་རྒྱན་ཆར་མོས་པ་ཡོད་མཁན་རིགས་ཤིག་གིས་རིགས་རུས་མཐོ་དམན་བཤན་པ་དང་མགར་བ། ཤིང་བཟོ་སོགས་ཀྱི་སྟེང་ནས་དབྱེ་འབྱེད་ཀྱིན་པར་དགོད་བྲོ་བར་མ་ཟད། འགྲོ་བ་མིའི་རིགས་ཐུན་མོང་གི་ལྟ་གྲུབ་བམ། མི་ཚང་མ་སྐྱེ་བ་ནས་འདྲ་མཉམ་དུ་འདོད་པའི་སྤྱི་གཤིས་དེར་འགྲན་བསླངས་པ་ཞིག་ཀྱང་ཡིན། དོན་ལ“ཕ་བཟང་མ་བཟང་རང་ཡིན། བུ་རང་བཟང་རུས་པ་གསེར་ཡིན”ཞེས་པའི་ཁ་དཔེ་འདི་གཉེན་སྒྲིག་ལུགས་སྲོལ་ཁྲོད་དུ་དར་ཆ་ཞིག་ཏུ་ནམ་ཡང་བསྒྲེངས་འོས།

(༢) ངོ་ཚ་ལས་བརྒལ་བའི་རང་དབང་།

“རྒན་བཀུར་ཆུང་བྱམས་དང་ངོ་ཚ་ཁྲེལ་ཡོད” བོད་མིའི་སྤྱི་གཤིས་སུ་བརྗོད་ཀྱིན་པས། རང་དབང་མཐུན་འཇུག་ཁྲོད་དུ་ཕ་བུ་གཉིས་ཀྱིས་ཟླ་མོ་གཅིག་བརྟེན་པའམ། མ་སྨད་གཉིས་ཀྱིས་མག་པ་གཅིག་ལེན་སྲོལ་ཁ་ཤས་ཤིག་མཐོང་རྒྱུ་འདུག་པས། བོད་མིའི་སྤྱི་སྲོལ་ཕར་ཞོག་འགྲོ་བ་མིའི་རིགས་ཀྱི་གོམས་སྲོལ་གང་དུའང་སོར་འཇོག་བྱེད་ཐབས་མེད།

མཇུག་འཕྲོས་ཐོར་བུ།

འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་མདུན་ནས་མདུན་དུ་བསྐྱོད་ཀྱིན་པས། ཡུལ་སྲོལ་གོམས་གཤིས་ལའང་འགྱུར་བ་ཐེབས་ཀྱིན་པ་མངོན་གསལ་ཡིན། འོན་ཀྱང་། མི་རིགས་ཀུན་གྱི་ཤུལ་དངོས་ཐ་དག་གོ་ལའི་གྲོང་ཚོའི་སྤྱི་ནོར་ཡིན་པར་མ་ཟད། སྙིགས་དོར་བཅུད་སྤེལ་ལམ། མི་འདང་སར་ཁ་གསབ་རྒྱག་པ་ལས། མཐའ་གཅིག་ཏུ་གཞན་ལ་བསྒྱུར་བའམ། རྙིང་དོར་གསར་སྤེལ་གྱི་ཐལ་ཆེའི་བྱ་སྤྱོད་ལ་བཟོད་བསྲན་བྱ་ཐབས་མེད།

གཞན་བྱ་དངོས་གང་ལའང་དགེ་སྐྱོན་གཉིས་རེ་ཡོད་པའི་རྩ་བའི་ཆོས་ཉིད་ལ་བསམ་བློ་མི་འཁོར་བར་མཐོང་མ་མྱོང་བ་ཐམས་ཅད་གདོད་མའི་གོམས་སྲོལ་གྱི་ལྷག་འཕྲོར་ཁ་ཚོན་གཅོད་ཀྱིན་པའང་མ་རིག་པའི་ལྷད་སྐྱོན་ཏེ། “འཇིག་རྟེན་རྒུད་པ་ཇི་སྙེད་པ། དེ་ཡི་རྩ་བ་མ་རིག་པ”གསུངས་དོན་ཡང་གནད་དོན་འདི་རིགས་ལ་དམིགས་ཡོད་པར་གོར་མ་ཆག

