ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་གཙོ་བོ་ལམ་ཡིག་དང་ཆོས་འབྱུང་། དེབ་ཐེར། བསྟན་རྩིས། དཀར་ཆག་རྣམས་ལས་བྱུང་བའི་དཔྱད་གཞི་ཐོར་བུ་བ་རྣམས་གཞིར་བྱས་ཏེ། དུས་རབས་བཅུ་གསུམ་པར་འཚོ་བཞུགས་གནང་བའི་ལོ་ཙཱ་བ་གྲགས་ཅན། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་འཁྲུངས་འདས་ལོ་ཚིགས་དང། བོད་དང་རྒྱ་བལ་སོགས་སུ་ཕེབས་ནས་སློབ་གཉེར་གནང་ཚུལ། ཆོས་བརྒྱུད་གྲུབ་མཐའ་གང་དུ་གཏོགས་མིན། སྔགས་ལོག་སུན་འབྱིན་མཛད་ནས་བསྟན་པ་ལ་དག་ཐེར་བྱས་ཚུལ། ཆག་ལོའི་ལུགས་ཀྱི་དུས་འཁོར་གྱི་ཆོས་རྒྱུན་བོད་དུ་སྤེལ་ཚུལ། མདོ་རྒྱུད་བསྟན་བཅོས་བོད་སྐད་དུ་བསྒྱུར་ཚུལ། ཆོས་སྡེ་ཁག་གི་གདན་སར་རིམ་པར་བཞུགས་ནས་བུ་སློབ་མང་དུ་བསྐྱངས་པ་བཅས་ལ་རགས་ཙམ་དཔྱད་ཡོད།
བརྡ་ཆད་གཙོ་བོ། ཆག་ལོ་ཆོས་རྗེ་དཔལ། ཆོས་བརྒྱུད་གྲུབ་མཐའ། སྔགས་ལོག་སུན་འབྱིན། ཆག་ལུགས།
བོད་ཀྱི་དུས་རབས་རིམ་བྱུང་གི་སྐད་གཉིས་སྨྲ་བའི་ལོ་པཎ་ཁྲོད་ཆག་ལོ་མཚན་ཅན་གྱི་ལོ་ཙཱ་བ་ཁ་ཤས་བྱུང་ཡོད་དེ། ཆག་ལོ་ཙཱ་བ་གཙང་བ་ཤེས་རབ་འབར་དང་གཉལ་བ་ཆག་ལོ་ཙཱ་བ་དགའ་བོ། ཆག་ལོ་ཙཱ་བ་དགྲ་བཅོམ་པ། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ། ཆག་ལོ་ཙཱ་བ་རིན་ཆེན་ཆོས་རྒྱལ་བཅས་རིམ་པར་བྱུང་ཡོད་དོ། །དེ་ལས་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་ནི་དུས་རབས་བཅུ་གཉིས་པའི་དུས་མཇུག་དང་བཅུ་གསུམ་པའི་དུས་དཀྱིལ་ཙམ་ལ་བོད་དང་བལ་བོ། རྒྱ་གར་སོགས་སུ་སློབ་གཉེར་གནང་ནས་མདོ་རྒྱུད་ཀྱི་བསྟན་བཅོས་མང་པོ་བོད་དུ་བསྒྱུར་བ་དང་། འགྱུར་ཞུས། འཆད་ཉན། སྐབས་དེའི་བོད་ཀྱི་སྤྱི་ཚོགས་སུ་དར་བའི་ཆོས་ལོག་སྣ་ཚོགས་ལ་སུན་འབྱིན་དང་དགག་བཞག་གནང་མཁན་གྱི་ལོ་ཙཱ་བ་སྐད་གྲགས་ཅན་ཞིག་ཡིན། ཡིན་ནའང། ཁོང་ལ་རྒྱ་བོད་སོགས་སུ་ཕེབས་བཞུད་མཛད་སྐབས་ཀྱི་ལམ་ཡིག་ཙམ་ལས་རྣམ་ཐར་ཞིབ་རྒྱས་ཤིག་མེད་པ་དང།ལམ་ཡིག་ཏུ་འཁྲུངས་འདས་ལོ་ཚིགས་དང་བོད་དང་རྒྱ་བལ་སོགས་སུ་སློབ་གཉེར་ཇི་ལྟར་གནང་ཚུལ། ཆོས་བརྒྱུད་གྲུབ་མཐའ་གང་དུ་གཏོགས་མིན་དང་ཆོས་རྒྱུན་གང་དག་ཡོད་མེད། མདོ་རྒྱུད་ཀྱི་བསྟན་བཅོས་གང་དག་གཞི་འགྱུར་དང་འགྱུར་བཅོས་བྱས་མིན་སོགས་ཞིབ་གསལ་མི་སྣང་བས།འདིར་འབྲེལ་ཡོད་ཀྱི་ཆོས་འབྱུང་དང་དེབ་ཐེར། རྣམ་ཐར། བསྟན་རྩིས། བཀའ་བསྟན་དཀར་ཆག་སོགས་དཔྱད་གཞིའི་ཡིག་ཚང་ཁག་ཏུ་རྒྱུ་ཆ་ཕྱོགས་རེ་བ་རྙེད་པ་རྣམས་གུང་བསྒྲིགས་ནས་དཔྱད་ཞིབ་མདོར་བསྡུས་ཙམ་བྱས་ཡོད།
དང་པོ། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་རིགས་རུས་དང་འཁྲུངས་འདས་ལོ་ཚིགས་སྐོར།
ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་ནི་བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ཁ་ལྷུན་རྩེ་རྫོང་གི་ཆར་གཏོགས་པའི་གཉལ་རྟེའུ་རའི་བྱང་ཕྱོགས་སུ། ཡབ་དར་མ་འབྱུང་གནས་དང་ཡུམ་ངོ་རྗེ་མོ་ཆོས་འབུམ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཆག་ལོ་དགྲ་བཅོམ་པ་ཚུལ་ཁྲིམས་ཤེས་རབ་ཀྱི་དབོན་པོ་ཡིན། ཆག་ཅེས་པ་ཡང་《དེབ་ཐེར་སྔོན་པོ་》ལས“སྟེང་བ་ལོ་ཙཱའི་སློབ་མ་ཆག་ལོ་དགྲ་བཅོམ་པ་ནི། སྟེངས་པ་ལོ་ཙཱ་བའི་བཞི་བཅུ་རྩ་བདུན་པ་ཆུ་མོ་བྱ་ལ་མེས་བཀྲ་ཤིས་དགའི་སྲས་སུ་གནས་ཆག་གྲོང་དུ་སྐུ་འཁྲུངས།”[1]ཞེས་འབྱུང་བ་ལྟར། གཉལ་སྨད་རྟེའུ་རའི་བྱང་ཕྱོགས་ཀྱི་གནས་ཆག་གྲོང་དུ་སྐུ་འཁྲུངས་པས་ཆག་ཅེས་ཡུལ་མིང་མི་ལ་ཐོགས་པའམ། ཡང་ན་《དགའ་ལྡན་ཆོས་འབྱུང་བཻཌཱུརྱ་སེར་བོ་》ལས་རྟེའུ་རའི་གདན་ས་པ་བརྗོད་པའི་སྐབས“ཆག་ནི་རུས་ཀྱི་མིང་སྟེ་གདན་སའང་ཆག་ལོ་དང་པོ་དགྲ་བཅོམ་པ། ཆོས་རྗེ་དཔལ།”[2]ཞེས་འབྱུང་བ་ལྟར། གདུང་རུས་ཡིན་པར་ཡང་བཤད་དོ། ། ལོ་རྒྱུས་ཡིག་ཆ་གཞན་དུ་སྐབས་རེར་ཕྱག་ཅེས་ཀྱང་འབྱུང་སྟེ་ཞིབ་ཏུ་བརྟག་པར་རིགས་སོ། །ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་འཁྲུངས་འདས་ཐད་མི་མཐུན་པ་ཆེར་མེད་ཀྱང་། འཁྲུངས་ལོའི་ཐད་རྣམ་ཐར་དུ་དངོས་སུ་མི་གསལ་བས། འདོད་ཚུལ་མི་མཐུན་པ་རིགས་གཉིས་ཙམ་བྱུང་ཡོད། དེ་ཡང་《དེབ་ཐེར་སྔོན་པོ་》ལས“ཆག་ཆོས་རྗེ་དཔལ་ནི། སློབ་དཔོན་དྷརྨ་འབྱུང་གནས་དང་། ཆོས་འབུམ་གྱི་སྲས་སུ་མེ་མོ་སྦྲུལ་ལ་འཁྲུངས། མེ་སྦྲུལ་འདི་ཁྲོ་ཕུ་ལོ་ཙཱ་བའི་ཉི་ཤུ་རྩ་དྲུག་པ་ཡིན།”[3]ཞེས་འབྱུང་བ་ལྟར། མེ་མོ་སྦྲུལ་ཏེ་སྤྱི་ལོ༡༡༩༧ལོར་འཁྲུངས་པར་བཞེད་པ་དང་།《བསྟན་རྩིས་གསལ་བའི་ཉིན་བྱེད་》ལས “ཆག་ལོ་ནི་ཆག་དགྲ་བཅོམ་གྱི་དབོན་པོ་སྟེ། མེ་མོ་སྦྲུལ་ལོ་ལ་བྱོན། ས་པཎ་ལས་ལོ་བཅོ་ལྔས་གཞོན་ནོ། །”[4]ཞེས་གོང་དང་མཐུན་པར་འབྱུང་བ་དང་།《ཆོས་འབྱུང་དཔག་བསམ་ལྗོན་ཤིང་》ལས། “མེ་སྦྲུལ། ཆག་ཕྱི་མ་ཆོས་རྗེ་དཔལ་འཁྲུངས།”[5] ཞེས་མེ་སྦྲུལ་ལ་འདོད་པ་དང་།《བསྟན་རྩིས་ཀུན་བཏུས་》ལས“མེ་སྦྲུལ། སྤྱི་ལོ༡༡༩༧ལོར་ཆག་དགྲ་བཅོམ་གྱི་དབོན་པོ་ཆག་ཆོས་རྗེ་དཔལ་འཁྲུངས། འདི་ལ་ཆག་ཕྱི་མ་ཟེར།”[6]ཞེས་འབྱུང་ངོ། །དེ་ལྟར་ལུགས་ཕྱི་མ་དག་ནི་《དེབ་ཐེར་སྔོན་པོའི་》རྗེས་སུ་འབྲངས་ནས།སྤྱི་མཐུན་དུ་རབ་བྱུང་གསུམ་པའི་མེ་སྦྲུལ་སྟེ་སྤྱི་ལོ༡༡༩༧ལོར་འཁྲུངས་པར་འདོད་པ་ཡིན་ནོ། ། ཡང《དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་བརྗོད་དཔག་བསམ་སྙེ་མ་》ལས“སློབ་དཔོན་དར་མ་འབྱུང་གནས་དང་ཡུམ་ངོ་རྗེ་མོ་ཆོས་འབུམ་སྐྱིད་ཀྱི་སྲས་སུ་ས་ཕོ་རྟ་ལ་འཁྲུངས”[7]ཞེས་འབྱུང་བ་དང་།《དུང་དཀར་ཚིག་མཛོད་》ལས“ས་རྟ། སྤྱི་ལོ༡༡༩༨ལོ། དབུས་པ་ཇོ་བསོད་གཤེགས། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་འཁྲུངས། ཁྲོ་ཕུ་ལོ་ཙཱ་བས་གྲུབ་ཆེན་མི་ཏྲ་ཛོ་ཀི་བོད་དུ་གདན་དྲངས།”[8] ཞེས་འབྱུང་བ་ལྟར། ས་ཕོ་རྟ་སྟེ་སྤྱི་ལོ ༡༡༩༨ ལོར་འཁྲུངས་པར་བཞེད་དོ། ། དེ་ལྟར་ལུགས་མི་མཐུན་པ་སྔ་ཕྱི་གཉིས་ཙམ་བྱུང་བའི་ནང་གང་ཞིག་གཙིགས་ཆེ་སྙམ་ན། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་དངོས་སློབ་དགེ་བསྙེན་ཆོས་དཔལ་དར་བྱང་གིས་བླ་མའི་གསུང་བཞིན་ཟིན་བྲིས་སུ་བཀོད་པའི《ཆག་ལོའི་ལམ་ཡིག་》གི་ལེའུ་བཅུ་དྲུག་པར“ཆོས་རྗེ་ཆག་ལོ་ཙཱ་བ་དེའང་། གདུལ་བྱའི་དོན་ལ་དགུང་ལོ་དྲུག་ཅུ་རྩ་བདུན་བཞུགས་ནས། ཤིང་ཕོ་བྱི་བའི་ལོ་དགུན་ཟླ་ར་བའི་མགོའི་ཟླ་བ་ལ་གཟའ་ལྷག་གི་ཉིན་མོ་སྐར་མ་ནམ་གྲུའི་དུས། བྱེད་པ་ཁྱིམ་སྐྱེས། སྦྱོར་བ་ཤིན་ཏུ་མཆོག་ཅན། ཚེས་བཅུའི་ཉིན་མོ་ཉི་མ་ལྷན་དྲོས་པ་ལ་ཞི་བར་གཤེགས་སོ། །”[9]ཞེས་འབྱུང་བ་ལ་བརྟག་ན། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་འདས་ལོ་ནི་རབ་བྱུང་བཞི་བའི་ཤིང་བྱི་སྟེ་སྤྱི་ལོ་༡༢༦༤ལོ་ཡིན་པར་གཏན་འཁེལ་བ་དང་། དགུང་ལོ་རེ་བདུན་པར་གཤེགས་པར་གསུངས་པས། འཁྲུངས་ལོ་ནི་རབ་བྱུང་གསུམ་པའི་ས་ཕོ་རྟ་སྟེ་སྤྱི་ལོ ༡༡༩༨ ལོ་ཡིན་པ་ཤེས་ཐུབ། དེ་བས་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་ནི་རབ་བྱུང་གསུམ་པའི་ས་ཕོ་རྟ་སྟེ་སྤྱི་ལོ༡༡༩༨ལོར་འཁྲུངས་པར་འདོད་པ་འདི་ཅུང་གཙིགས་ཆེ་སྙམ་མོ། །
