ཞང་ཞུང་ནས་རྙེད་པའི་ཞལ་འབག་སེར་པོ་དང་བོན་ལུགས་འདས་མཆོད་ཀྱི་ཆོ་གའི་རྟེན་ལྔ་སྐོར་གླེང་བ།1
གཡང་འབུམ་ཚེ་རིང་དང་གཡུང་དྲུང་དོན་གྲུབ་གཉིས་ཀྱིས་བོད་ཡིག་ཏུ་བསྒྱུར།
[ནང་དོན་གནད་བསྡུས] དཔྱད་རྩོམ་འདིའི་ནང་དུ་བོད་ལྗོངས་ནུབ་ཕྱོགས་ཀྱི་མངའ་རིས་གུར་གྱིམ་དགོན་པའི་ཉེ་འཁོར་རམ་བོན་ལུགས་ཀྱི་སྲོལ་རྒྱུན་ནང་དུ་ཞང་ཞུང་ཁྱུང་ལུང་དངུལ་མཁར་ཞེས་འབོད་པའི་ཡུལ་དེ་ནས་རྙེད་པའི་བང་སོའི་ཁྲོད་ཀྱི་ཞལ་འབག་སེར་པོ་དེ་ཉིད་ཏུན་ཧོང་ཡིག་ཚང་དང་བོན་ལུགས་ཀྱི་ཡིག་ཆའི་ཁྲོད་ཀྱི་ནང་དོན་རྣམས་དང་བསྡུར་ཏེ། གནའ་དཔྱད་མཁས་པ་ཚོས་ཞང་ཞུང་ནས་རྙེད་པའི་ཞལ་འབག་སེར་པོ་དེའི་རིག་གནས་ཀྱི་རྒྱབ་ལྗོངས་བོན་ལུགས་འདས་མཆོད་ཆོ་གའི་ཁྲོད་ཀྱི་རྟེན་ལྔའི་སྐོར་ལ་འབྲེལ་བ་ཡོད་པའི་ལྟ་ཚུལ་བཏོན་ཡོད།
[བརྡ་ཆད་གཙོ་བོ] ཞང་ཞུང་། ཞལ་འབག་སེར་པོ། བོན་ལུགས་འདས་མཆོད་ཆོ་ག རྟེན་ལྔ།
གླེང་གཞི།
སྤྱི་ལོ2010ལོར་གུར་གྱིམ་དགོན་པའི་གྲྭ་བཙུན་རྣམས་པས་སྟེས་དབང་གིས་བང་སོ་ཞིག་གི་གཡས་གཡོན་དུ་ཉར་ཚགས་བྱས་པ་ཤིན་ཏུ་ལེགས་པའི་དར་གོས་ཤིག་རྙེད་པ་དང་། ད་དུང་བང་སོའི་ཉེ་འཁོར་དུ་རིག་དངོས་གཞན་དག་ཀྱང་རྙེད་པ་རེད། གསར་རྙེད་འདིས་གནའ་དཔྱད་མཁས་པ་ཚོའི་ཡིད་ངོར་འཆར་སྣང་སྣ་ཚོགས་བསྐྲུན།
2012ལོར་རྒྱ་རིགས་གནའ་དཔྱད་མཁས་པ་ཚོས་གོང་གི་བང་སོ་དེ་དང་ཐག་མི་རིང་བའི་སར་བང་སོ་གཞན་ཞིག་སྔོག་འདོན་བྱེད་པའི་གོ་རིམ་ཁྲོད་དུ་ཞལ་འབག་སེར་པོ་དེ་རྙེད་པར་གྱུར། བོན་པོའི་གུར་གྱིམ་དགོན་པ་ནི་བོད་རང་སྐྱོང་ལྗོངས་ཀྱི་ནུབ་ཕྱོགས་མངའ་རིས་ས་ཁུལ་གྱི་རྩ་མདའ་རྫོང་གི་ཁོངས་སུ་གནས་ཤིང་། གསར་རྙེད་འདི་ལ་འཛམ་གླིང་ཐོག་གི་ཆེས་མཐོ་བའི་གནའ་དཔྱད་སྔོག་འདོན་ཞིག་ཅེས་ཞིབ་བརྗོད་བྱས་ཡོད་པ་དང་། གནའ་དཔྱད་མཁས་པ་ཚོས་གསར་རྙེད་འདི་ལ་ལོ་ངོ་1800ཡི་ལོ་རྒྱུས་ལྡན་པ་དང་སྤྱི་ལོ་དུས་རབས3པའི་སྐབས་ཀྱི་རིག་དངོས་ཡིན་པར་ཡིད་ཆེས་བྱེད་པ་རེད། ཞལ་འབག་སེར་པོ་དེ་ནི་དབྱིབས་གྲུ་བཞི་ཁ་གང་མ་ཞིག་ཡིན་པ་དང་། ཆ་ཚད་ནི་ལིའི་རྨིད4×4ལྟར་ཡིན་ལ། དེའི་ཞིབ་ཕྲའི་ཁྱད་ཆོས་ནི་གཤམ་གསལ་ལྟར་ཏེ། “མིག་ཟུང་དང་ར། ཁ་བཅས་ལ་ཚོན་མདོག་ནག་པོ་དང་དམར་པོ་བྱུགས་ཤིང་། ཞལ་འབག་ཉེ་འཁོར་གྱི་བུ་ག་དག་ལ་འབུར་དོད་དེ་ངོས་སྙོམས་པོ་མིན་པ་དང་། ཐོག་མར་དར་གོས་ཀྱི་སྟེང་དུ་བཙེམས་འདུག”བང་སོའི་ཁྲོད་ཀྱི་ཞལ་འབག་དེ་གལ་ཆེན་ཡིན་པའི་སྐོར་ལ་གནའ་དཔྱད་རིག་པའི་ཆེད་མཁས་པ་ཐུང་ཐའོ(仝涛)་ཡིས་འདི་ལྟར་བརྗོད་ཡོད་དེ། “ང་ཚོས་ཞལ་འབག་སེར་པོ་དེའི་དམིགས་ཡུལ་དང་སྤྱོད་སྒོ་གསལ་བོ་ཞིག་རྟོགས་མི་ཐུབ། འོན་ཀྱང་ང་ཚོས་ཚོད་དཔག་ལྟར་ན་ཆེས་རྩ་བའི་བྱེད་ནུས་ནི་གཤིན་པོ་ལ་མཛེས་བཟོ་བྱེད་པ་ཡིན་པར་འདོད།”2
གང་ལྟར་ཀྱང་། གུར་གྱིམ་དགོན་པ་རུ་བང་སོའི་ཁྲོད་ནས་ཞལ་འབག་སེར་པོ་རྙེད་པ་འདི་ནི་ཐེངས་དང་པོ་མིན་ཏེ། སྤྱི་ལོ2009ལོར་མིའི་ངོ་གདོང་གི་ཆེ་ཆུང་ཙམ་གྱི་ཞལ་འབག་སེར་པོ་ཞིག་མངའ་རིས་རྩ་མདའ་རྫོང་གི་ཆུ་མདའི་བང་སོ་རུ་རྙེད་ཅིང་། དེ་དང་ཆབས་ཅིག་གཞན་དར་གོས་དང་ཟངས་ཀྱི་མེ་ལོང་། གཟི་དང་སོ་མང་། ལག་གདུབ་སོགས་ཀྱང་རྙེད་པ་རེད། རིག་དངོས་འདི་དག་རྙེད་པ་ནི་སྟེས་དབང་ཞིག་མ་ཡིན་ཏེ། ང་ཚོས་གཤམ་དུ་རྟོགས་ཡོང་བ་ལྟར་འདི་ལ་ཆོ་གའི་དོན་སྙིང་ངེས་ཅན་ཞིག་ལྡན་པ་ཡིན། གསར་རྙེད་འདིའི་ཁྲོད་དུ་མེ་ལོང་དང་ལག་གདུབ། སོ་མང་དང་གཟི་སོགས་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་ཆེད་མཁས་པས་དེ་ནི་བུད་མེད་ཅིག་གི་བང་སོ་ཡིན་པར་ངོས་འཛིན་བྱས་པ་རེད།