དཔྱད་གཞིའི་ཡིག་ཆ།

[1]  ཁྲིན་ཤན་མེས་ཀྱི་དཔྱད་རྩོམ“བོད་རིགས་གཉེན་སྒྲིག་ཁྱིམ་གཞིས་ཀྱི་བདེ་ཐང་དང་འཕེལ་རྒྱས”(རྒྱ་ཡིག)  བོད་ལྗོངས་དྲ་རྒྱ།

[2]  རིག་འཛིན་བློ་གསལ་གྱི་དཔྱད་རྩོམ“ཁམས་ཁུལ་བོད་རིགས་ཁྲོད་ཀྱི་ཤུག་གཅིག་ཁྱོ་མང་རགས་གླེང” (རྒྱ་ཡིག)  བོད་ལྗོངས་དྲ་རྒྱ།

[3]  ནན་ཤི་ལའེ་ཝུན་གྱི་དཔྱད་རྩོམ“ཤུག་གཅིག་ཁྱོ་མང་ལམ་ལུགས་ཀྱི་གནས་ཚུལ”ནང་བཀོད་པའི“ཉིང་བའི་ཤུག་གཅིག་ཁྱོ་མང་གི་གཉེན་སྒྲིག” (རྒྱ་ཡིག)  བོད་ལྗོངས་མཐའ་མཚམས་ཀྱི་འབྲེལ་བ།

[4]  ལི་ཐོས་བསྒྱུར་བའི་“ཁྱིམ་གཞིས་འཚོ་བ་དང་མི་འབོར” (རྒྱ་ཡིག)  བོད་ལྗོངས་དྲ་བ།

[5]  ཀྲང་ཅན་ཧྲི་ཡི་དཔྱད་རྩོམ“ཁམས་ཁུལ་བོད་རིགས་ཤུག་གཅིག་ཁྱོ་མང་གི་ཁྱིམ་གཞིས” (རྒྱ་ཡིག)  བོད་ལྗོངས་དྲ་བ།

[6]  སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས་བརྩམས་པའི“བོད་ཀྱི་དུས་རབས་རིམ་བྱུང་གི་ལོ་རྒྱུས་རྒྱས་པར་བཤད་པ་བཀྲ་ཤིས་གཡང་བུམ།” ལས“ཡུལ་སྲོལ་གོམས་གཤིས་བམ་པོ།” (རྒྱ་ཡིག་གློག་དཔར་མ།)

[7]  ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་བརྩམས་པའི“བག་མ་ལ་དགེ་བའི་ལས་ཕྲན་བདུན་གྱི་ཆོ་ག་བཀྲ་ཤིས་དཔལ་སྐྱེད”(བོད་ཡིག)  གངས་ལྗོངས་ཉི་གཞོན་གྱི་དྲ་བ།

[8]    “འཛམ་གླིང་གེ་སར་རྒྱལ་བོའི་སྒྲུང་སྲིད་པ་ཆགས་ལུགས” མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ལོ།

[9]  རྒྱལ་དབང་ལྔ་བ་ཆེན་མོས་མཛད་པའི“དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས” པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གི་ལྕགས་པར་མ།

[10]   “བོད་ཀྱི་གཉེན་སྟོན་མཛད་སྒོ” (བོད་ཡིག)  གངས་ལྗོངས་ཉི་གཞོན་གྱི་དྲ་བ།

ཕྱི་ལོ ༢༠༠༡ལོའི“ནོར་མཛོད”འདོན་ཐེངས་གཉིས་པར་བཀོད།
ཕྱི་ལོ ༢༠༢༢ལོའི་ཟླ ༡ཚེས ༡༩ནས་༢༢ཉིན་བར་ཕབ་བཤུས་དང་བཅོས་འཕྲི་བྱས།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།