གཉིས་པ། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་སློབ་གཉེར་ཇི་ལྟར་གནང་ཚུལ་སྐོར།
ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་འཚོ་བཞེས་གནང་བའི་དུས་སྐབས་དེ་ནི་བོད་དུ་ཆོས་བརྒྱུད་གྲུབ་མཐའ་སྣ་ཚོགས་དང་མཁས་པ་མང་དུ་བྱུང་བའི་དུས་སྐབས་ཤིག་ཡིན་པ་དང་། རྒྱ་བལ་གྱི་པཎྜི་ཏ་མང་པོ་ཞིག་བོད་དུ་ཕེབས་ནས་ཆོས་འཆད་ཉན་དང་། བོད་ཀྱི་སློབ་གཉེར་བ་ཁ་ཤས་རྒྱ་གར་དང་བལ་བོ་སོགས་སུ་ཕེབས་ནས། ལེགས་སྦྱར་གྱི་སྐད་དང་སྔགས་མཚན་ཉིད་ཀྱི་གཞུང་གདམས་ངག་མང་དུ་སྦྱངས་ཏེ། མདོ་རྒྱུད་ཀྱི་ཆོས་སྐོར་མང་པོ་བོད་དུ་བསྒྱུར་བའི་དུས་སྐབས་ཤིག་ཡིན།ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་ཡང་ཆུང་ངུའི་དུས་ནས། ཆག་ལོ་དགྲ་བཅོམ་པ་ཚུལ་ཁྲིམས་ཤེས་རབ་སོགས་དབུས་གཙང་གི་མཁས་པ་དུ་མའི་ཞབས་དྲུང་དུ། མདོ་སྔགས་རིག་གནས་དང་བཅས་པ་ལ་སྦྱངས་པ་རྡོ་རུས་ཐུག་པ་མཛད་པ་དང་།དེ་ནས་བལ་ཡུལ་དང་རྒྱ་གར་སོགས་སུ་ཕེབས་ནས་སྔགས་མཚན་ཉིད་ཀྱིས་བསྡུས་པའི་གཞུང་སྣ་ཚོགས་ལ་སྦྱངས་པ་དཔྱིས་ཕྱིན་མཛད། ཡིན་ནའང་། སྐབས་དེའི་རྒྱ་གར་གྱི་སྤྱི་ཚོགས་ནི་དུས་བདེ་ཞོད་འཇགས་ཤིག་མིན་པར། དུ་རུ་ཀྵའི་དམག་གིས་བི་ཀྲ་མ་ལ་ཤཱི་ལ་དང་ནཱ་ལེནྡྲ་སོགས་རྒྱ་གར་ཡུལ་དབུས་ཀྱི་གཙུག་ལག་ཁང་གནས་ཆེན་དུ་མ་དང་། ཆོས་བྱེད་དགེ་འདུན་གྱི་སྡེ་དང་བཅས་པ་གཏོར་བཅོམ་བྱེད་བཞིན་པའི་དུས་སྐབས་སུ་འཁེལ་ཡོད།
གཅིག བོད་དུ་སློབ་གཉེར་ཇི་ལྟར་གནང་ཚུལ།
རིག་པ་ནི་གཞོན་པའི་དུས་ནས་སློབ་དགོས་པ་ལྟར། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་དགུང་ལོ་བདུན་བཞེས་པའི་སྐབས།“ཀློག་དང་། བོད་ཡིག་དང་།རྒྱ་ཡིག་དང་། བི་ཝར་ཏ་དང་། ཞེས་པ་རྣམ་པར་བསྒྱུར་བ་ཞེས་བྱ་དང་། བཀའ་བཅད་དང་། བྲི་ཐིག་བསླབས།”[10] ཞེས་འབྱུང་བ་ལྟར། ཆུང་ངུའི་དུས་ནས་རྒྱ་བོད་ཀྱི་ཡི་གེ་འབྲི་ཀློག་དང་སྐད་དོད་སོགས་བསླབ་པ་དང་། གཏན་ཁྲིམས་ལྔ་བའི་དགེ་བསྙེན་གྱི་སྡོམ་པ་ཡང་བཞེས། དེ་ནས་རྟེའུ་རར་བཞུགས་ནས“དགུང་ལོ་བཅུ་གཅིག་ནས་ཉི་ཤུ་རྩ་གཅིག་གི་བར་དུ། ཆག་ལོ་ཙཱ་བ་གོང་མ་དགྲ་བཅོམ་དཔལ་གྱི་ཞབས་དྲུང་མ་བྲལ་བར་བརྟེན་ནས། སྔགས་མཚན་ཉིད་ཀྱི་གཞུང་གདམས་ངག་མང་བ་ཞུས།སེམས་བསྐྱེད་ཀྱི་བཀའ་ཡང་ལྔ་ཞུས་སོ། །”[11]ཞེས་འབྱུང་ངོ་། ། ཡིན་ནའང་། ཆག་ལོ་དགྲ་བཅོམ་པ་ཚུལ་ཤེས་རབ་ནི་རབ་བྱུང་བཞི་བའི་མེ་གླང་སྤྱི་ལོ་ ༡༢༡༧ ལོར་གཤེགས་པར་《དུས་འཁོར་ཆོས་འབྱུང་དཔག་བསམ་སྙེ་མར་》གསུངས་པས། དེ་དུས་ཆག་ལོ་ཆོས་རྗེ་དཔལ་དགུང་ལོ་ཉི་ཤུ་ལས་མིན་ནོ། ། དེ་ལྟར་ཆག་ལོ་དགྲ་བཅོམ་པ་ཚུལ་ཁྲིམས་ཤེས་རབ་སྐུ་མ་གཤེགས་ཀྱི་བར་བསམ་སྦྱོར་དག་པས་ཚུལ་བཞིན་བསྟེན་ནས། ལོ་བཅུ་གསུམ་ལྷག་གི་རིང་ལ་མདོ་སྔགས་གཞུང་ལུགས་ལོ་ཙཱ་དང་བཅས་པ་ལ་བརྩོན་པ་ཆེན་པོས་བསླབས། ཆག་ལོ་དགྲ་བཅོམ་པ་གཤེགས་རྗེས་བལ་བོར་ཕེབས་པ་དང།བལ་ཡུལ་དུ་ལོ་གཅིག་རིང་བཞུགས་ནས་ཕྱིར་མངའ་རིས་དང་གཙང་ཕྱོགས་སུ་ཕེབས། 《ཆག་ལོའི་ལམ་ཡིག་》ལས“གཙང་དུ་བླ་མ་ཆོས་རྗེ་ས་སྐྱ་ལོ་ཙཱ་བ[12]དང་། ཁྲོ་ཕུ་ལོ་ཙཱ་བ་དང་། མྱང་སྟོད་ལོ་ཙཱ་བ་དང། བྱང་ཆུབ་སེམས་དཔའ་སྣར་ཐང་པ་གྲོ་ཆེན་པོ་ལ་སོགས་པ་མཁས་བཙུན་མང་པོ་ལ་ཆོས་ཆེ་ལ་མང་དུ་གསན། བླ་མ་ཆེན་པོ་གུང་ཐང་པ་ལྷ་བཙུན་ལ་ལྷག་པར་མང་དུ་གསན་ཏེ་མངོན་པ་ཀུན་བཏུས་མཁས་པར་བསླབས།”[13]ཞེས་འབྱུང་ངོ་། ། ཡིན་ནའང་། 《དེབ་ཐེར་སྔོན་པོ་》ལས“གཙང་དུ་སེ་ལོ། ཁྲོ་ལོ། མྱང་སྟོད་ལོ་ཙཱ་བ། གྲོ་སྟོན་བདུད་རྩི་གྲགས་ལ་སོགས་པ་ལ་ཆོས་མང་དུ་གསན། དེ་ནས་གུང་ཐང་ལྷ་བཙུན་པ་མགོན་པོ་དཔལ་ལ་མངོན་པ་ཀུན་ལས་བཏུས་པ་གསན།”[14]ཞེས་ལམ་ཡིག་དངོས་དང་ཅུང་མི་མཐུན་པར་སེ་ལོ་ཞེས་པ་ཞིག་བསྟེན་པར་བཞེད་པ་ནི། ས་ལོ་དང་འཁྲུལ་བ་མིན་ན། སེ་ལོ་གཞོན་ནུ་ཚུལ་ཁྲིམས་སམ་སེ་ལོ་གཞན་ཞིག་ལ་གོ་དགོས་པས་བརྟག་པའི་གནས་སོ། ། གཞན་ཡང་《དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་བརྗོད་དཔག་བསམ་སྙེ་མ་》ལས“ལྷ་བཙུན་གོང་ཐང་པ་མགོན་པོ་དཔལ།འཛང་ཡོན་ཏན་ཤེས་རབ། གོ་ལུང་པ་ནམ་མཁའ་རྒྱལ་མཚན། ཡོལ་སྟོན་པདྨ་རྒྱལ་མཚན། མཆིམས་བློ་བརྟན། དགའ་བ་གདོང་པ་དབྱར་ཉི་མ། ཀོ་བྲག་པ། འཇད་པ་རིན་ཆེན་གྲགས། ཡོལ་བ་པ། དྲོ་ཆུང་ཟེད་སྒོམ་སོགས”[15]ཀྱི་ཞལ་སྔར་ཡང་སྔགས་མཚན་ཉིད་དང་ཐེག་པ་ཆེ་ཆུང་གི་ཆོས་མང་དུ་གསན་པར་བཞེད་དོ། །
གཉིས། རྒྱ་བལ་དུ་སློབ་གཉེར་ཇི་ལྟར་གནང་ཚུལ།
དེ་ནས་ཆག་ལོ་དགྲ་བཅོམ་པའི་གསུང་ཆེམས་དང་རང་ཉིད་ལའང་སྔ་མོ་ནས་ཕེབས་འདོད་ཀྱི་ཐུགས་འདུན་དྲགས་པོ་ཡོད་པ་བཅས་ལ་བརྟེན་ནས། དགུང་ལོ་ཉེར་གཅིག་ཐོག་ཞང་བོ་ཚད་མ་དང་འདུལ་བ་མཁྱེན་པའི་དགེ་བཤེས་ཤིག་ཕྱག་ཕྱིར་ཁྲིད་ནས་བལ་བོར་བྱོན། 《ཆག་ལོའི་ལམ་ཡིག་》ལས“འཕགས་པ་ཤིང་ཀུན་ཏུ་བླ་མ་རཏྣ་རཀྵི་ཏ་དང་མཇལ། ཁམས་པའི་དགེ་བཤེས་སྟོན་གྲགས་ལ་སོགས་པའི་དབང་ཞུ་བའི་ལོ་ཙཱ་མཛད་དེ། དཔལ་བདེ་མཆོག་ལྷ་བཅུ་གསུམ་མའི་དབང་ལ་སོགས་པ་ལྔ་ཐོབ།”[16]ཞེས་འབྱུང་། འདི་ལས་ཆག་ལོ་ཆོས་རྗེ་དཔལ་བོད་དུ་བཞུགས་སྐབས་ནས་ལེགས་སྦྱར་སྐད་ལ་སློབ་སྦྱོང་བྱས་མྱོང་བ་དང་། བལ་བོར་ཕེབས་དུས་ལོ་ཙཱ་མཛད་ཐུབ་པ་སོགས་ཆུ་ཚད་མཐོན་པོ་ཡོད་པ་ཤེས་ཐུབ་བོ། ། དེ་ནས་བལ་བོར་ལོ་གཅིག་བཞུགས་ནས་ཕྱིར་བོད་དུ་ཕེབས་པ་དང། དགུང་ལོ་ཉེར་ལྔ་བར་སླར་ཡང་བལ་བོར་བྱོན། པཎ་ཆེན་རེཝེནྡྲའི་སྤྱན་སྔར་ལོ་གཅིག་བཞུགས་ནས་བདེ་དགྱེས་དུས་འཁོར་སོགས་མང་དུ་གསན་ནོ། །
དགུང་ལོ་ཉེར་དྲུག་པར་ཏི་རུ་ཧུ་ཏི་དང་ཡངས་པ་ཅན་བརྒྱུད་ནས་རྒྱ་གར་ཡུལ་དབུས་སུ་བྱོན། 《ཆག་ལོའི་ལམ་ཡིག་》ལས“གཙུག་ལག་ཁང་གནས་ཆེན་མང་པོ་དུ་རུ་ཀྵའམ་གར་ལོག་གིས་ཉམས་དམས་པར་བྱས་པས། ཞབས་ཏོག་བྱེད་པ་དང་མཆོད་པ་འབུལ་མཁན་མེད་པ་ཤས་ཆེ། ནཱ་ལེནྡྲ་ན་བླ་མ་པཎྜི་ཏ་ཆེན་པོ་ར་ཧུ་ལ་ཤྲཱི་བྷ་དྲ། དཔལ་སྒྲ་གཅན་འཛིན་བཟང་པོ། མཁས་གྲུབ་བཙུན་པའི་དགེ་སློང་དགུང་ལོ་དགུ་བཅུ་ལྷག་བཞེས་པ་དེ་བཞུགས།”[17]ཞེས་འབྱུང་བ་ལྟར། ཆག་ལོ་ཆོས་རྗེ་དཔལ་རྒྱ་གར་དུ་ཕེབས་དུས་རྒྱ་གར་གྱི་ནང་བའི་བསྟན་པ་ལ་ཉམས་ཆག་ཆེན་པོ་བྱུང་ནས། ལྷ་ཁང་དང་གཙུག་ལག་ཁང་མང་པོའི་ཕྱི་སྒོ་ལ་འདམ་ཞལ་བརྒྱབ་ནས་མཆོད་འབུལ་གྱི་རྒྱུན་ཆད་པ་དང། བི་ཀྲ་མ་ལ་ཤཱི་ལ་སྔར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་དང་ཆག་ལོ་དགྲ་བཅོམ་པའི་དུས་ན་ཡོད་པ། ཆག་ལོ་ཆོས་རྗེ་དཔལ་རྒྱ་གར་དུ་བྱོན་དུས་རྨང་རྡོའང་བཏོན་ནས་ཆུ་བོ་གང་གཱ་ལ་བསྐྱུར་ནས་མེད་པར་གསུངས། དེ་ལྟར་གཙོ་བོ་ནཱ་ལེནྡྲར་ཕེབས་ནས་པཎྜི་ཏ་ཆེན་པོ་ར་ཧུ་ལ་ཤྲཱི་བྷ་དྲ[18]བསྟེན་ནས། ཀ་ལཱ་བ། བླ་མ་ལྔ་བཅུ་བ། དུས་འཁོར་བདེ་དགྱེས་གསང་འདུས་སོགས་ཆོས་མང་དུ་གསན། ལམ་ཡིག་རང་དུ་བླ་མ་པཎྜི་ཏ་འདི་གཅིག་པུ་ལས་མི་གསལ་ཡང་། 