བོན་ལུགས་ཀྱི་སྲོལ་རྒྱུན་ཁྲོད་དུ་བང་སོ་རྙེད་སའི་ས་ཆ་དེའི་མིང་ལ་ཁྱུང་ལུང་ཞེས་འབོད། དེ་ནི་ཞང་ཞུང་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན་པར་ངོས་འཛིན་ལ། དེའི་མངའ་ཁོངས་ནི་གངས་ཏི་སེ་ལྟེ་བ་ཡིན་པའི་མཐའ་འཁོར་གྱི་ཡུལ་གྲུ་རྒྱ་ཆེན་པོ་ཞིག་ལ་གོ་བ་ཡིན་ཞིང་། རི་བོ་གངས་ཏི་སེ་ནི་བོན་གྱི་ཆོས་ལུགས་དང་ཐུབ་བསྟན་ཆོས་ལུགས། ཧིན་རྡུ་ཆོས་ལུགས་བཅས་ཀྱི་གནས་རི་ཁྱད་དུ་འཕགས་པ་ཞིག་ལ་ངོས་འཛིན་པ་ཡིན། ཁྱུང་ལུང་དུ་རྒྱལ་བོའི་ཕོ་བྲང་འདི་ལ་ཁྱུང་ལུང་དངུལ་མཁར་ཞེས་འབོད། དུས་རབས་བདུན་པའི་ནང་གི་ཞང་ཞུང་རྒྱལ་བོ་ལིག་མྱི་རྷྱ་ནི་བཙན་པོ་སྲོང་བཙན་སྒམ་པོ(འདས་ལོ649)དང་དུས་མཉམ་པ་ཡིན།
ཞང་ཞུང་ཁྱུང་ལུང་དངུལ་མཁར་ནི་སྲོང་བཙན་སྒམ་པོའི་སྲིང་མོ་སད་མོ་ཀར་གྱི་བཞུགས་གནས་ཡིན་པར་བཞེད། འོན་ཀྱང་བཙན་པོའི་ཕོ་ཉ་སྤུག་གྱིམ་བཙན་རྨང་ཅུང་ཁོ་མོར་མཇལ་དུ་ཡོང་བ་དང་། ཁོ་མོས་སྐྱོ་མགུར་མིང་གྲགས་ཅན་དེ་སྤུག་གྱིམ་བཙན་རྨང་ཅུང་ལ་གཏོང་བའི་དུས་དེར་མ་པང་མཚོ་ཁ་རུ་བཞུགས་ལ། ཁོ་མོའི་མགུར་གྱི་ནང་དོན་ནི་ཞང་ཞུང་རྒྱལ་བོ་དང་གཉེན་སྒྲིག་གི་འབྲེལ་བ་མི་ལེགས་པའི་སྐོར་ཡིན། བཙན་པོའི་ཕོ་ཉ་ནི་བཙན་པོས་ཆེད་དུ་སད་མ་ཀར་གྱི་སྐྱིད་སྡུག་ལ་རྟོག་ཞིབ་བྱེད་དུ་བཏང་བ་ཞིག་རེད། བཙན་པོའི་ཕོ་ཉ་ཕྱིར་ལོག་རྗེས། ཁོས་སད་མ་ཀར་གྱིས་བསྐུར་བའི་མགུར་ཆུང་དེ་བཙན་པོར་བརྗོད་ཅིང་། ད་རུང་མགུར་ཆུང་ཞིག་ལས་དམིགས་བསལ་གྱི་ཡི་གེ་གཞན་ནི་མེད་པར་བརྗོད་འདུག3 མགུར་ཆུང་དེ་ལས་ང་ཚོས་ཤེས་ཐུབ་པ་ནི་གཉེན་འབྲེལ་ཐེངས་དེ་ནི་ཆབ་སྲིད་གཉེན་སྒྲིག་གི་ཐབས་ལམ་ཞིག་ཡིན་པས་བུ་སྲིད་མ་སྐྱེས་པ་རེད། འདི་ཡིས་སད་མ་ཀར་གྱི་གཉེན་སྒྲིག་ལ་སྐྱིད་པོ་མ་བྱུང་བ་དེས་མཇུག་མཐར་སྤྱི་ལོ643ལོར་བོད་བཙན་པོས་ཞང་ཞུང་ལ་དམག་དྲངས་པ་རེད།4 ཁོ་མོས་མགུར་དེའི་ནང་དུ་ཕོ་བྲང་དང་བཟའ་བཏུང་། ཁྱིམ་གྱི་སྒོ་ཕྱུགས་དང་གཡོག་པོ་སོགས་ལ་འཁང་ར་བྱས་ཡོད་པར་མ་ཟད། དེ་རྣམས་སྤྱོད་པ་རྩིང་པོ་དང་གུས་ཞབས་མེད་པ་བསྟན་ཡོད། ལོ་རྒྱུས་དོན་ཆེན་གནད་བསྡུས(p.t.1287)ཞེས་པ་ལས་བསྟན་དོན་ལྟར་ན། ཞང་ཞུང་གི་མི་སྡེ་ནི་ད་ལྟ་གཉེན་དུ་བསྡེབས་ཡོད་རུང་ཕན་ཚུན་ལ་འཐབ་ཀྱང་ཆོག་བྱས་པ་དེ་རེད། (གཉེན་གྱི་ཡང་ངོ་། འཐབས་ཀྱི་ཡང་ངོ་།)5 ལོ་རྒྱུས་དོན་ཆེན་གནད་བསྡུས་ཞེས་པ་རུ་ཞང་ཞུང་ནི་གཉེན་ཞང་ཞུང་ཞེས་བྲིས་ཡོད་ཅིང་། འདི་ཡིས་བོད་ཀྱི་བཙན་པོ་དང་ཞང་ཞུང་རྒྱལ་བོ་གཉིས་ཀྱི་བར་དུ་ཁྲག་རྒྱུད་ཀྱི་འབྲེལ་བ་ཡོད་པ་ཤུགས་སུ་བསྟན་འདུག6 བོད་བཙན་པོའི་རྒྱལ་ཁབ་གཅིག་གྱུར་མཛད་རྗེས། བོད་ནུབ་ཕྱོགས་ཀྱི་མངའ་ཁོངས་ཡོངས་ཀྱི་མིང་ལ་མངའ་རིས་ཞེས་ཐོགས་ཤིང་། དོན་ནི་རྒྱལ་བོའི་མངའ་ཁོངས་སུ་ཚུད་པར་གོ། སྤྱི་ལོ653ལོར། བཙན་པོའི་ཕོ་ཉའམ་ཆེད་མངགས་པ་སྤུག་གྱིམ་བཙན་རྨང་ཅུང་ནི་སྲིད་གཞུང་གི་དཔོན་པོ་ཞིག་གམ། ཡང་ན་དབང་བསྒྱུར་བ་དང་དེ་དང་འདྲ་བའི་གོ་གནས་ཅན་གྱི་མི་སྣ་ཞིག་ཡིན་སྲིད།7 