《ཆག་ལོའི་སྔགས་ལོག་སུན་འབྱིན་》ལས“ཆོས་དང་ཆོས་མ་ཡིན་པ་དྲི་བ་དང་ཁྱད་པར་དུ་མཁས་ཤིང་གྲུབ་པ་བརྙེས་པའི་པཎྜི་ཏ་རཀྵི་ཏ་དང་། ཉི་མ་དབང་བོའི་འོད་ཟེར་དང་། སྒྲ་གཅན་འཛིན་བཟང་པོ་དང་། གནས་བརྟན་ཆེན་པོ་ལེགས་སྐྱོང་ཞབས་བཞི་ལ་འདི་ལྟར་བོད་དུ་དར་བའི་ཆོས་རྣམས་ཀྱང་བསྟན་ནས་དོན་དང་བཅས་པའི་དབྱེ་བ་ཞུས།”[19]ཞེས་འབྱུང་བར་བརྟག་ན། གནས་བརྟན་ཆེན་པོ་ལེགས་སྐྱོང་ཞབས་ཞེས་པའང་ཆག་ལོ་ཆོས་རྗེ་དཔལ་གྱིས་རྒྱ་གར་དུ་བསྟེན་པའི་བླ་མ་གཙོ་བོ་ཞིག་ཡིན་པར་བསམས་སོ། ། གཞན་ཡང《དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་བརྗོད་དཔག་བསམ་སྙེ་མ་》 ལས“མ་ག་དྷ་རྒྱལ་པོའི་ཁབ་ཏུ་པཎ་ཆེན་ཡ་ཤོ་མི་ཏྲ་ལ་སྒྲ་རྩིས་སྨན་དཔྱད་ཟློས་གར། གྲུབ་སྙིང་སྐོར་གསན།”[20]ཞེས་འབྱུང་བས།བླ་མ་པཎྜི་ཏ་ཡ་ཤོ་མི་ཏྲ་ཞེས་པ་ཞིག་ཀྱང་བསྟེན་པར་མངོན་ནོ། ། དེ་ལྟར་རྒྱ་གར་ཤར་ནུབ་ཆུ་བཞིར་གྲགས་པའི་སྡེ་དང་གཙུག་ལག་ཁང་རྣམས་སུ་བླ་མ་མང་པོ་བསྟེན་ནས་ཆོས་གདམས་ངག་མང་དུ་གསན་པའི་ཞོར་ལ།རྡོ་རྗེ་གདན་དང་བྱ་རྒོད་ཕུང་བོའི་རི། རྒྱལ་བོའི་ཁབ། འོད་མའི་ཚལ། དུར་ཁྲོད་བསིལ་བ་ཚལ་སོགས་གཙུག་ལག་ཁང་གནས་ཆེན་མང་པོར་ཕྱག་མཇལ་གྱིས། རྒྱ་གར་ཡུལ་དབུས་སུ་ལོ་ཧྲིལ་བོ་གཉིས་བཞུགས་སོ། །
དེ་ནས་ཕྱིར་བལ་ཡུལ་དུ་ཕེབས།《ཆག་ལོའི་ལམ་ཡིག་》ལས“པཎྜི་ཏ་ཆེན་པོ་རེ་བེནྡྲ་དེ་ཝ། བོད་སྐད་དུ། ཉི་མའི་དབང་པོའི་ལྷ། མངོན་པར་ཤེས་པ་མངའ་བའི་དགེ་བསྙེན་དེ་ལ། འཕགས་སྐོར་དང་རྡོ་རྗེ་འཕྲེང་བ་ལ་སོགས་པ་ཆོས་མང་དུ་ཞུས། མདོ་རྒྱུད་རྟོགས་པ་བསྡུས་པ་ཚར་གསུམ་གསན།”[21] ཞེས་འབྱུང་བ་ལྟར།པཎྜི་ཏ་ཆེན་པོ་རེ་བེནྡྲ་ལས་སླར་ཡང་ཆོས་གདམས་ངག་མང་དུ་གསན། གཞན་ཡང་《དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་བརྗོད་དཔག་བསམ་སྙེ་མ་》ལས“རངྒཎ་བི་ཧ་རར་བི་ཀྲི་མ་ཤཱི་ལའི་ཆོས་དཔོན་ཛི་ན་རཀྵི་ཏ་དང་། སྠི་བི་ཧ་རར་བི་བྷུ་ཏི་ཙནྡྲ་དང་། མ་ཎི་ཀ་ཤྲི་ཛྙཱ་ན་དང་། དྷརྨ་ཤྲི་དང་། མ་ནོ་ར་ཐ་གུསྟ་དང་། གོོ་ཏ་མ་ཤྲཱི་ཛྙཱ་ན་རྣམས་ལས། རིག་པའི་གནས་ལྔ་སྡེ་སྣོད་གསུམ་བརྒྱུད་སྡེ་བཞིའི་གཞུང་བཤད་དབང་གདམ་ངག་མང་དུ་གསན།”[22]ཞེས་འབྱུང་ངོ་། ། དེ་ལྟར་མཚན་ལྡན་གྱི་བླ་མ་མང་པོ་བསྟེན་ནས་མདོ་རྒྱུད་ཀྱིས་བསྡུས་པའི་གཞུང་ལུགས་སྣ་ཚོགས་ལ་ཐོས་བསམ་མཛད་པའི་ཞོར་དུ། འཕགས་པ་ཤིང་ཀུན་དང་འཕགས་པ་བུ་ཁང་གི་གཙུག་ལག་ཁང་། གོང་གི་ལྷ་ཁང་ངམ་ཆོས་དབྱིངས་ཀྱི་གཙུག་ལག་ཁང་སོགས་གནས་ཆེན་མང་པོར་མཇལ་ནས།སྔ་ཕྱིར་བལ་ཡུལ་དུ་ལོ་རིལ་བོ་བརྒྱད་བཞུགས་སོ། ། མདོར་ན། 《དེབ་ཐེར་སྔོན་པོ་》ལས“སྤྱིར་པཎྜི་ཏ་ཆེན་པོ་བཅུ་གཉིས། བོད་ཀྱི་ལོ་ཙཱ་བ་བཞི། མཁས་བཙུན་ཉི་ཤུ་རྩ་གཅིག་ལ་སོགས་པ་ལ་ཆོས་གསན།”[23] ཞེས་འབྱུང་བ་ལྟར། བོད་དང་རྒྱ་བལ་གྱི་ཡུལ་གྲུ་ཀུན་ཏུ་ཕེབས་ནས་ལོ་ངོ་སུམ་བཅུ་ལྷག་གི་རིང་ལ། སྔགས་མཚན་ཉིད་ཀྱིས་བསྡུས་པའི་ཆོས་གདམས་ངག་མང་དུ་གསན་པ་ཡིན་ནོ། །
༄༅། །ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་རྣམ་ཐར་ལོ་ཚིགས། | |||
རབ་བྱུང་དང་ལོ་རྟགས། | སྤྱི་ལོ། | དགུང་ལོ། | ས་གནས་དང་མཛད་འཕྲིན། |
རབ་བྱུང་གསུམ་པའི་ས་རྟ། | ༡༡༩༨ | ༡ | གཉལ་གྱི་རྟེའུ་རར་སྐུ་འཁྲུངས། |
རབ་བྱུང་གསུམ་པའི་ཤིང་བྱི་ནས་རབ་བྱུང་བཞི་བའི་མེ་ཡོས། | ༡༢༠༤—༡༢༠༧ | ༧—༡༠ | རྒྱ་བོད་ཀྱི་ཡི་གེའི་འབྲི་ཀློག་བསླབས། |
རབ་བྱུང་བཞི་བའི་ས་འབྲུག་ནས་མེ་གླང། | ༡༢༠༨—༡༢༡༧ | ༡༡—༢༠ | ཆག་ལོ་དགྲ་བཅོམ་པའི་དྲུང་དུ་རྟེའུ་རར་བཞུགས། |
རབ་བྱུང་བཞི་བའི་ས་སྟག | ༡༢༡༨ | ༢༡ | བལ་བོར་ཕེབས། |
རབ་བྱུང་བཞི་བའི་ས་ཡོས། | ༡༢༡༩ | ༢༢ | མངའ་རིས་དང་གཙང་དུ་ཕེབས། ལོ་བཞི་བཞུགས། |
རབ་བྱུང་བཞི་བའི་ཆུ་རྟ། | ༡༢༢༢ | ༢༥ | སླར་ཡང་བལ་བོར་བྱོན། |
རབ་བྱུང་བཞི་བའི་ཆུ་ལུག་ནས་ཤིང་སྤྲེལ། | ༡༢༢༣—༡༢༢༤ | ༢༦—༢༧ | རྒྱ་གར་དུ་བྱོན། ཡུལ་དབུས་སུ་ལོ་གཉིས་བཞུགས། |
རབ་བྱུང་བཞི་བའི་ཤིང་བྱ་ནས་ས་གླང་། | ༡༢༢༥—༡༢༢༩ | ༢༨—༣༢ | ཕྱིར་བལ་བོར་བྱོན། ལོ་དྲུག་བཞུགས། |
རབ་བྱུང་བཞི་བའི་ལྕགས་སྟག་ནས་ཆུ་སྦྲུལ། | ༡༢༣༠—༡༢༣༣ | ༣༣—༣༦ | མང་ཡུལ་ཡང་ཐོག་གི་གདན་ས་ལོ་བཞི་མཛད། |
རབ་བྱུང་བཞི་བའི་ཤིང་རྟ། | ༡༢༣༤ | ༣༧ | རྟེའུ་རར་ཕེབས། གདན་ས་ལོ་མང་མཛད། |
རབ་བྱུང་བཞི་བའི་མེ་སྤྲེལ། | ༡༢༣༦ | ༣༩ | ཁྲ་འབྲུག་དང་བསམ་ཡས་སུ་ཆོས་འཁོར་བསྐོར། |
རབ་བྱུང་བཞི་བའི་ཆུ་བྱི། | ༡༢༥༢ | ༥༥ | བཀྲ་ཤིས་སྒོ་མང་བཏབ། |
རབ་བྱུང་བཞི་བའི་མེ་འབྲུག | ༡༢༥༦ | ༥༩ | ཧོར་ཡུལ་དུ་སྤྱན་དྲངས་ཀྱང་ཞབས་སྙུང་བས་ ཕེབས་མ་ཐུབ། འཇའ་ས་དང་བཅས་པ་གནང་། |
རབ་བྱུང་བཞི་བའི་ས་རྟ་ནས་ཆུ་ཕག | ༡༢༥༨—༡༢༦༣ | ༦༡—༦༦ | ཐང་བོ་ཆེའི་གདན་ས་ལོ་ལྔ་མཛད། |
རབ་བྱུང་བཞི་བའི་ཤིང་བྱི། | ༡༢༦༤ | ༦༧ | འཇུ་ཕུ་དང་ས་སྐྱར་འཆད་ཉན་བྱས། |
རབ་བྱུང་བཞི་བའི་ཤིང་བྱི། | ༡༢༦༤ | ༦༧ | གཉལ་གྱི་རྟེའུ་རར་སྐུ་གཤེགས། |
རྣམ་ཐར་ལོ་ཚིགས་འདི་ནི་ཆག་ལོའི་ལམ་ཡིག་དང་དུས་འཁོར་ཆོས་འབྱུང་དུ་བཀོད་པ་རྣམས་གཞིར་བྱས་ནས་བསྒྲིགས་པ་ཡིན། |
གསུམ་པ། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་ཆོས་བརྒྱུད་གྲུབ་མཐའ་གང་དུ་གཏོགས་མིན་སྐོར།
ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་འཚོ་བཞེས་གནང་བའི་སྐབས་དེར། བོད་དུ་ཇོ་ནང་དང་དགེ་ལུགས་མ་གཏོགས་རྙིང་མ་དང་བཀའ་གདམས། བཀའ་བརྒྱུད། ས་སྐྱ་སོགས་གྲུབ་མཐའ་ཆེན་པོ་ཕལ་ཆེ་བ་བྱུང་ཡོད། ཡིན་ནའང་།《ཆག་ལོའི་ལམ་ཡིག》ལས་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་ནི་ཆོས་བརྒྱུད་གྲུབ་མཐའ་གང་དུ་གཏོགས་པ་དང་གྲུབ་མཐའི་རང་ལུགས་གང་ཞིག་འཛིན་པའི་སྐོར་གསལ་བོར་གསུངས་མེད། ཁོང་གིས་བསྟེན་པའི་བླ་མའི་ཁྲོད་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་ནི་ཁྲོ་ཕུ་བཀའ་བརྒྱུད་དང་། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ནི་ས་སྐྱ།སྣར་ཐང་བ་གྲོ་སྟོན་བདུད་རྩི་གྲགས[24]ནི་བཀའ་གདམས་ ཡིན་པ་སོགས་གྲུབ་མཐའ་རིས་མེད་ཀྱི་བླ་མ་མང་པོ་ཞིག་ཡོད། དེ་བས་བླ་མ་བསྟེན་ཚུལ་གྱི་ཆ་ནས་སྒྲུབ་བརྒྱུད་གྲུབ་མཐའ་གང་ཡིན་པ་ངོས་འཛིན་བྱེད་དཀའ་འོ། །ཡིན་ནའང་།གདན་ས་བསྐྱངས་ཚུལ་གྱི་ཐད་ནས། ཆག་ལོ་ཆོས་རྗེ་དཔལ་རྒྱ་བལ་ནས་ཕྱིར་བོད་དུ་ཕེབས་རྗེས།《ཆག་ལོའི་ལམ་ཡིག་》ལས“མང་ཡུལ་གུང་ཐང་ཡང་ཐོག་ཏུ་ལོ་བཞི་བཞུགས”[25]ཞེས་འབྱུང་བ་དང་། མང་ཡུལ་གུང་ཐང་ཡང་ཐོག(དེང་གི་མངའ་རིས་མང་ཡུལ་སྐྱིད་གྲོང་རྫོང་ཁོངས།)ནི་ནག་ཚོ་ལོ་ཙཱ་བའི་གདན་ས་ཡིན་པར་ལམ་ཡིག་རང་དུ་གསལ་བ་དང་བཀའ་གདམས་ཀྱི་རང་ལུགས་འཛིན་པའི་དགོན་པ་ཞིག་ཡིན་པ་ཤེས་ནུས། ཡང་རྟེའུ་ར་བ་རྣམས་ཀྱིས་གདན་དྲངས་པ་བཞིན་མང་ཡུལ་ཡང་ཐོག་ནས་རྟེའུ་རར (དེང་གི་ལྷོ་ཁ་ལྷུན་རྩེ་རྫོངས་ཁོངས།)ཕེབས་ཏེ་གདན་ས་ལོ་མང་བསྐྱངས། རྟེའུ་ར་ནི་《དེབ་ཐེར་སྔོན་པོ་》ལས“གཙོ་བོ་རྟེའུ་རར་གདན་ཕབ་པ་ཡིན་ཏེ།འདི་དང་པོར་སྣེའུ་ཟུར་བའི་སློབ་མ་སྐོར་ཆེན་པོས་བཏབ”[26] ཞེས་དང་།《དགའ་ལྡན་ཆོས་འབྱུང་བཻཌཱུརྱ་སེར་བོ་》ལས“རྟེའུ་ར་ནི་པོ་ཏོ་བའི་སློབ་མ་སྐོར་འདུལ་བ་ཆེན་པོས་རང་གཞིས་ཆག་པའི་རྟ་ར་དང་ཉེ་བར་ཆོས་སྡེ་བཏབ་པས་མིང་རྟེའུ་རར་ཆགས”[27]ཞེས་འབྱུང་བ་ལྟར། བཀའ་གདམས་ཀྱི་རང་ལུགས་འཛིན་པའི་དགོན་པ་ཞིག་ཡིན་པ་ཤེས་ནུས། ཡང་རྟེའུ་རར་ནས་ཐང་བོ་ཆེར་ཕེབས་ཏེ་གདན་ས་ལོ་ལྔ་བསྐྱངས་པ་དང་། སོལ་ནག་ཐང་བོ་ཆེ་ནི(དེང་གི་ལྷོ་ཁ་འཕྱོངས་རྒྱས་རྫོང་ཁོངས།) ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཀྱི་སློབ་མ་གྲུ་མེར་ཚུལ་ཁྲིམས་འབྱུང་གནས་ལ་སོགས་པ་མཆེད་བརྒྱད་ཀྱིས། རབ་བྱུང་གོང་གི་མེ་སྦྲུལ་སྤྱི་ལོ ༩༥༧ ལོར་ཕྱག་བཏབ་པ་དང་། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གིས་དར་ཞིང་རྒྱས་པར་མཛད་པ་ཡིན། གདན་རབས་ཀྱི་སྐོར་ལ《དགའ་ལྡན་ཆོས་འབྱུང་བཻཌཱུརྱ་སེར་བོ་》ལས“ཁུ་སྟོན་ནས་འབྱུང་གནས་རྒྱལ་མཚན། ཁུ་ཤེར་བརྩོན། ཁུ་མདོ་སྡེ་འབར། ཆག་ལོ་དགྲ་བཅོམ་པ། ཆག་ཆོས་རྗེ་དཔལ”[28] ཞེས་འབྱུང་ངོ་། ། དེ་ལྟར་ཆོས་སྡེ་ཁག་གི་གདན་ས་རིམ་པར་བསྐྱངས་ཚུལ་གྱི་ཐད་ནས་བལྟས་ན། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་ནི་བཀའ་གདམས་པའི་རང་ལུགས་འཛིན་མཁན་གྱི་ལོ་ཙཱ་བ་དང་པཎྜི་ཏ་ཞིག་ཡིན་པར་བསམས་སོ། །
བཞི་བ། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་མཛད་རྗེས་སྐོར།
ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་ནི་འཁོར་ལོ་གསུམ་གྱིས་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་པའི་ལོ་པཎ་ཞིག་ཡིན་པའི་ཆ་ནས། མཛད་རྗེས་ཆེ་ཕྲན་མཐོང་ཆོས་སུ་མ་གྱུར་བ་མང་མོད། གཙོ་བོར་གྱུར་བ་ནི་སྔགས་ལོག་སུན་འབྱིན་མཛད་ནས་བསྟན་པ་ལ་དག་ཐེར་བྱས་པ་དང་ཆག་ལོའི་ལུགས་ཀྱི་དུས་འཁོར་གྱི་ཆོས་རྒྱུན་བོད་དུ་སྤེལ་བ། མདོ་རྒྱུད་བསྟན་བཅོས་མང་པོ་བོད་སྐད་དུ་བསྒྱུར་བ། ཆོས་སྡེ་ཁག་གི་གདན་སར་རིམ་པར་བཞུགས་ནས་བུ་སློབ་མང་དུ་བསྐྱངས་པ་སོགས་ཡིན་ནོ། །
གཅིག སྔགས་ལོག་སུན་འབྱིན་མཛད་ནས་བསྟན་པ་ལ་དག་ཐེར་བྱས་པ།
བསྟན་པ་ཕྱི་དར་གྱི་སྐབས་སུ་བོད་དུ་ཆོས་ལོག་མང་པོ་དར་ཡོད་པ་ལྷ་བླ་མ་ཡེ་ཤེས་འོད་དང་ལོ་ཙཱ་བ་རིན་ཆེན་བཟང་བོ། འགོས་ཁུག་པ་ལྷས་བཙས་སོགས་ཀྱི་སྔགས་ལོག་སུན་འབྱིན་ལས་ཤེས་ཐུབ་པ་དང་། དུས་རབས་བཅུ་གསུམ་པའི་ནང་བོད་དུ་ཆོས་ལོག་མང་པོ་དར་ཡོད་པ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱི་《སྡོམ་གསུམ་རབ་དབྱེ་》དང་ཆག་ལོ་ཆོས་རྗེ་དཔལ་གྱི་《སྔགས་ལོག་སུན་འབྱིན་ཤེས་རབ་རལ་གྲི་》སོགས་ལས་ཤེས་ཐུབ། དེ་ཡང་《སྡོམ་གསུམ་རབ་དབྱེ་》ལས“དེང་སང་གངས་རིའི་ཁྲོད་འདི་ན། །རིགས་པས་བསྒྲུབས་པར་མི་ནུས་ཤིང་། །སངས་རྒྱས་བསྟན་དང་འགལ་བ་ཡི། ། འཁྲུལ་པ་གསར་པ་དུ་མ་བྱུང་། །”[29]ཞེས་དང་།《སྔགས་ལོག་སུན་འབྱིན་ཤེས་རབ་རལ་གྲི་》ལས“བོད་ཁ་བ་ཅན་གྱི་རྒྱལ་ཁམས་འདིར། སངས་རྒྱས་ཀྱི་བསྟན་པ་མ་ཡིན་པ་ལ་ཡིན་པར་བསྟན་པ། ཡིན་པ་ལ་མ་ཡིན་པར་བཏགས་ཏེ་བསྟན་པ། ཆོས་ལོག་དྲི་མ་ཅན་དཔག་ཏུ་མེད་པ་དར་བར་གཟིགས་ནས”[30]ཞེས་འབྱུང་བ་ལྟར་རོ། ། དེ་བས་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱིས་བོད་དུ་དར་བའི་ཆོས་གསར་རྙིང་གཉིས། བཀའ་གཏེར་གཉིས་ལ་སོགས་པ་རྣམས་དཀར་ཆག་ཏུ་བཏབ་ནས་བལ་བོ་དང་རྒྱ་གར་དུ་གཤེགས་པ་དང། མ་ག་དྷའི་གཙུག་ལག་ཁང་གནས་ཆེན་དུ་མའི་དཀར་ཆག་དང“པཎྜི་ཏ་ལུང་རིགས་སྒྲ་ཚད་གྲུབ་མཐའ་ལ་མཁས་པ་བརྒྱད་ཅུ”[31]ལ་གཏུགས་ཤིང་། དམིགས་སུ་པཎྜི་ཏ་རཀྵི་ཏ་དང་ཉི་མ་དབང་བོའི་འོད་ཟེར། སྒྲ་གཅན་འཛིན་བཟང་པོ། གནས་བརྟན་ཆེན་པོ་ལེགས་སྐྱོང་ཞབས་བཞི་ལ་བསྟན་ནས་ཆོས་དང་ཆོས་མ་ཡིན་པའི་ཁྱད་པར་ཞུས་པས། བོད་དུ་སངས་རྒྱས་ཀྱིས་མ་གསུངས་ཤིང་པཎྜི་ཏས་མ་འགྲེལ་ལ། ལོ་ཙཱ་བ་རྣམས་ཀྱིས་མ་འགྱུར་བའི་རང་བཟོའི་ཆོས་ལུགས་དང་གཞུང་ལུགས་དྲི་མ་ཅན་མང་པོ་ཡོད་པ་ཤེས་ནས། དེ་རྣམས་སུན་ཕྱུང་སྟེ་བསྟན་པ་ལ་དག་ཐེར་བྱ་ཆེད《སྔགས་ལོག་སུན་འབྱིན་ཤེས་རབ་རལ་གྲི》མཛད་ནས་བལ་བོ་དང་བོད་ཡུལ་གྱི་ཆོས་སྡེ་རྣམས་ལ་སྤྲིངས་སོ། །
ཆག་ལོ་ཆོས་རྗེ་དཔལ་གྱི་སྔགས་ལོག་སུན་འབྱིན་འདི་གྲགས་ཆེ་བ་ཡིན་ཏེ། སྐབས་དེའི་མཁས་པ་དང་ཕྱིས་ཀྱི་མཁས་པ་མང་པོར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཚུལ་འདི་ལ་འགྲོ་མགོན་ཆོས་རྒྱལ་འཕགས་པས“མ་ཆ༵གས་ལོ༵་བདག་ཚ་ཟེར་བྱེད་སོགས་ཀྱིས། །མཆོད་པའི་གནས་གྱུར་ཆོ༵ས་ཉིད་རྡོ་རྗེ༵་ཡིས། །ལྟ་ངན་རི་འཇོམས་གདུལ་བྱའི་དཔ༵ལ་གྱུར་བ། །བསྒྲུབ་པ་བཟང་བོ་ཁྱོད་ནི་རྒྱལ་གྱུར་ཅིག།”[32] ཅེས་བསྟོད་བསྔགས་མཛད་ཡོད་དོ། །《སྔགས་ལོག་སུན་འབྱིན་》འདི་ནམ་མཛད་པའི་ལོ་ཚིགས་ཐད་གསལ་ཐག་ཆོད་པ་ཞིག་ཤེས་དཀའ་ཡང་།《སྔགས་ལོག་སུན་འབྱིན་》ལས“རྒྱ་གར་རྡོ་རྗེ་གདན་ནས་བལ་ཡུལ། པུ་རངས། བོད་ཡུལ་གྱི་ལྷ་ས།བསམ་ཡས།ཐང་བོ་ཆེ་རྣམས་སུ་བྲིས་ནས་བསྒྲགས་སོ། །”[33] ཞེས་འབྱུང་བར་བརྟག་ན། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་རྒྱ་གར་དུ་སླེབས་པའི་ལོ་ཚིགས་ནི་རབ་བྱུང་བཞི་བའི་ཆུ་ལུག་སྟེ་སྤྱི་ལོ༡༢༢༣ལོ་ཡིན་པ་དང། རྒྱ་གར་དུ་ལོ་ཧྲིལ་བོ་གཉིས་བཞུགས་པ་ཡིན་པས།《སྔགས་ལོག་སུན་འབྱིན་》འདི་མཛད་པའི་ལོ་ཚིགས་ཀྱང་ཕལ་ཆེར་སྤྱི་ལོ༡༢༢༣ནས༡༢༢༤ལོ་བར་ཡིན་པར་བསམས་སོ། །
གཉིས། ཆག་ལོའི་ལུགས་ཀྱི་དུས་འཁོར་གྱི་ཆོས་རྒྱུན་བོད་དུ་སྤེལ་བ།