ལོ་རྒྱུས་དེབ་ཐེར་གྱི་ནང་དུ་སྤྱི་ལོ662ནས675ལོའི་བར་ནི་མངའ་ཁོངས་སྒྲིག་སྲོལ་ལ་བཅོས་བསྒྱུར་མཛད་པའི་ལོ་ལ་རྟགས་བཏབ་པ་ཡིན།8 གང་ལྟར་ཀྱང་། སྤྱི་ལོ677ལོར་ཞང་ཞུང་ནི་བོད་བཙན་པོར་ངོ་ལོག་ཡོད་པ་དང་།9 མངའ་ཁོངས་དེ་ཉིད་སྤྱི་ལོ719ལོར་ཕྱིར་བོད་བཙན་པོའི་ཆབ་འོག་ཏུ་བཅུག་འདུག10 སྤྱི་ལོ724ལོར་བོད་བཙན་པོས་ཞང་ཞུང་ལ་དབང་བསྒྱུར་མཛད་པར་འགྱུར་བ་གཞན་ཞིག་ཐེབས་འདུག་པ་ལས། འདི་ནི་ལོ་རྒྱུས་དེབ་ཐེར་གྱི་ཁྲོད་དུ་ཞང་ཞུང་གླེང་ཐེངས་ཆེས་མཐའ་མ་དེའང་ཡིན། བོན་ལུགས་ཀྱི་ལོ་རྒྱུས་ནང་དུའང་དབང་བསྒྱུར་གྱི་སྐོར་ལ་འགྲེལ་བརྗོད་བྱས་པ་ཞིག་ཡོད་དེ། དེ་ཡང་བོན་གྱི་ཆོས་གཞུང་གི་ཞང་ཞུང་སྙན་བརྒྱུད་བོད་ནས་མ་བསྣུབས་པར་ལྷག་ཡོད་པའི་རྒྱུ་མཚན་ཞིག་བཀོད་ཡོད།11 ཁྱུང་ལུང་དངུལ་མཁར་ནི་བོན་གྱི་མཁས་ཆེན་དྲན་པ་ནམ་མཁའི་འཁྲུངས་གནས་ཡིན་པར་བཞེད་པ་དང་། བོན་གྱི་ལོ་རྒྱུས་བསྟན་བཅོས་དང་ཏུན་ཧོང་གི་ཡིག་ཆ་སོགས་ཀྱི་ནང་དུ་ཡུལ་གྲུ་འདིའི་སྐོར་ཡི་གེར་བཀོད་པ་ཤིན་ཏུ་ཉུང་ངོ་། །
བོན་ལུགས་འདས་མཆོད་ཆོ་གའི་ཁྲོད་ཀྱི་རི་མོ་དང་དེ་དག་གི་བྱེད་ནུས།
མངའ་རིས་ཀྱི་བང་སོའི་ཁྲོད་དུ་རྙེད་པའི་ཞལ་འབག་སེར་པོ་དང་རིག་དངོས་གཞན་དག་གིས་གནའ་བོའི་འདས་མཆོད་ཀྱི་ཆོ་གའི་ཁྲོད་དུ་ནུས་པ་གལ་ཆེན་ཐོན་བཞིན་ཡོད་དེ། ཏུན་ཧོང་ཡིག་ཆ་དང་ཕྱིས་ཀྱི་བོན་གྱི་བསྟན་བཅོས་སོགས་ཀྱི་ནང་དུ<<མུ་ཆོ་ཁྲོམ་འདུར>>དང<<དུ་ཏྲི་སུའི་སྒྲིབ་སྦྱོང>>ཞེས་པའི་འབྲེལ་ཡོད་ཡིག་ཆ་གཉིས་ཐོན་ཡོད་པ་གཤམ་དུ་གླེང་བར་བྱ།
ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའིP.T.1042ནི་གནད་དོན་འདི་དང་འབྲེལ་བ་ཆེན་པོ་ཡོད། མར་སེལ་ལྷ་ཀླུ(Marcelle Lalou)ཡིས་དེ་ཉིད་ལ་ཞིབ་འཇུག་བྱས་ཏེ་ཧྥ་རན་སིའི་སྐད་དུ་བསྒྱུར་ནས་མཆན་འགྲེལ་ཡང་བཏབ་ཡོད་དེ། རྩོམ་དེའི་ཁ་བྱང་ལ<<བཙན་པོའི་འདས་མཆོད་ཁྲོད་ཀྱི་བོན་པོའི་ཆོ་ག>>ཞེས་བཏགས་ཤིང་སྤྱི་ལོ1953ལོར་པར་སྐྲུན་བྱས་ཡོད།12 ཏུན་ཧོང་ཡིག་ཆར་འགྲེལ་བརྗོད་དཀའ་བའི་གནས་བབ་ལ་གཞིགས་ན་འདི་ནི་དངོས་གནས་གསར་གཏོད་རང་བཞིན་ལྡན་པའི་ལས་ཀ་ཞིག་ཏུ་མཐོང་། P.T.1042ནི་ནང་དོན་ཕལ་ཆེར་ཆ་ཚང་ཞིང་ཤིན་ཏུ་དཀོན་པའི་ཏུན་ཧོང་ཡིག་ཆའི་གྲས་ཀྱི་གཅིག་ཡིན་པ་དང་། ཤོག་དྲིལ་གྱི་མགོའི་ཐིག་ཕྲེང་རེ་གཉིས་ཤིག་མི་འདུག འོན་ཀྱང་ཡིག་ཆ་འདིས་འདས་མཆོད་ཀྱི་ཆོ་གའི་གོ་རིམ་ལ་དོ་སྣང་མཛད་འདུག་པ་དང་། དེའི་སྒྲིག་རིམ་ནི་ཐོག་མར་རྒྱལ་བོ་དང་དེའི་འཕྲོར་བློན་པོ་དང་དཔོན་རིགས། མཐའ་མ་དེ་འབངས་ཕལ་བ་ཡིན་པ་རེད། བང་སོའི་ནང་དུ་བཅུག་པའི་རིག་དངོས་རྣམས་ལ་དེ་ལས་ཀྱང་དོན་སྙིང་ངེས་ཅན་ལྡན་ཏེ། འདི་རུ་ང་ཚོའི་དཔྱད་རྩོམ་འདིའི་བརྗོད་གཞི་དང་འབྲེལ་ཞིང་འཚམ་པའི་ནང་དོན་འགའ་ལུང་དྲངས་ན། (ཤོག་གྲངས344ངོས་ཀྱི་ཐིག་ཕྲེང་30ཐོག་ཏུ།)
“དེའི་འོག་ཏུ་བཟོ་རིག /དེའི་འོག་ཏུ་ནམ་ཀ/ དེའི་འོག་ཏུ་སྨྲ་ཞལ/ དེའི་འོག་ཏུ་ཞལ་དང་སྐུ་རྟེན/ ”ཞེས་འཁོད་འདུག མར་སེལ་ལྷ་ཀླུ (Marcelle Lalou)ཡིས་ཐིག་ཕྲེང་འདི་ཉིད་ཧྥ་རན་སིའི་སྐད་དུ་བསྒྱུར་ཡོད་པ་དང་། (ཤོག་གྲངས351) དེ་དག་ལས་བརྡ་ཆད“བཟོ་རིག”ཞེས་པ་ནི་ཅི་ཞིག་ཡིན་པ་ད་རུང་གསལ་བོ་ཞིག་ཤེས་མེད། “ནམ་ཀ”ཞེས་པའི་བརྡ་ཆད་དེའི་དེང་རབས་ཀྱི་ཀློག་སྟངས་ལྟར་ན“ནམ་མཁའ”སྟེ་དེ་ལ་ཕྱིས་ཀྱི་བོན་གྱི་གཞུང་ལུགས་ཁྲོད་དུ་སྐུད་པ་སྣ་ཚོགས་སྐྱ་བསྒྲིལ་ཏེ་བཟོས་པའི་མཚོན་དོན་ཞིག་ཡོད་ལ། ད་ལྟའི་འདས་མཆོད་ཀྱི་ཆོ་གའི་ཁྲོད་དུའང་བེད་སྤྱོད་གཏོང་བཞིན་ཡོད། དེ་ནི་དབྱིབས་དང་ཁ་དོག་མི་འདྲ་བའི་སྐུད་པ་སྣ་ཚོགས་སྐྱ་བསྒྲིལ་བའི་སྒྲིག་གཞི་ཅན་ཞིག་ཡིན་ལ། མཚོན་དོན་ལ་གཉིས་ཡོད་དེ་བླ་སྲོག་དང་གཤིན་པོའི་རྣམ་ཤེས་སོ། །