དེ་ཡང་བོད་དུ་དར་བའི་དུས་འཁོར་གྱི་བརྒྱུད་པ་ལ“གྱི་ཇོ་ལུགས་དང། འབྲོ་ལུགས་དང་། རྭ་ལུགས་དང་། ཙ་མི་ལུགས་དང་། ཤཱཀྱ་ཤྲི་ལུགས་དང་། ཆག་ལུགས་དང་། ཤ་ཝ་ར་དབང་ཕྱུག་གི་མན་ངག་ལུགས་སོགས་ཁྱད་པར་དུ་འཕགས་པར་བཤད་པ”[34]ལས། ཆག་ལུགས་ནི་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་ནས་བརྒྱུད་པའི་དུས་འཁོར་གྱི་བརྒྱུད་པའོ། ། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱིས་དུས་འཁོར་གསན་ཚུལ་ནི། 《དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་བརྗོད་དཔག་བསམ་སྙེ་མ་》ལས“བཅོ་ལྔ་བ་ལ་སྔགས་མཚན་ཉིད་ཐེག་པ་ཆེ་ཆུང་གི་གདམས་པ་ཁྱད་པར་སྦྱོར་དྲུག་གསན”[35] ཞེས་ཆག་ལོ་དགྲ་བཅོམ་པའི་མདུན་ནས་ཙ་མིའི་ལུགས་དང་པཎ་ཆེན་ཤཱཀྱ་ཤྲི་ལུགས་ཀྱི་དུས་འཁོར་གསན་པ་དང་། ཡང་དེ་ཉིད་ལས“ཁྱད་པར་དུ་ཡོལ་སྟོན་པ་ལ་རྩིས་དང་སྦྱོར་དྲུག་དང་། དྲོ་ཆུང་ཟེད་སྒོམ་ལའང་སྦྱོར་དྲུག་གསན”[36]ཞེས་དང་། བལ་ཡུལ་དུ“དྷརྨ་དྷ་ཏུ་བི་ཧ་རར་པཎ་ཆེན་རྡོ་རྗེ་ལྡན་པ་རེཝེནྡྲའི་སྤྱན་སྔར་ལོ་གཅིག་བཞུགས་ཏེ། འདུས་པ་དང་དུས་འཁོར་ལ་སོགས་པའི་དབང་སྐུར་བཅུ་གསུམ”[37]ཞེས་དང་།“ཁྱད་པར་དུ་ཛི་ན་རཀྵི་ཏ་ལ་དུས་འཁོར་རྒྱུད་འགྲེལ་གསན་ཅིང་འགྱུར་ཡང་མཛད། བི་བྷཱུ་ཏི་ལ་རྒྱུད་བཤད་དང་། ལྷག་པར་ཤ་ཝ་ར་ལུགས་ཀྱི་སྦྱོར་དྲུག་གསན།”[38]ཞེས་ཤ་ཝ་ར་དབང་ཕྱུག་གི་མན་ངག་ལུགས་སོགས་གསན་པར་བཞེད་པ་དང་། ཡང་དེ་ཉིད་ལས“ན་ལེནྡྲར་གནས་བརྟན་རཱ་ཧུ་ལ་ཤྲཱི་བྷ་དྲ་གཙོ་བོར་བརྟེན་ནས། ཀ་ལཱ་པ་འདུལ་བ་ཏིང་ངེ་འཛིན་རྒྱལ་པོ་དུས་འཁོར་བདེ་དགྱེ་གསང་འདུས་སོགས་གསན།”[39]ཞེས་འབྱུང་བ་ལྟར། བོད་དུ་བརྒྱུད་པའི་དུས་འཁོར་གྱི་བརྒྱུད་པ་ཕལ་མོ་ཆེ་གསན་པ་ཡིན་ནོ། །དེ་ནས་དུས་འཁོར་གྱི་འཆད་ཉན་སྤེལ་ཚུལ་ནི། མང་ཡུལ་གུང་ཐང་དུ་བཞུགས་དུས “གློ་བོ་ལོ་ཙཱ་བ་དང་གཡག་སྡེ་ལོ་ཙཱ་བ་དང་གོ་ལུང་པ་མདོ་སྡེ་དཔལ་རྒྱལ་མཚན་དང་། གཡུང་ཕུག་པ་རྒྱལ་མཚན་སོགས་སྣེ་སྣོད་འཛིན་པ་མང་པོ་ལ། འཕགས་སྐོར་བདེ་དགྱེས་དུས་འཁོར་གཤེད་སྐོར་སོགས་གནང་།”[40]ཞེས་དང་། རྟེའུ་རར་བཞུགས་དུས“གཞན་ཡང་དུས་འཁོར་སོགས་བཤད་གྲྭ་དང་།དགོན་གདང་ཞེས་པར་ཐུགས་དམ་སྐྱོང་ཞིང་། རིམ་ལྔ་དང་སྦྱོར་དྲུག་གི་ཁྲིད་གྲྭ་བཙུགས།”[41]ཞེས་དང་། “ང་ལྔ་པ་ལ་བཀྲ་ཤིས་སྒོ་མང་ཞེས་པ་བཏབ། དེར་རིམ་ལྔ་དང་སྦྱོར་དྲུག་གི་སྒྲུབ་གྲྭ་བཙུགས་པས་ཐུགས་དམ་སྒོམ་སྡེར་གྲགས།”[42]ཞེས་འཁོད་པ་ལྟར། དུས་འཁོར་གྱི་ཁྲིད་གྲྭ་དང་སྒྲུབ་གྲྭ་སོགས་བཙུགས་ནས་འཆད་ཉན་མང་དུ་བྱས་པ་དང། རྗེས་འཇུག་སློབ་མ་རྣམས་ལས་ཆག་ལུགས་ཀྱི་ཆོས་རྒྱུན་འཕེལ་ཚུལ་ཡང《སྔ་འགྱུར་རྡོ་རྗེ་ཐེག་པ་གཙོ་བོར་གྱུར་བའི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བྱུང་བ་བརྗོད་པ》ལས“ཆག་ཆོས་རྗེ་དཔལ་ནས། གོ་ལུང་བ་མདོ་སྡེ་དཔལ། མཁས་གྲུབ་ཡེ་རྒྱན་པ། སྙེ་མདོ་བ་ཀུན་དགའ་དོན་འགྲུབ། རྗེ་རང་བྱུང་པ་སོགས་ལས་བརྒྱུད”[43]ཅེས་དང་། 《དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་བརྗོད་དཔག་བསམ་སྙེ་མ་》ལས“ གོ་ལུང་པ་མདོ་སྡེ་དཔལ་རྒྱལ་མཚན་གྱིས་ཆོས་རྗེ་མངའ་རིས་ན་བཞུགས་པའི་སྐབས་སུ། དབང་རྒྱུད་འགྲེལ་མན་ངག་དང་བཅས་པ་གསན་ཅིང་སྦྱངས། རྩིས་ལ་ཤིན་ཏུ་མཁས་སླད་མར་ཤོང་ལོ་སྐུ་མཆེད། གོ་ལུང་པ་གཞོན་ནུ་དཔལ། གྲུབ་ཆེན་ཨུ་རྒྱན་པ་སོགས་ལ་གསུངས་སོ། །”[44]ཞེས་འབྱུང་བ་ལྟར། རིམ་བཞིན་ཤོང་ལོ་སྐུ་མཆེད་དང་མཁས་གྲུབ་ཨུ་རྒྱན་པ། ཀརྨ་བ་རང་བྱུང་རྡོ་རྗེ་སོགས་ལ་བརྒྱུད་པར་བཞེད་པ་དང་། བཅོམ་ལྡན་རིག་པའི་རལ་གྲི་ཡང་ཐོག་མར་དུས་འཁོར་ལ་ཐུགས་མི་དགྱེས་པ“ཕྱིས་ཆག་ལོ་ཙཱ་བ་ལ་རྒྱུད་འགྲེལ་གསན་པས་མཆོག་ཏུ་དུས་འཁོར་ལ་མོས་ཤིང་མཁས་པར་གྱུར། སློབ་མའི་ཚོགས་ལའང་ལན་མང་དུ་གསུངས་སོ། །”[45]ཞེས་འབྱུང་བ་ལྟར་རོ། ། གཞན་ཡང་ཆག་ལོ་ནས་བརྒྱུད་པའི་དུས་འཁོར་གྱི་ལུང་རྒྱུད་ནི“ཆག་ལོ། ཐུགས་སྲས་གཙང་པ་དབང་ཕྱུག་ཤེས་རབ་ནས། ཆག་ལོའི་དབོན་པོ་བསྟན་འཛིན་དཔལ་བཟང་པོ། ཆག་རིན་ཆེན་འབྱུང་གནས་དཔལ་བཟང་པོ། རྗེ་བཙུན་དཔལ་ཆེན་བཟང་པོ། ཆོས་རྗེ་ཡེ་ཤེས་དཔལ་བཟང་པོ་ཡབ་སྲས་ཏེ་རྒྱུད་འགྲེལ་གྱི་ལུང་རྒྱུད་དོ། །”[46]ཞེས་རིམ་པར་བརྒྱུད་པ་དང་། དབང་རྒྱུད་ནི“ཆག་ལོ།ཤངས་པ་ཚུལ་ཤེས། བླ་བྲང་པ་གཞོན་ནུ་རྒྱལ་མཚན། བླ་བྲང་བློ་གྲོས་དཔལ། བླ་བྲང་པ་བཟང་པོ་དཔལ། དཔལ་ཆེན་བཟང་པོ། ཡེ་ཤེས་དཔལ་བཟང་པོ་དབང་རྒྱུད་དོ། །”[47]ཞེས་རིམ་པར་བརྒྱུད་པ་དང་། ཁྲིད་རྒྱུད་ནི“ཆག་ལོ། གྲུམ་སྟོན་ཤེས་རབ་དཔལ། གྲུབ་ཐོབ་ལེགས་ལྡན་འོད། དཔལ་ཆེན་བཟང་པོ། ཡེ་ཤེས་བཟང་པོ་ཁྲིད་ཀྱི་རྒྱུད་པའོ། །”[48]ཞེས་རིམ་པར་བརྒྱུད་པ་ཡིན་ནོ། །
གསུམ། མདོ་རྒྱུད་བསྟན་བཅོས་མང་པོ་བོད་སྐད་དུ་བསྒྱུར་བ།
བསྟན་པ་སྔ་དར་ནས་བཟུང་ལོ་པཎ་རིམ་བྱོན་གྱིས་ནང་ཆོས་བོད་དུ་སྤྱན་འདྲེན་པའི་གོ་རིམ་ཁྲོད་གཞུང་བསྒྱུར་བ་གཙོ་བོ་དང་ཞོར་དུ་གཞུང་འགྲེལ་དང་བསྟན་བཅོས་ཁ་ཤས་མཛད་ཡོད་པ་ལྟར། ཆག་ལོ་ཙཱ་ཆོས་རྗེ་དཔལ་ལའང་《བླ་མའི་གསུང་བཀའ་དྲིན་དྲན་པའི་རབ་ཏུ་བྱེད་པ་སུམ་ཅུ་པ་ཞེས་བྱ་བ་》དང་《སྔགས་ལོག་སུན་འབྱིན》《སྒྲོན་གསལ་གྱི་ཊིཀྐ》《ཆག་ལོའི་ཞུ་བ》[49]སོགས་ཁ་ཤས་མཛད་ཡོད་པ་ལས། གཙོ་བོ་ནི་མདོ་རྒྱུད་ཀྱི་བསྟན་བཅོས་མང་པོ་བོད་སྐད་དུ་བསྒྱུར་བ་ཉིད་དུ་ངེས་སོ། ། དེ་བས་ཚུལ་དེ་ལ་《ཆག་ལོའི་ལམ་ཡིག་》ལས“བླ་མ་ཆོས་རྗེ་ས་སྐྱ་པའི་ཞལ་ནས། ལོ་ཙཱ་བ་རིན་ཆེན་བཟང་པོའི་རྟིང་ལ། ཁྱེད་པས་མཁས་པ་མ་བྱུང་ངེས་པ་ཡིན།”[50] ཞེས་བསྟོད་བསྔགས་མཛད་པ་ཡིན་ནོ། །
འདིར《སྡེ་དགེའི་བཀའ་བསྟན》ཁྲོད་བཞུགས་པའི་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་སྒྱུར་རྩོམ་དག་ཕྱོགས་གཅིག་ཏུ་བཀོད་ན། ཀ བཀའ་འགྱུར་ལས། ༡ ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་སྙིང་པོའི་གཟུངས། ༢ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་རྟོག་པ་ཕྱོགས་གཅིག་པ། ཁ བསྟན་འགྱུར་ལས། ༣ དུས་ཀྱི་འཁོར་ལོ་ལ་འཇུག་པ་ཞེས་བྱ་བ་རྩིས་ཀྱི་བསྟན་བཅོས། ཆག་ཆོས་རྗེ་དཔལ་གྱིས་འགྱུར་ཞུས། ༤ མཚན་བརྗོད་ཀྱི་མདོར་བཤད་བདུད་རྩིའི་ཐུགས་པ། ནོར་བུའི་དཔལ་ཡེ་ཤེས། ཉི་མའི་དབང་བོའི་འོད་ཟེར། ཆག་ཆོས་རྗེ་དཔལ། ༥ བདེ་མཆོག་ཕྱག་གཉིས་པ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས། རཏྣ་རཀྵི་ཏ། ཆག་ཆོས་རྗེ་དཔལ། ༦ རང་བྱིན་གྱིས་བརླབས་པའི་རིམ་པའི་མན་ངག རཏྣ་རཀྵི་ཏ་སྦས་པ། ཆག་ཆོས་རྗེ་དཔལ། ༧ མེ་ཏོག་ཕྲེང་འཛིན་གྱི་བསྟོད་པ། མ་ཎི་ཀཤྲཱིཛྙཱ་ན། ཆག་ཆོས་རྗེ་དཔལ་གྱིས་འགྱུར་ཞུས།༨ ལས་ཀྱི་མཐའ་རྣམ་པར་འབྱེད་པ། མ་ཎི་ཀཤྲཱིཛྙཱ་ན། རེ་བེནྡྲ། ཆག་ཆོས་རྗེ་དཔལ། ༩ གཤིན་རྗེ་མཐར་བྱེད་དམར་པོའི་སྒྲུབ་ཐབས། ཉི་མའི་དབང་བོའི་འོད་ཟེར། ཆག་ཆོས་རྗེ་དཔལ། ༡༠ འོད་གསལ་འཆར་བའི་རིམ་པ། རེ་བེནྡྲ། ཆག་ཆོས་རྗེ་དཔལ། ༡༡ དཔལ་གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས། ཉི་མའི་དབང་བོའི་འོད་ཟེར། ཆག་ཆོས་རྗེ་དཔལ། ༡༢ དཔལ་གཤིན་རྗེ་གཤེད་དམར་པོའི་དཀྱིལ་འཁོར་གྱི་ཆོ་ག ཉི་མའི་དབང་བོའི་འོད་ཟེར། ཆག་ཆོས་རྗེ་དཔལ། ༡༣ དཔལ་གཤིན་རྗེ་གཤེད་ནག་པོ་དང་དམར་པོ་མཆོད་པའི་ཆོ་ག ཉི་མའི་དབང་བོའི་འོད་ཟེར། ཆག་ཆོས་རྗེ་དཔལ། ༡༤ གཤིན་རྗེ་གཤེད་དམར་པོའི་གཏོར་མའི་ཆོ་ག ཉི་མའི་དབང་བོའི་འོད་ཟེར། ཆག་ཆོས་རྗེ་དཔལ། ༡༥ གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས། ཉི་མའི་དབང་བོའི་འོད་ཟེར། ཆག་ཆོས་རྗེ་དཔལ། ༡༦རང་བྱིན་གྱིས་བརླབས་པའི་རིམ་པའི་མན་ངག་དང་བཅས་པ་གཤིན་རྗེ་མཐར་བྱེད་དམར་པོའི་མངོན་པར་རྟོགས་པ། ཉི་མའི་དབང་བོའི་འོད་ཟེར། ཆག་ཆོས་རྗེ་དཔལ། ༡༧ གཏོར་མའི་ཆོ་ག ཆག་ཆོས་རྗེ་དཔལ། ༡༨ རྡོ་རྗེ་ཐེག་པའི་སྦོམ་པོའི་ལྟུང་བ། མ་ཎི་ཀཤྲཱིཛྙཱ་ན། ཆག་ཆོས་རྗེ་དཔལ་གྱིས་འགྱུར་ཞུས། ༡༩ འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས། ཆག་ཆོས་རྗེ་དཔལ། ༢༠ ཨ་ར་པ་ཙ་ཎའི་སྒྲུབ་ཐབས། བི་བྷཱུ་ཏི་ཙནྡྲ། ཆག་ཆོས་རྗེ་དཔལ། ༢༡ བསྲུང་བ་ལྔའི་ཆོ་ག ཆག་ཆོས་རྗེ་དཔལ་གྱིས་འགྱུར་ཞུས། ༢༢ སྦྱིན་སྲེག་གི་ཆོ་ག་འོད་ཀྱི་སྙེ་མ། ཉི་མའི་དབང་བོའི་འོད་ཟེར། ཆག་ཆོས་རྗེ་དཔལ། ༢༣ དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་ཕྲེང་བ། རཏྣ་རཀྵི་ཏ། རཱ་ཧུ་ལ་ཤྲཱི་བྷ་དྲ། མ་ཎི་ཀ་ཤྲཱི་ཛྙཱ་ན། ཆག་ཆོས་རྗེ་དཔལ་གྱིས་འགྱུར་ཞུས། ༢༤ རྫོགས་པའི་རྣལ་འབྱོར་གྱི་ཕྲེང་བ། རཏྣ་རཀྵི་ཏ། རེ་བེནྡྲ། ཆག་ཆོས་རྗེ་དཔལ་གྱིས་འགྱུར་ཞུས། ༢༥ རྨུགས་འཛིན་འཚོལ་བའི་སྒྲུབ་ཐབས། བི་བྷཱུ་ཏི་ཙནྡྲ། ཆག་ཆོས་རྗེ་དཔལ་གྱིས་འགྱུར་ཞུས། ༢༦ འཕགས་པ་ཀླུ་སྒྲུབ་ཀྱི་སྨོན་ལམ། ཆག་ཆོས་རྗེ་དཔལ།
ག 《སྡེ་དགེའི་བསྟན་འགྱུར》དུ་མི་སྣང་བ《སྣར་ཐང་བསྟན་འགྱུར》《པེ་ཅིང་བསྟན་འགྱུར》ཁྲོད་བཞུགས་པ། ༢༧ དཔལ་འཁོར་ལོ་བདེ་མཆོག་གི་མངོན་པར་རྟོགས་པའི་འགྲེལ་བ། ཉི་མའི་དབང་བོའི་འོད་ཟེར། ཆག་ཆོས་རྗེ་དཔལ། ༢༨ ཕག་དཀར་ཤེས་རབ་སྣང་བའི་སྒྲུབ་ཐབས། ནོར་བུ་དཔལ་ཡེ་ཤེས། ཆག་ཆོས་རྗེ་དཔལ། ༢༩ བདེ་མཆོག་འཁོར་ལོའི་བསྟོད་པ། ཆག་ཆོས་རྗེ་དཔལ། ༣༠ བསྡུས་པའི་རིམ་པའི་སྒྲུབ་ཐབས། རེ་བེནྡྲ། ཆག་ཆོས་རྗེ་དཔལ་གྱིས་འགྱུར་ཞུས། ༣༡ གཤིན་རྗེ་མཐར་བྱེད་ཀྱི་འཁྲུལ་འཁོར་ཆོ་ག ཉི་མའི་དབང་བོའི་འོད་ཟེར། ཆག་ཆོས་རྗེ་དཔལ། ༣༢ གཤིན་རྗེ་གཤེད་དམར་པོའི་འཁོར་ལོའི་དེ་ཉིད་ངེས་པར་བཤད་པ། བྱང་ཆུབ་སྙིང་བོ། ཆག་ཆོས་རྗེ་དཔལ་སོགས་བསྡོམས་པའི་ཆོས་ཚན་སུམ་ཅུ་སོ་གཉིས་ལྷག་བཞུགས་སོ། །
བཞི། ཆོས་སྡེ་ཁག་གི་གདན་ས་རིམ་པར་མཛད་ནས་བུ་སློབ་མང་དུ་བསྐྱངས་པའི་སྐོར།
ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་རྒྱ་གར་དང་བལ་བོ་ནས་ཕྱིར་བོད་དུ་ཕེབས་རྗེས། མང་ཡུལ་ཡང་ཐོག་དང་ཧ་རི་མན་ད་སོགས་གནས་གཞི་བརྒྱད་ཅུ་ལྷག་ཏུ་གདན་ས་ལོ་བཞི་དང་། རྟེའུ་རའི་གདན་ས་ལོ་མང་། ཐང་བོ་ཆེའི་གདན་སར་ལོ་ལྔ་བཞུགས་པ་དང་།གཞན་ཡང་ཁྲ་འབྲུག་དང་བསམ་ཡས། ས་སྐྱ། ལྷ་ས། གདན་ས་ཐེལ། རལ་གུད། ཆུ་མིག བྲིན་ལྷས། བཀྲ་ཤིས་སྒོ་མང་སོགས་སུ་ཆོས་འཁོར་རྒྱ་ཆེན་པོ་བསྐོར་བ་དང་མདོ་རྒྱུད་བསྟན་བཅོས་ལ་འཆད་ཉན་རྩེ་གཅིག་ཏུ་མཛད་དོ། །《ཆག་ལོ་ཆོས་རྗེ་དཔལ་གྱི་བསྟོད་པ་རྨད་དུ་བྱུང་བའི་འོད་ཕྲེང་》ལས“སྒྲ་བསྒྱུར་ཕུལ་ཕྱིན་སྐད་གཉིས་སྨྲ་བ་པ། །མཁས་པ་ཀུན་གྱི་གཙུག་གི་རྒྱན་གྱུར་ཏེ། །གངས་རིའི་ཁྲོད་ཀྱི་གདུལ་བྱ་རྣམ་མང་ལ། །ལེགས་བཤད་ཆར་རྒྱུན་ཕབ་སྟེ་སྨིན་པར་མཛད། །”[51]ཅེས་འབྱུང་བ་ལྟར། གསུང་ལས་སྐྱེས་པའི་སློབ་མ་ལ《དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་བརྗོད་དཔག་བསམ་སྙེ་མ》ལས“འཕགས་པ་རིན་པོ་ཆེས་ཀྱང་རིག་པའི་གནས་འགའ་གསན”[52]ཞེས་འབྱུང་བ་ལྟར། འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་། གཞན་ཡང་བཅོམ་ལྡན་རིག་པའི་རལ་གྲི། འབྲི་གུང་སྤྱན་སྔ་བཅུ་གཉིས་རིན་པོ་ཆེ། ཆུ་མིག་པ་ཆེན་པོ། ཤར་བ་རྡོ་རྗེ་འོད་ཟེར། ཡེ་ཤེས་རྒྱལ་མཚན། དུས་འཁོར་བ་ཡེ་ཤེས་རིན་ཆེན། གློ་བོ་ལོ་ཙཱ་བ། གཡག་སྡེ་ལོ་ཙཱ་བ། གོ་ལུང་པ་མདོ་སྡེ་དཔལ་རྒྱལ་མཚན། གཡུང་ཕུག་པ་རྒྱལ་མཚན། གཙང་པ་དབང་ཕྱུག་ཤེས་རབ། ཤངས་པ་ཚུལ་ཤེས། གྲུམ་སྟོན་ཤེས་རབ་དཔལ། བླ་བྲང་བློ་གྲོས་དཔལ། འཇུ་བ་ཆོས་དར་རམ་དགེ་བསྙེན་ཆོས་དཔལ་དར་བྱང་སོགས། ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་བསྟན་འཛིན་བུ་སློབ་མང་དུ་ཐོན་ནོ། །
མཇུག་བསྡུ་བ།
ཡོངས་གྲགས་ལྟར་ན་ཆག་ལོ་དགྲ་བཅོམ་པ་ནི་ཆག་ལོ་དང་པོ་དང་། ཆག་ལོ་ཆོས་རྗེ་དཔལ་ནི་ཆག་ལོ་གཉིས་པ། ཆག་ལོ་རིན་ཆེན་ཆོས་རྒྱལ་ནི་ཆག་ལོ་གསུམ་པ་ཡིན་པར་བཤད་མོད། ཆོས་འབྱུང་དང་རྣམ་ཐར། གསན་ཡིག་ཁག་ཏུ་ད་དུང་ཆག་ལོ་གཙང་བ་ཤེས་རབ་སོགས་ཆག་ལོའི་མཚན་ཅན་གྱི་ལོ་ཙཱ་བ་ཁ་ཤས་འདུག་པས། ཆག་ལོ་ཆོས་རྗེ་དཔལ་ཆག་ལོ་དུ་བ་ཡིན་པའི་སྐོར་ད་སྔ་ཁ་ཚོན་གཅོད་ཐབས་བྲལ། གང་ལྟར་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་ནི་ཆག་ལོ་དགྲ་བཅོམ་པའི་དབོན་པོ་དང་ཆུང་ངུའི་དུས་ཆག་ལོ་དགྲ་བཅོམ་པ་དང་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་སོགས་བསྟེན་ནས་སཾ་སྐྲྀ་ཏའི་སྐད་ལ་སློབ་གཉེར་དང་ཆོས་གདམས་ངག་མང་དུ་གསན་ནོ། ། དེ་ནས་རིམ་བཞིན་བལ་ཡུལ་དང་རྒྱ་གར་དུ་ཕེབས་ནས། སྔགས་མཚན་ཉིད་ཀྱིས་བསྡུས་པའི་གཞུང་གདམས་ངག་མང་དུ་གསན་པ་དང་། བོད་དུ་དར་བའི་ཆོས་གསར་རྙིང་བཀའ་གཏེར་ལ་སོགས་པ་དཀར་ཆག་ཏུ་བཀོད་པ་རྣམས་རྒྱ་བལ་གྱི་དཀར་ཆག་དང་ཐོ་གཏུགས་ཤིང་བླ་མ་པཎྜི་ཏ་མང་པོར་འདྲི་རྩད་ཀྱིས་《སྔགས་ལོག་སུན་འབྱིན་》མཛད་ནས་བོད་ཡུལ་དུ་བསྐུར་བ་དང་། ཕྱིར་བོད་དུ་ཕེབས་ནས་ཆོས་བྱེད་གནས་གཞི་ཁག་གི་གདན་སར་རིམ་པར་བཞུགས་ཏེ་བསྟན་འཛིན་གྱི་བུ་སློབ་མང་དུ་བསྐྱངས་ཤིང་། མདོ་རྒྱུད་ཀྱི་བསྟན་བཅོ་མང་པོ་བོད་སྐད་དུ་བསྒྱུར་བ་དང། སྔགས་བླ་མེད་སྤྱི་དང་ཁྱད་པར་དུ་དུས་འཁོར་གྱི་ཆོས་རྒྱུན་ཐུན་མོང་མ་ཡིན་པ་བོད་དུ་སྤེལ་བ་སོགས་ལ་བྱས་རྗེས་ཆེན་པོ་བཞག་ཡོད་དོ། །
དཔྱད་ཡིག་དང་མཆན་བུ།
[1] འགོས་ལོ་གཞོན་ནུ་དཔལ། 《དེབ་ཐེར་སྔོན་པོ》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོ། P.1226
[2] སྡེ་སྲིད་སངས་རྒྱས་རྒྱ་མཚོ། 《དགའ་ལྡན་ཆོས་འབྱུང་བེཻཌཱུརྱ་སེར་བོ》 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1998ལོ། P.210
[3] འགོས་ལོ་གཞོན་ནུ་དཔལ། 《དེབ་ཐེར་སྔོན་པོ》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོ། P.1226
[4] མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། 《བསྟན་རྩིས་གསལ་བའི་ཉིན་བྱེད》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1985ལོ། P.151
[5] སུམ་པ་ཡེ་ཤེས་དཔལ་འབྱོར། 《སུམ་པ་པཎྡི་ཏ་ཡེ་ཤེས་དཔལ་འབྱོར་གྱི་གསུམ་འབུམ་བཞུགས་སོ། ། པོད་གསུམ་པ།》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2015ལོ། P.272
[6] ཚེ་ཏན་ཞབས་དྲུང་། 《བསྟན་རྩིས་ཀུན་བཏུས》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1982ལོ། P.180
[7] ཆག་ལོ་རིན་ཆེན་ཆོས་རྒྱལ།《དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་བརྗོད་དཔག་བསམ་སྙེ་མ》སྣ་རིང་དབུ་མེད་ལག་བྲིས་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས》པོད་ཛ་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010ལོ། P.417