ཏུན་ཧོང་ཡིག་ཆའི་ཁྲོད་དུ་བྱུང་བའི“སྨྲ་ཞལ”ཞེས་པའི་བརྡ་ཆད་དེས་ནི་ཕལ་ཆེར་ཞལ་འབག་རིགས་ཤིག་སྟོན་བཞིན་ཡོད་པ་དང་། དེ་ནི“སྨྲ་ཤེས་ཞལ”ཞེས་པ་དང་འབྲེལ་བ་ཡོད་པ་བོན་གྱི་དཔེ་ཆ<<མུ་ཆོ་ཁྲོམ་འདུར>>ཞེས་པ་ཡིས་ར་སྤྲོད་བྱེད་ཐུབ།13 ཞིབ་འཇུག་པ་མར་སེལ་ལྷ་ཀླུ (Marcelle Lalou)ཡིས་ཚིག་དུམ“ཞལ་དང་སྐུ་རྟེན”ཞེས་པ་འདི་ཉིད་དོན་རྐྱང་བ་ཞིག་ཏུ་ངོས་བཟུང་སྟེ་“འདྲ་སྐུ”ཞེས་པར་བསྒྱུར་འདུག་པ་དང་། ཁོང་མོས་དེ་དངོས་པོ་ཞིག་དང་འདྲ་བའི་ཆ་ཡོད་ལ་ཕལ་ཆེར་གཤིན་པོ་དང་འབྲེལ་བ་ཡོད་པའི་ལྟ་བ་ནི་འགྲིག་པར་འདོད། གང་ལྟར་ཀྱང་། ཚིག་དུམ“ཞལ་དང་སྐུ་རྟེན”ཞེས་པར་མཚོན་དོན་གཉིས་ཡོད་པ་ལས་གཅིག་མིན་ཏེ། འདི་རུ་རང་གི་བསམ་ཚུལ་ལ་བརྡ་ཆད“ཞལ”ཞེས་པས“འདྲ་བརྙན”ནམ་“འདྲ་འབག”ཅེས་པའི་དོན་བསྟན་ཡོད་པ་དང་། དེ་ནི་གཤིན་པོ་ཞེས་པ་དང་འདྲ་བའི་ཆ་ཡོད་ལ། བརྡ་ཆད“སྐུ་རྟེན”ཞེས་པ་ནི་གཤིན་པོའི་རྣམ་ཤེས་གནས་བྱེད་ཀྱི་ལུས་པོའི་རྟེན་ལ་གོ་བ་ཡིན། ཡང་གཅིག་བཤད་ན“ཞལ”ཞེས་པའི་བརྡ་ཆད་དེ་ནི་འདི་རུ་དངོས་པོའི་འཇུག་ཡུལ་ཞིག་ལ་གོ་བ་དང་། གཤིན་པོའི་ངོ་གདོང་དང་འདྲ་བའི་ཆ་ཡོད་ལ། འཇུག་ཡུལ་འདི་ཡང་ཁོ་དང་ཁོ་མོའི་རྣམ་ཤེས་གནས་བྱེད་ཀྱི་རྟེན་ཡིན་པ་རེད། འདི་ལྟ་བུའི་གནས་ཚུལ་ནི་ཕྱིས་ཀྱི་བོན་པོའི་འདས་མཆོད་སྐོར་གྱི་དཔེ་ཆའི་ནང་གསལ་བོ་མཐོང་ཡོང་བ་གཤམ་དུ་རྟོགས་ཐུབ།
རྟེན་ལྔའི་རྣམ་ཤེས་ཀྱི་སྐོར།
བོན་ལུགས་འདས་མཆོད་ཀྱི་ཆོ་གའི་ཁྲོད་དུ་བྱང་གཟུགས་ཟེར་བ་ཞིག་ཡོད། དེ་ནི་ཆོ་ག་དེའི་མཚོན་རྟགས་ལྟ་བུར་གྱུར་ཡོད་པ་དང་། དེའི་ནང་དོན་གཙོ་བོ་ནི་དོན་ཚན་ལྔ་ཡིས་གྲུབ་ཡོད་དེ། “གསེར་ཞལ་སེར་པོ་སྐུའི་རྟེན། མཚན་བྱང་སྐྱ་བོ་གསུང་གི་རྟེན། ན་བཟའི་དྲི་མ་ལུས་ཀྱི་རྟེན། སྨྱུག་རྒོད་ཚིགས་གསུམ་སྲོག་གི་རྟེན། གསལ་བའི་མེ་ལོང་ཡིད་ཀྱི་རྟེན། རྟེན་ལྔ་རྟེན་ལ་རྟེན་ཆོས་ལ། ”14
འདི་རུ་གླེང་བཞིན་པའི“ལུས”ནི་རྣམ་ཤེས་ཀྱི་ལུས་ལ་གོ་བ་ལས་གཤིན་པོའི་ལུས་དེར་གོ་བ་མིན། མི་རྣམས་ཀྱི་བསམ་པར་རྣམ་ཤེས་ལ་ལུས་པོ་ཡོད་པ་ཇི་བཞིན་སྡུག་བསྔལ་དང་དགའ་སྤྲོའི་སྣང་བའང་མྱོང་ཐུབ་པར་འདོད། སྤྱིར་བཏང་གི་གནས་ཚུལ་འོག་ཏུ་དེ་ནི་གཟུགས་མེད་ཅིག་ཏུ་ལྟ་བ་ཡིན།
འདས་མཆོད་ཀྱི་ཡིག་ཆ<<དུ་ཏྲི་སུའི་སྒྲིབ་སྦྱོང>>ཞེས་པའི་ནང་དུ་ཚིག་དུམ་གསེར་ཞལ་སེར་པོ་ཡིས་རྒྱུན་པར་རྟེན་དང་པོ་དེ་ཤུགས་སུ་སྟོན་པ་དང་། ཡ་མཚར་བ་ཞིག་ལ་དོན་ངོ་མར་དེ་ཅི་ཞིག་ཡིན་པར་འགྲེལ་བཤད་གང་ཡང་བརྒྱབ་མེད། གང་ལྟར་ཀྱང<<མུ་ཆོ་ཁྲོམ་འདུར>>15ཞེས་པའི་ཡིག་ཆ་གཞིར་བཟུང་ནས་བཤད་ན། གསེར་ཞལ་སེར་པོ་ནི“བྱང་གཟུགས”ཞེས་པའི་གྲུབ་ཆ་ཞིག་ཡིན་པ་དང་། གོང་དུ་མཐོང་བ་ལྟར་དམིགས་གསལ“ནམ་མཁའི”་མིང་ཡིན་པ་རེད། འདིར་ཐེ་ཚོམ་དང་བྲལ་ཏེ་སྨྲས་ཆོག་པ་ཞིག་ནི་ཏུན་ཧོང་ཡིག་ཆའི་ཁྲོད་ཀྱི་ཚིག་དུམ“ཞལ་