[8] དུང་དཀར་བློ་བཟང་འཕྲིན་ལས།《དུང་དཀར་ཚིག་མཛོད་ཆེན་མོ》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2014ལོ། P.2318
[9] དགེ་བསྙེན་ཆོས་དཔལ་དར་བྱང་།《ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་རྣམ་ཐར》སྣ་རིང་དབུ་མེད་བྲིས་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས》པོད་ཝི་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2011ལོ། P.302
[10] དགེ་བསྙེན་ཆོས་དཔལ་དར་བྱང་།《ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་རྣམ་ཐར》སྣ་རིང་དབུ་མེད་བྲིས་མ། དཔལ་བརྩེགས་བོད་ཡིག་ དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས》པོད་ཝི་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2011ལོ། P.280
[11] དགེ་བསྙེན་ཆོས་དཔལ་དར་བྱང་།《ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་རྣམ་ཐར》སྣ་རིང་དབུ་མེད་བྲིས་མ། དཔལ་བརྩེགས་བོད་ཡིག་ དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས》པོད་ཝི་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2011ལོ། P.280
[12] མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི《བསྟན་རྩིས་གསལ་བའི་ཉིན་བྱེད》ལས། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་ནི་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱི་སློབ་མ་ལོ་ཙཱ་བ་ཆེན་མོ་བཞིའི་གྲས་སུ་བགྲངས་འདུག བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1985ལོ། P.151
[13] དགེ་བསྙེན་ཆོས་དཔལ་དར་བྱང་།《ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་རྣམ་ཐར》སྣ་རིང་དབུ་མེད་བྲིས་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས》པོད་ཝི་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2011ལོ། P.280
[14] འགོས་ལོ་གཞོན་ནུ་དཔལ། 《དེབ་ཐེར་སྔོན་པོ》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོ། P.1229
[15] ཆག་ལོ་རིན་ཆེན་ཆོས་རྒྱལ།《དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་བརྗོད་དཔག་བསམ་སྙེ་མ》སྣ་རིང་དབུ་མེད་ལག་བྲིས་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས》པོད་ཛ་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010ལོ། P.419
[16] དགེ་བསྙེན་ཆོས་དཔལ་དར་བྱང་།《ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་རྣམ་ཐར》སྣ་རིང་དབུ་མེད་བྲིས་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས》པོད་ཝི་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2011ལོ། P.281
[17] དགེ་བསྙེན་ཆོས་དཔལ་དར་བྱང་།《ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་རྣམ་ཐར》སྣ་རིང་དབུ་མེད་བྲིས་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས》པོད་ཝི་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2011ལོ། P.294
[18] ར་ཧུ་ལ་ཤྲཱི་བྷ་དྲ་ནི། བྷངྒ་ལར་སྐུ་འཁྲུངས། མ་གདྷར་བསྙེན་རྫོགས་དང་གསན་པ་མཛད། ན་ལེནྡྲའི་མཁན་པོར་བཞུགས། མ་གདྷའི་རྒྱལ་བོ་བུདྡྷ་སེ་ནའི་བླ་མ་ཡིན། རྒྱ་གར་ཤར་ནུབ་ཀུན་ཏུ་མཁས་པར་གྲགས་ཤིང་གྲུབ་པ་བརྙེས། པཎྜི་ཏའི་སློབ་མ་མང་དུ་ཐོན། དགུང་ལོ་གོ་གསུམ་བཞུགས།
[19] ཆག་ལོ་ཙཱ་བ་ཆོས་རྗེ་དཔལ། 《སྔགས་ལོག་སུན་འབྱིན་ཤེས་རབ་རལ་གྲི》 ནང་བསྟན་དཔེ་ཚོགས་ལྟེ་གནས། སྣ་རིང་དབུ་ཅན་ལག་བྲིས་མ། P.4—5
[20] ཆག་ལོ་རིན་ཆེན་ཆོས་རྒྱལ།《དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་བརྗོད་དཔག་བསམ་སྙེ་མ》སྣ་རིང་དབུ་མེད་ལག་བྲིས་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས》 པོད་ཛ་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010ལོ། P.420
[21] དགེ་བསྙེན་ཆོས་དཔལ་དར་བྱང་།《ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་རྣམ་ཐར》སྣ་རིང་དབུ་མེད་བྲིས་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས》པོད་ཝི་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2011ལོ། P.281
[22] ཆག་ལོ་རིན་ཆེན་ཆོས་རྒྱལ།《དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་བརྗོད་དཔག་བསམ་སྙེ་མ》སྣ་རིང་དབུ་མེད་ལག་བྲིས་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས》པོད་ཛ་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010ལོ། P.420
[23] འགོས་ལོ་གཞོན་ནུ་དཔལ། 《དེབ་ཐེར་སྔོན་པོ》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོ། P.1230
[24] སྣང་ཐང་བ་གྲོ་སྟོན་བདུད་རྩི་གྲགས།(1153—1232)ཆུ་སྒོ་ལུམ་དུ་སྐུ་འཁྲུངས། གདུང་རུས་གྲོ། ཞང་བཙུན་རྡོ་རྗེ་འོད་ཟེར་དང་ལྷ་སྤྱིལ་ཕུ་བ། དྲེའུ་ལྷས་པ། རྨ་ཤཱཀྱ་སེང་གེ གཙང་ནགས་པ་སོགས་བླ་མར་བསྟེན། སྣང་ཐང་གི་གདན་རབས་བཞི་བ་ཡིན། གདན་སར་ལོ་སུམ་ཅུ་སོ་དགུ་བཞུགས། ལམ་མཆོག་གི་རྩ་བ་ཚིགས་སུ་བཅད་པ་སོགས་མཛད།
[25] དགེ་བསྙེན་ཆོས་དཔལ་དར་བྱང་།《ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་རྣམ་ཐར》སྣ་རིང་དབུ་མེད་བྲིས་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས》པོད་ཝི་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2011ལོ། P.299
[26] འགོས་ལོ་གཞོན་ནུ་དཔལ། 《དེབ་ཐེར་སྔོན་པོ》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོ། P.1227
[27] སྡེ་སྲིད་སངས་རྒྱས་རྒྱ་མཚོ།《དགའ་ལྡན་ཆོས་འབྱུང་བེཻཌཱུརྱ་སེར་བོ》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1998ལོ། P.210
[28] སྡེ་སྲིད་སངས་རྒྱས་རྒྱ་མཚོ།《དགའ་ལྡན་ཆོས་འབྱུང་བེཻཌཱུརྱ་སེར་བོ》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1998ལོ། P.218
[29] ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན།《སྡོམ་གསུམ་རབ་དབྱེ》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2012ལོ། P.127
[30] ཆག་ལོ་ཙཱ་བ་ཆོས་རྗེ་དཔལ། 《སྔགས་ལོག་སུན་འབྱིན་ཤེས་རབ་རལ་གྲི》 ནང་བསྟན་དཔེ་ཚོགས་ལྟེ་གནས། སྣ་རིང་དབུ་ཅན་ལག་བྲིས་མ། P.3
[31] ཆག་ལོ་ཙཱ་བ་ཆོས་རྗེ་དཔལ། 《སྔགས་ལོག་སུན་འབྱིན་ཤེས་རབ་རལ་གྲི》 ནང་བསྟན་དཔེ་ཚོགས་ལྟེ་གནས། སྣ་རིང་དབུ་ཅན་ལག་བྲིས་མ། P.3
[32] འགྲོ་མགོན་ཆོས་རྒྱལ་འཕགས་པ། 《ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ་དཔེ་བསྡུར་མ་ལས་འགྲོ་མགོན་ཆོས་རྒྱལ་འཕགས་པའི་གསུང་འབུམ་པོད་བཞི་བ》 དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོ། P.336