དང་སྐུ་རྟེན”ཞེས་པ་དང་ཕྱིས་ཀྱི་བོན་གཞུང་ལས“གསེར་ཞལ་སེར་པོ་སྐུ་ཡི་རྟེན”ཞེས་པ་གཉིས་ལ་འབྲེལ་བ་གལ་ཆེན་ཡོད་པ་དེ་རེད། དེའི་རྐྱེན་གྱིས་ཡིག་ཆ་འདི་གཉིས་ཀྱིས་གླེང་བཞིན་པ་ནི་དངོས་པོ་གཅིག་ཡིན་པར་སྙམ་སྟེ། དཔེར་ན་བང་སོའི་ཁྲོད་དུ་རྙེད་པའི་ཞལ་འབག་སེར་པོ་ལྟ་བུ། སྤྱི་བསྡོམས་ཤིག་བྱས་ན་གོང་གི་ཡིག་ཆ་དེ་དག་ལས་ནམ་མཁའ་དང་འབྲེལ་ཡོད་གླེང་གཞི་ལས། ཏུན་ཧོང་ཡིག་ཆའི་ཁྲོད་ཀྱི་ཐ་སྙད“ནམ་ཀ”/“ནམ་མཁའ”ཞེས་པ་ནི“ཞལ”དང་འབྲེལ་མེད་ཅིག་ཡིན་པ་དང་། (དེ་རྣམས་སོ་སོར་ནམ་ཀ་དང་དེ་ནས་སྨྲ་ཞལ་ཞེས་བྲིས་འདུག)ཕྱིས་ཀྱི་བོན་གྱི་ཡིག་ཆ<<མུ་ཆོ་ཁྲོམ་འདུར>>ཞེས་པའི་ཁྲོད་ཀྱི་ཚིག་དུམ“གསེར་ཞལ་སེར་པོ”ཞེས་པ་ལ“ནམ་མཁའི”་རིགས་ཤིག་གི་གོ་བ་ཡོད་པ་ཡིན།
ཡང་གཅིག་བཤད་ན། ཞལ་འབག་སེར་པོ་ནི་གཤིན་པོའི་ངོ་གདོང་གི་སྣང་བརྙན་ཡིན་སྲིད་པ་དང་། འདས་མཆོད་ཀྱི་ཆོ་གའི་ཁྲོད་དུ་གཤིན་པོའི་རྣམ་ཤེས་གནས་བྱེད་ཀྱི་རྟེན་གྱི་མཚོན་དོན་ལྟ་བུ་ཡིན་པ་རེད། དེའི་ཕྱིར། འདི་ཡིས་ཕལ་ཆེར་བོད་ཀྱི་བང་སོའི་ཁྲོད་དུ་བྱུང་བའི་ཞལ་འབག་སེར་པོའི་གནས་རྐྱེན་ལ་འགྲེལ་བཤད་བྱེད་ཐུབ་སྙམ། གསེར་ཞལ་སེར་པོ་རྣམ་ཤེས་ཀྱི་རྟེན་ལ་འཇོག་དོན་ནི་གསེར་ཞལ་སེར་པོ་དེ་གཤིན་པོའི་བེམ་པོར་བསྟན་པ་བརྒྱུད་དེ་རྣམ་ཤེས་ཚུར་འགུགས་པའི་དོན་ཡིན་པར་འདོད་དེ། འདས་མཆོད་ཀྱི་ཆོ་ག་སྒྲུབ་མཁན་དེས་གཤིན་པོའི་རྣམ་ཤེས་ལྷ་ཡུལ་ལྟ་བུའི་དག་ཞིང་གཞན་ཞིག་ལ་འདྲེན་པ་ཡིན། ཏུན་ཧོང་ཡིག་ཆ་དང་ཕྱིས་ཀྱི་བོན་པོའི་འདས་མཆོད་ཀྱི་ཆོ་གའི་ཁྲོད་དུ་གནའ་དཔྱད་མཁས་པ་ཚོས་བཤད་པ་ནང་བཞིན་གྱི་“གཤིན་པོར་མཛེས་བཟོ་བྱེད་པ”ལྟ་བུའི་ནང་དོན་དང་འབྲེལ་བའི་མཚན་ཉིད་ཅིག་མེད་མོད། འོན་ཀྱང་འདི་ལྟའི་ལུགས་སྲོལ་ཀྱང་རིག་གནས་གཞན་དག་གི་ཁྲོད་དུ་ཡོད་སྲིད་པ་ཞིག་གོ རྟེན་གཉིས་པ་དེ་ལ་མཚན་བྱང་སྐྱ་བོ་ཞེས་ཟེར་ཞིང་། དོན་ནི་གཤིན་པོའི་མཚན་བྱང་སྟོན་པ་ཡིན།
དབུས་ཀྱི་མི་སྣའི་བརྙན་དེ་ཡིས་གཤིན་པོ་མཚོན་པ་དང་མཐའ་འཁོར་དུ་སྔགས་ཡིག་སྣ་ཚོགས་བཀོད་ཡོད། རྟེན་གསུམ་པ་ནི་གཤིན་པོའི་གྱོན་གོས་ཡིན་ཞིང་། དེ་ནི་རྒྱུན་པར་གཤིན་པོའི་རྣམ་ཤེས་འགུགས་པར་སྤྱོད་པ་དང་བྱང་གཟུགས་ཞེས་པའི་འདྲ་པར་འདིའི་ནང་དུ་དེ་ཉིད་བོར་སྟོར་བྱུང་འདུག རྟེན་བཞི་པ་ནི་རྒྱུན་ལྡན་གྱི་གནས་ཚུལ་འོག་ཏུ་སྨྱུག་མའི་བེར་ཀས་བཟོས་པ་དང་དེ་ལ་ཚིགས་གསུམ་ཡོད་ཅིང་། དེ་ཡིས་གཤིན་པོ་གསོན་པའི་དུས་ཀྱི་ཚེ་སྲོག་མཚོན་པ་དང་། འདིར་འདྲ་པར་གྱི་སྟེང་དུ་མཚན་བྱང་གི་སྐྱོར་མར་བཞག་ཡོད། རྟེན་ལྔ་པ་ནི་མེ་ལོང་ཞིག་ཡིན་པ་དང་། དེ་ཡིས་གཤིན་པོའི་སེམས་དང་ཡིད་མཚོན་པ་ཡིན།16 བྱང་གཟུགས་གྲུབ་བྱེད་ཀྱི་རྟེན་ལྔ་ལས་ད་རུང་རིག་དངོས་གཞན་དག་ཡོད་པ་ནི་གཡུ་དང་གཟི་ལྟ་བུ།17 གོང་དུ་སྨྲས་ཟིན་པ་ལྟར་གནའ་དཔྱད་མཁས་པ་ཚོས་ཀྱང་རིག་དངོས་འདི་དག་རྙེད་འདུག་སྟེ། མེ་ལོང་འདུས་པའི་རིག་དངོས་དག་བང་སོའི་སྔོག་འདོན་ཁྲོད་དུ་རྙེད་སོན་བྱུང་འདུག རིག་དངོས་འདི་དག་གི་མཚོན་དོན་གྱི་སྐོར་ནས་ཕལ་ཆེར་ཆོ་ག་གལ་ཆེན་ཞིག་དང་འབྲེལ་བ་ཡོད་པར་བསམས་ཏེ་དཔེར་ན་ང་ཚོས་གོང་དུ་ཆོ་གའི་དཔེ་ཆའི་ནང་དུ་བགྲོ་གླེང་བྱས་ཟིན་པ་ལྟར་ཡིན། གང་ལྟར། ཕྱིས་ཀྱི་འདས་མཆོད་སྐོར་གྱི་དཔེ་ཆའི་ནང་དུ་རིག་དངོས་འདི་དག་བང་སོའི་ནང་དུ་འཇོག་མིན་གྱི་ཐད་ནས་ཁ་གསལ་བའི་ལྟ་ཚུལ་ཅི་ཡང་བཏོན་མེད།