[33] ཆག་ལོ་ཙཱ་བ་ཆོས་རྗེ་དཔལ། 《སྔགས་ལོག་སུན་འབྱིན་ཤེས་རབ་རལ་གྲི》 ནང་བསྟན་དཔེ་ཚོགས་ལྟེ་གནས། སྣ་རིང་དབུ་ཅན་ལག་བྲིས་མ། P.7
[34] ཆག་ལོ་རིན་ཆེན་ཆོས་རྒྱལ།《དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་བརྗོད་དཔག་བསམ་སྙེ་མ》སྣ་རིང་དབུ་མེད་ལག་བྲིས་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས》པོད་ཛ་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010ལོ། P.106—107
[35] ཆག་ལོ་རིན་ཆེན་ཆོས་རྒྱལ།《དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་བརྗོད་དཔག་བསམ་སྙེ་མ》སྣ་རིང་དབུ་མེད་ལག་བྲིས་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས》པོད་ཛ་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010ལོ། P.418
[36] ཆག་ལོ་རིན་ཆེན་ཆོས་རྒྱལ།《དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་བརྗོད་དཔག་བསམ་སྙེ་མ》སྣ་རིང་དབུ་མེད་ལག་བྲིས་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས》པོད་ཛ་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010ལོ། P.419
[37] ཆག་ལོ་རིན་ཆེན་ཆོས་རྒྱལ།《དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་བརྗོད་དཔག་བསམ་སྙེ་མ》སྣ་རིང་དབུ་མེད་ལག་བྲིས་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས》པོད་ཛ་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010ལོ། P.419
[38] ཆག་ལོ་རིན་ཆེན་ཆོས་རྒྱལ།《དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་བརྗོད་དཔག་བསམ་སྙེ་མ》སྣ་རིང་དབུ་མེད་ལག་བྲིས་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས》པོད་ཛ་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010ལོ། P.421
[39] ཆག་ལོ་རིན་ཆེན་ཆོས་རྒྱལ།《དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་བརྗོད་དཔག་བསམ་སྙེ་མ》སྣ་རིང་དབུ་མེད་ལག་བྲིས་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས》པོད་ཛ་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010ལོ། P.420
[40] ཆག་ལོ་རིན་ཆེན་ཆོས་རྒྱལ།《དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་བརྗོད་དཔག་བསམ་སྙེ་མ》སྣ་རིང་དབུ་མེད་ལག་བྲིས་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས》པོད་ཛ་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010ལོ། P.421
[41] ཆག་ལོ་རིན་ཆེན་ཆོས་རྒྱལ།《དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་བརྗོད་དཔག་བསམ་སྙེ་མ》སྣ་རིང་དབུ་མེད་ལག་བྲིས་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས》པོད་ཛ་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010ལོ། P.422
[42] ཆག་ལོ་རིན་ཆེན་ཆོས་རྒྱལ།《དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་བརྗོད་དཔག་བསམ་སྙེ་མ》སྣ་རིང་དབུ་མེད་ལག་བྲིས་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས》པོད་ཛ་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010ལོ། P.423
[43] ཞེ་ཆེན་འགྱུར་མེད་པདྨ་རྣམ་རྒྱལ། 《སྔ་འགྱུར་རྡོ་རྗེ་ཐེག་པ་གཙོ་བོར་གྱུར་བའི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བྱུང་བ་བརྗོད་པ》[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2012ལོ། P.304
[44] ཆག་ལོ་རིན་ཆེན་ཆོས་རྒྱལ།《དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་བརྗོད་དཔག་བསམ་སྙེ་མ》སྣ་རིང་དབུ་མེད་ལག་བྲིས་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས》པོད་ཛ་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010ལོ། P.426
[45] ཆག་ལོ་རིན་ཆེན་ཆོས་རྒྱལ།《དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་བརྗོད་དཔག་བསམ་སྙེ་མ》སྣ་རིང་དབུ་མེད་ལག་བྲིས་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས》པོད་ཛ་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010ལོ། P.425
[46] ཆག་ལོ་རིན་ཆེན་ཆོས་རྒྱལ།《དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་བརྗོད་དཔག་བསམ་སྙེ་མ》སྣ་རིང་དབུ་མེད་ལག་བྲིས་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས》པོད་ཛ་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010ལོ། P.427
[47] ཆག་ལོ་རིན་ཆེན་ཆོས་རྒྱལ།《དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་བརྗོད་དཔག་བསམ་སྙེ་མ》སྣ་རིང་དབུ་མེད་ལག་བྲིས་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས》པོད་ཛ་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010ལོ། P.427
[48] ཆག་ལོ་རིན་ཆེན་ཆོས་རྒྱལ།《དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་བརྗོད་དཔག་བསམ་སྙེ་མ》སྣ་རིང་དབུ་མེད་ལག་བྲིས་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས》པོད་ཛ་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010ལོ། P.427
[49] ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། 《ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ་དཔེ་བསྡུར་མ་ལས་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ་པོད་དང་པོ》 དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོ། P.478—481གསལ།
[50] དགེ་བསྙེན་ཆོས་དཔལ་དར་བྱང་།《ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་རྣམ་ཐར》སྣ་རིང་དབུ་མེད་བྲིས་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས》པོད་ཝི་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2011ལོ། P.299
[51] རོང་སྟོན་ཤཱཀྱ་རྒྱལ་མཚན།《རོང་སྟོན་གསུང་འབུམ། པོད་ཀ་བ》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2008ལོ། P.218
[52] ཆག་ལོ་རིན་ཆེན་ཆོས་རྒྱལ།《དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་བརྗོད་དཔག་བསམ་སྙེ་མ》སྣ་རིང་དབུ་མེད་ལག་བྲིས་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས》པོད་ཛ་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010ལོ། P.422
– – – – –
Thank you so much for this excellent blog. Thugsrjeche!
དཔེ་མི་སྲིད་པའི་ཡག་པོ་བྲིས་འདུག བཀའ་དྲིན་ཞུའོ། །
བཀྲིན་བླ་མེད་དུ་ཆེ།