གནའ་དཔྱད་མཁས་པ་རྣམས་ཀྱིས་ད་རུང་མེ་ལོང་དང་སོ་མང་ཡོད་པ་ལ་བརྟེན་ནས་བང་སོ་དེའི་བདག་པོ་ནི་བུད་མེད་ཅིག་ཡིན་པར་གླེང་ཡོད། འོན་ཀྱང་། ཆུ་མདའ་རྫོང་གི་བང་སོའི་ཁྲོད་དུའང་རིག་དངོས་འདི་དག་རྙེད་པ་དང་། དེ་ནི་བུད་མེད་ཅིག་ལ་བཏབ་པའི་བང་སོ་ཡིན་པའི་སྐོར་ཤུགས་སུ་བསྟན་མེད་ལ། བང་སོ་འདིའི་ཁྲོད་ཀྱི་ཞལ་འབག་སེར་པོ་ལའང་ཕྱི་ཚུལ་དུ་བུད་མེད་ཀྱི་ཁྱད་ཆོས་ཡོད་པའི་རྟགས་དང་རྒྱུ་མཚན་གང་ཡང་མ་མཐོང་ངོ་། །
ནམ་ཀ / ནམ་མཁའ།
ཆོ་གའི་ཁྲོད་ཀྱི་རིག་དངོས་ཀྱི་རྣམ་གྲངས་དེ་དག་ལ་བོན་ལུགས་ཀྱི་ཆོ་གའི་ནང་དུ་བེད་སྤྱོད་རིན་ཐང་ངེས་ཅན་ལྡན་ཏེ་སྤྱིར་བཏང་དེ་རྣམས་མདོས་ཀྱི་ཆོ་ག་དང་འབྲེལ་བ་ཤིན་ཏུ་ཟབ་པ་ཡིན། དེ་ཉིད་རྒྱུན་པར་ལོག་འགྲེལ་བྱས་ནས་གདོན་འདྲེའི་རྙི་རྒྱའམ་གཡོ་ཐབས་ཞེས་པར་ཞིབ་བརྗོད་བྱས་ཡོད་པ་ཡིན། བོན་གྱི་ཆོས་ལུགས་ཀྱི་སྲོལ་རྒྱུན་ནང་དུ་རྣམ་གྲངས་འདི་ཡིས་སེམས་ཀྱི་འཚོ་བཞེས་དང་གཤིན་པོའི་བླ་གཉིས་ཀ་མཚོན་པ་ཡིན།18 དེ་གདོན་འདྲེའི་རྙི་རྒྱའམ་གཡོ་ཐབས་ཞེས་པའི་ལྟ་ཚུལ་དེར་འབྲེལ་བ་ཅི་ཡང་མེད། འོན་ཀྱང་། དེ་ཡིས་བོན་ལུགས་ཀྱི་འདས་མཆོད་ཆོ་གའི་ཁྲོད་དུ་དོན་ངོ་མར་ཅི་ཞིག་མཚོན་གྱི་ཡོད་པའི་སྐོར་ལ་སྔར་བཞིན་རྙོག་དྲ་འགའ་ཤས་ཡོད། ཏུན་ཧོང་ཡིག་ཆའི་ཁྲོད་དུ་མངོན་པ་ལྟར་ན་དེ་ནི་རྒྱལ་བོའི་བང་སོའི་ནང་དུ་བཅུག་པའི་རིག་དངོས་གྲས་ཀྱི་གཅིག་ཡིན་ལ། “བཟོ་རིག”ཅེས་པའི་དངོས་པོ་དེའི་རྗེས་སུ་ཡོད་པ་དང་། དེའི་རྗེས“སྨྲ་ཞལ”ཞེས་པའི་དངོས་པོ་དེ་ཡིན་པ་རེད། ཏུན་ཧོང་ཡིག་ཆ་འདིའི་ཁྲོད་དུ་དེ་ནི་རྣམ་གྲངས་རང་རྐྱ་ཅན་ཞིག་ཏུ་མཐོང་ཞིང་། སྔོན་གྱི་དངོས་པོའི་རྣམ་གྲངས་དེ་དག་ལ་འབྲེལ་བ་མེད་པ་དང་། ཡང་ན་རྒྱལ་བོའི་བང་སོའི་ཁྲོད་དུ་བྱུང་བའི་དངོས་པོའི་རྣམ་གྲངས་དང་དེའི་རྗེས་ཀྱི་དངོས་པོ་དག་ལ་འབྲེལ་བ་མེད་པར་བསམས། གནད་ཀ་འདི་ནི“དེའི་འོག་ཏུ”ཞེས་པའི་ཚིག་དུམ་འདི་བསྐྱར་ཟློས་ཀྱིས་བཀོལ་ཡོད་པ་དེས་གསལ་བཤད་བྱེད་ཐུབ། ཕྱིས་ཀྱི་བོན་གྱི་ཆོ་གའི་ནང་གི་ཚིག་དུམ་གསེར་ཞལ་སེར་པོ་ཞེས་པ་དེ་ཡིས་ནམ་མཁའི་རིགས་ཤིག་མཚོན་གྱིན་ཡོད་པ་དང་། དེ་ནི་བྱང་གཟུགས་ཀྱི་གྲུབ་ཆའི་ཆ་ཤས་ཤིག་ཀྱང་ཡིན། དུ་ཏྲི་སུའི་སྒྲིབ་སྦྱོང་ཞེས་པའི་ཡིག་ཆའི་ཁྲོད་ཀྱི་ཚིག་རྐང་གསེར་ཞལ་སེར་པོ་སྐུ་ཡི་རྟེན་ཞེས་པས་ང་ཚོར་དེ་ལ་ནམ་མཁའི་རིགས་ཤིག་གི་གོ་དོན་ཡོད་པར་སྨྲ་བར་གེགས་བྱེད་ནའང་། མུ་ཆོ་ཁྲོམ་འདུར་ཞེས་པའི་ཡིག་ཆ་དེ་ཡིས་གསེར་ཞལ་སེར་པོ་ནི་ནམ་མཁའི་རིགས་ཤིག་དང་འབྲེལ་བ་ཡོད་པར་བཤད་ཡོད། ཕྱོགས་གཞན་ཞིག་ནས་བཤད་ན། ཕྱིས་ཀྱི་བོན་ལུགས་ཀྱི་འདས་མཆོད་ཆོ་གས་ཕལ་ཆེར་གསེར་ཞལ་སེར་པོ་ཞེས་པའི་ཚིག་དུམ་འདིའི་དོན་ངོ་མ་དེ་བརྗེད་པའམ་ཡང་ན་བོར་འདུག འདས་མཆོད་ཀྱི་ཆོ་གའི་ཁྲོད་ཀྱི་ཚིག་དུམ་གསེར་ཞལ་སེར་པོ་ཡིས་སྤྱིར་བཏང་དུ་ནམ་མཁའི་རིགས་ཤིག་མཚོན་པ་ཡིན། གོང་དུ་གླེང་ཟིན་པ་ལྟར་ཏུན་ཧོང་ཡིག་ཆའི་ཁྲོད་དུ་ནམ་མཁའ་ནི་རང་རྐྱ་ཐུབ་པའི་རྣམ་གྲངས་ཤིག་ཡིན་པ་དང་། དེ་ནི་ཚིག་དུམ“ཞལ་དང་སྐུ་རྟེན”ཞེས་པར་འབྲེལ་བ་མེད། འོན་ཀྱང་ཏུན་ཧོང་ཡིག་ཆའི་ནང་དུ་བཀོལ་བའི་ཐ་སྙད་ཀྱིས་འདྲ་མཚུངས་ཅན་གྱི་སྣང་བརྙན་ཁོ་ན་སྟོན་པ་ཡིན་པ་དང་། ཕྱིས་ཀྱི་བོན་ལུགས་ཀྱི་ཡིག་ཆ་གཉི་གའི་ནང་དུ་བརྡ་ཆད་དངོས་སུ་ཐོན་ཡོད་ལ། ཚིག་ངོས་ཀྱི་གོ་དོན་ནི་ཞལ་འབག་སེར་པོ་ཞེས་པའི་དོན་ཡིན། གང་ལྟར་ཀྱང་། གོང་དུ་བཤད་ཟིན་པ་ཇི་བཞིན། <<དུ་ཏྲི་སུའི་སྒྲིབ་སྦྱོང་>>ཞེས་པའི་ཡིག་ཆའི་ནང་དུ་གསེར་ཞལ་སེར་པོ་ཞེས་པའི་མཚོན་དོན་ཅི་ཞིག་ཡིན་པ་གསལ་བོ་གསུངས་མེད་ནའང་། <<མུ་ཆོ་ཁྲོམ་འདུར>>ཞེས་པའི་ཡིག་ཆའི་ནང་དུ་དེ་ནི་སྐུད་པ་མང་པོ་རྒྱ་གྲམ་གྱི་དབྱིབས་ལྟར་བསྒྲིལ་བའི་རིགས་ཤིག(ནམ་མཁའ། )ཡིན་པར་བསྟན་ཡོད་དོ། །
ཟུར་བལྟའི་དཔྱད་ཡིག
[1] <<དུ་ཏྲི་སུའི་སྒྲིབ་སྦྱོང་གི་སྒྲུབ་གཞུང་མ་ཡིག་མུན་སེལ་སྒྲོན་མེ་འཁོར་བ་ངན་སོང་དོང་སྤྲུགས།>> དེབ་གཟུགས་ཆ་ཚད32ཅན། ལྕགས་པར་མ། དཔར་བསྐྲུན་གྱི་དུས་ཚོད་དང་ས་གནས་སོགས་མི་གསལ། ཡིག་ཆ་འདི་ནི་བོན་ལུགས་ཀྱི་སྙན་རྒྱུད་ཅེས་པར་གཏོགས་ཤིང་། སྐུ་མདུན་བསོད་ནམས་བློ་གྲོས(1784-1835)ཀྱི་སྙན་རྒྱུད་ཡིན།
[2]<<སྔགས་ཀྱི་མདོ་འདུར་རིན་ཆེན་ཕྲེང་བ་མུ་ཆོ་ཁྲོམ་འདུར་ཆེན་མོ།>>ཡིག་ཆ་འདི་ནི་བོན་ལུགས་ཀྱི་གཏེར་མར་གཏོགས་ཤིང་། གཏེར་སྟོན་སེ་གཉེན་ཞིག་པོས་གཏེར་ནས་བཏོན། (མཁར་རྨེའུ1972ལོར། ཤོག་ངོས179ནས337བར། ཐིག་ཕྲེང7པ།)ཡིག་ཆ་མུ་ཆོ་ཁྲོམ་འདུར་ཞེས་པའི་གནས་ཚུལ་ཞིབ་མོ་མཁྱེན་འདོད་ན་མཁར་རྨེའུ་དང་ནཱ་གཱ་ནཱོ། ཡ་སོ་ཧའེ་ཁོ་སོགས་ཀྱིས་བསྒྲིགས་པའི་དེབ་བོན་པོའི་བཀའ་རྟེན་དཀར་ཆག་ཅེས་པར་གཟིགས། བོན་ཞིབ་འཇུག་དེབ་བཞི་པ། རྒྱལ་གཉེར་མི་རིགས་རྟེན་མཛོད་ཁང་། 2001ལོར་ཨོ་ས་ཀར་པར་དུ་བསྐྲུན། ཨང་གྲངས006པ།
[3] མཁར་རྨེའུ་བསམ་གཏན་རྒྱལ་མཚན། <<ལེགས་བཤད་མཛོད། —བོད་ཀྱི་བོན་པོའི་ལོ་རྒྱུས།>> ལོན་ཏུན་ཤར་ཕྱོགས་མུ་འབྲེལ་བམ་པོ26པ། ལོན་ཏུན་ཨོ་ཁི་སི་ཧྥོར་སྒྲི་སློབ་ཆེན་དཔེ་སྐྲུན་ཁང་གིས་1972ལོར་པར་དུ་བཏབ། ལྡི་ལིའི་མའོ་ཐྲེ་ལར་པ་ནར་སེབྷྲར་སེ་རུ2001ལོར་ཡང་བསྐྱར་པར་དུ་བཏབ།
[4] མཁར་རྨེའུ་བསམ་གཏན་རྒྱལ་མཚན། <<མདའ་དང་འཕང་། བོད་ཀྱི་ལོ་རྒྱུས་དང་གཏམ་རྒྱུད། ཆོ་ག་དང་དད་མོས་ཞིབ་འཇུག>> བམ་པོ་དང་པོ། ཀ་ཏུ་མན་དོའི་མཎྜལ་དཔེ་ཁང་གིས1998ལོར་པར་དུ་བཏབ། (2009ལོར་བསྐྱར་པར་མཛད། ) བམ་པོ་གཉིས་པ2005ལོར་པར་དུ་བཏབ། བམ་པོ་གསུམ་པ2014ལོར་པར་དུ་བཏབ།
[5] མཁར་རྨེའུ་བསམ་གཏན་རྒྱལ་མཚན། <<བོན་པོའི་སྲུང་མའི་སྐོར་གྱི་ཐང་ག་ཞིག>> 2015ལོར་ཀ་ཏུ་མན་དོའི་རྡོ་རྗེ་དཔེ་ཁང་གིས་པར་དུ་བཏབ།
[6] མར་སེལ་ལྷ་ཀླུ <<རྒྱལ་བོའི་འདས་མཆོད་ཁྲོད་ཀྱི་བོན་པོའི་ཆོ་ག>>1952ལོའི་ཨེ་ཤ་ཡའི་དུས་དེབ། (T.CCXL-3)ཤོག་ངོས339ནས361བར།
དཔྱད་མཆན།
[1] གསལ་བཤད། དཔྱད་རྩོམ་འདི་ནི་སྟོང་སྐོར་ཚེ་རིང་ཐར་དང་ཤར་གཞོན་ཚེ་རིང་ཟླ་བ་གཉིས་ཀྱིས་གཙོ་སྒྲིག་མཛད་པའི་བོན་དང་ཞང་ཞུང་ཞིབ་འཇུག་དཔེ་ཚོགས་ཁྲོད་ཀྱི་དེབ་གཉིས་པ<<མདོ་དབུས་མཐོ་སྒང་གི་གནའ་བོའི་ཤེས་རིག>>ཅེས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་ལས་བཏུས་ཤིང་། དཔེ་ཚོགས་འདི་ཉིད2018ལོའི་ཟླ12པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱི་དཔྱད་རྩོམ་འདིའི་དབྱིན་ཡིག་གི་ཁ་བྱང་ལ“The Gold Mask Found in Shangshung and the‘Five Supports of the Soul(rten lnga)’of the Bon Funerary Tradition”ཞེས་བཏགས་འདུག་ལ། མ་ཡིག་གི་གཞུང་དངོས་ནི་དཔྱད་རྩོམ་ཕྱོགས་བསྒྲིགས་དེབ་དེའི་ཤོག་ངོས330ནས344རུ་གསལ། གཞན་ཡང་རྩོམ་འདིའི་ནང་དོན་བསྡུས་དང་བརྡ་ཆད་གཙོ་བོ་གཉིས་ནི་བསྒྱུར་པ་པོས་གསར་དུ་བསྣན་པའོ། །
[2] དབྱིན་ཡིག་དྲ་ཚིགསEnglish.news.cnལས་དྲངས་ཤིང་། དཔྱད་རྩོམ་གྱི་ཁ་བྱང་ལ “Gold Mask shine light on lost Himalayan kingdomགསེར་ཞལ་གྱི་གཟི་འོད་སླར་ཡང་ཉམས་ཟིན་པའི་ཧི་མ་ལ་ཡའི་རྒྱལ་ཁམས་ལ་འཕྲོས་པ། ”ཞེས་བཏགས་འདུག སྤྱི་ལོ2015ལོའི་ཟླ3པའི་ཚེས26ཉིན། ཕྱི་དྲོའི་དུས་ཚོད15དང་སྐར་མ43སྐར་ཆ14ཡི་སྟེང་།
[3] ལོ་རྒྱུས་དོན་ཆེན་གནད་བསྡུས། (p.t.1287) ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། (འདིའི་ཞོལ་ནས་ཏུན་ཧོང་ཡིག་ཆ་ཞེས་བསྡུ་རྒྱུ་ཡིན།) མི་རིགས་དཔེ་སྐྲུན་ཁང་། 1980ལོར་པར་ཏུ་བཏབ། ཤོག་ངོས74ནས79བར།
[4] ལོ་རྒྱུས་དེབ་ཐེར། (p.t.1288) ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། མི་རིགས་དཔེ་སྐྲུན་ཁང་། 1980ལོར་པར་ཏུ་བཏབ། ཤོག་ངོས15།
[5] གོང་དང་མཚུངས། ཤོག་ངོས74།
[6] ལོ་རྒྱུས་དོན་ཆེན་གནད་བསྡུས། (p.t.1287)ཏུན་ཧོང་ཡིག་ཆ། ཤོག་ངོས65།
[7] ལོ་རྒྱུས་དེབ་ཐེར། (p.t.1288) ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། མི་རིགས་དཔེ་སྐྲུན་ཁང་། 1980ལོར་པར་ཏུ་བཏབ། ཤོག་ངོས16།
[8] གོང་དང་མཚུངས། ཤོག་ངོས17ནས18བར།
[9] གོང་དང་མཚུངས། ཤོག་ངོས19།
[10]. གོང་དང་མཚུངས། ཤོག་ངོས29།
[11] གོང་དང་མཚུངས། ཤོག་ངོས31།
[12] << journal Asiatique T.CCXL-3 ཨེ་ཤ་ཡའི་ཞིབ་འཇུག>>གི་ཤོག་ངོས341ནས361བར་དུ་བཀོད་ཡོད།
[13] སྔགས་ཀྱི་མདོ་འདུར་རིན་ཆེན་ཕྲེང་བ་མུ་ཆོ་ཁྲོམ་འདུར་ཆེན་མོ། (མཁར་རྨེའུ་དང་ནཱ་གཱ་ནཱོ། 2001) ཤོག་ངོས784ནས890བར། “སྨྲ་ཤེས་ཞལ་གྱི་ཚབས་ཀྱང་ཡིན། ”
[14] དུ་ཏྲི་སུའི་སྒྲིབ་སྦྱོང་གི་སྒྲུབ་གཞུང་མ་རིག་མུན་སེལ་སྒྲོན་མེ་འཁོར་བ་ངན་སོང་དོང་སྤྲུགས། དེབ་གཟུགས་ཆ་ཚད32ཅན། དེབ་འདི་ལས“བྱང་གཟུགས”ཞེས་འབོད་པ་དང་། སྐུ་མདུན་བསོད་ནམས་བློ་གྲོས(1784-1835)ཀྱི་སྙན་རྒྱུད་ཡིག་ཆའོ། ། མཁར་རྨེའུ1972ལོར། ཤོག་ངོས188
[15] <<མུ་ཆོ་ཁྲོམ་འདུར།>> ཤོག་ངོས784ནས890བར།
[16] མེ་ལོང་གི་སྐོར་དེ་འདྲ་པར་གསུམ་པར་གཟིགས།
[17] རིག་དངོས་གཞན་དག་གི་སྐོར་འདྲ་པར་གསུམ་པར་གཟིགས།
[18] མཁར་རྨེའུ། 1998ལོར། ཤོག་ངོས329ངོས་ཀྱི་མཆན་འགྲེལ75པ་དང་། ཤོག་ངོས3479ངོས་ཀྱི་མཆན་འགྲེལ43པ་ལ་གཟིགས།
རྩོམ་པ་པོ་ངོ་སྤྲོད། མཁར་རྨེའུ་བསམ་གཏན་རྒྱལ་མཚན། སི་ཁྲོན་ཟུང་ཆུའི་མི་ཡིན། ཞིབ་འཇུག་པ་ཆེན་མོའི་ལས་ཐོབ་བླངས་ཡོད། ཞིབ་འཇུག་གི་ཁ་ཕྱོགས་ནི་བོད་ཀྱི་ལོ་རྒྱུས་དང་ཆོས་ལུགས་ཡིན།
བསྒྱུར་པ་པོ་ངོ་སྤྲོད། གཡང་འབུམ་ཚེ་རིང་། མཚོ་སྔོན་ཁྲི་ཀའི་མི་ཡིན། འབུམ་རམས་པ་ཕྱི་མར་སློབ་གཉེར་བྱེད་བཞིན་ཡོད། ཞིབ་འཇུག་གི་ཁ་ཕྱོགས་ནི་བོད་ཀྱི་དམངས་ཁྲོད་དད་མོས་སྐོར་ཡིན། གཡུང་དྲུང་དོན་གྲུབ། ཀན་སུའུ་བླ་བྲང་གི་མི་ཡིན། འབུམ་རམས་པའི་བསླབ་གནས་ལ་སློབ་གཉེར་བྱེད་བཞིན་ཡོད། ཞིབ་འཇུག་གི་ཁ་ཕྱོགས་ནི་བོད་ཀྱི་ལོ་རྒྱུས་དང་ཡིག་ཚང་སྐོར་ཡིན།
– – – – –