གནད་བསྡུས། རྩོམ་འདིར་བྲིས་གཟུགས་རིག་གནས་ལས་རྫོགས་བྲིས་ཞེས་པའི་བྲིས་གཟུགས་ཀྱི་བྱུང་རིམ་དང་མཚན་ཐོགས་ཚུལ། འཛིན་སྐྱོང་དགོས་ལུགས་དང་། ཞོར་དུ་ཡུལ་རྫོགས་ཆེན་ལུང་པའི་འབྲོག་སྡེའི་མིང་བྱུང་ཚུལ་རགས་བསྡུས་བཅས་གླེང་ཡོད།
བརྡ་ཆད། རྫོགས་བྲིས། འབྲོག་རུ་མ། ལྷ་སྡེ།
སྔོན་གླེང་།
སྤྱིར་བོད་ཡུལ་ལུང་པའི་ས་ཁོངས་དང་ས་ཁོངས་འདིའི་ཆབ་དཔལ་རིག་གསུམ་ནི་དུས་སྐབས་གང་ཞིག་ནས་ངོ་གནོང་མི་དགོས་པའམ་ཁྱིམ་མཚེས་རྒྱལ་ཁབ་དག་གི་ཤེས་རིག་ལས་ཐོད་རྒལ་དུ་མ་གྱུར་ཡང་དེའི་ཁ་གཏད་དུ་ལངས་ཆོག་པའི་ཚད་དུ་ཏན་ཏན་སླེབས་པ་རེད། ཚད་ཐིགས་དེ་འདྲ་ཞིག་ཏུ་ལོངས་བ་ནི་འབད་མེད་ལྷུན་འགྲུབ་དང་ངལ་མེད་རང་བྱུང་གིས་གྲུབ་ཡོང་བ་ཞིག་མིན་པ་ནི་གནག་རྫིས་ཀྱང་གོ། དེ་ལྟ་བུའི་ཤེས་རིག་གི་རྡོ་རིང་རེ་རེ་ནི་ཡབ་མེས་ཚོའི་སྐྱིད་མ་སྡུག་གི་མི་ཚེ་དང་ལོ་པཎ་དག་གི་སྐུ་ཚེའི་དུས་ཚོད་མཐའ་དག་དེ་ལ་ཕུལ་ནས་གྲུབ་ཡོང་བའི་མ་ལག་ཕུན་སུམ་ཚོགས་པ་ཞིག་ཡིན་སྣང་ཡོད། མ་ལག་དེ་ལྟ་བུ་དེ་ཉིད་དུས་སྐབས་ཤིག་ལ་ཉམས་རྒུད་ཆེས་ཆེར་ཐེབས་ཡོད་ནའང་། ད་ལྟའི་ཆར་མ་ཚང་བ་ཁ་སྐོང་དང་ཚང་བ་ཁ་གསབ་ཀྱི་གནས་བབས་འདིའི་འོག་ནས་སྤྱི་ཚོགས་ཁྱོན་ཡོངས་ནས་ཞིབ་འཇུག་གི་ལས་གཞི་དང་སློབ་གྲྭ་འཛུགས་པ། ཚ་ཚ་འུར་འུར་གྱིས་ཤེས་རིག་དང་འབྲེལ་བའི་བྱད་སྒོ་བསྟུད་མར་སྤེལ་བ་བཅས་ཀྱིས་ཕྱོགས་ཀུན་ནས་མཐུས་སྒོ་ཇེ་ཚང་དུ་བཏང་དང་གཏོང་བཞིན་ཡོད་ན། ཡུལ་ལུང་སོ་སོ་ནས་ཤེས་རབ་དང་ངལ་རྩོལ་ལས་བྱུང་བའི་རིག་གནས་སྣ་མང་གི་མ་ལག་རེ་རེ་ནི་མི་རབས་ཕྱི་མ་ཚོར་རྒྱུད་སྤྲོད་དང་མཁོ་འདོན་བྱེད་པ་ནི་རིན་ཐང་གཞལ་མེད་ཀྱི་ལེགས་སྐྱེས་སུ་ངེས། རྒྱུ་མཚན་དེའི་ཕྱིར། ད་ལན་འདིར་ཆེད་དུ་བརྗོད་པར་བྱ་བ་ནི་རྫོགས་བྲིས་ཀྱི་སྐོར་ནས་ཡིན་ལ། རྫོགས་བྲིས་ནི་བྲིས་གཟུགས་སྒྱུ་རྩལ་གྱི་རིགས་ཚན་བྱེ་བྲག་པ་ཞིག་རེད་ཅེས་ཐོག་མའི་གཏམ་གླེང་གི་དོད་དུ་སྨྲས་པའོ། །
དང་པོ། རྫོགས་བྲིས་ཀྱི་མིང་ཐོགས་ཚུལ་དང་དཔེ་གང་ལས་བཏུས་ཚུལ།
རྫོགས་བྲིས་ཞེས་པའི་བྲིས་གཟུགས་འདི་བྱུང་ནས་དུས་ཡུན་ངེས་ཅན་ཞིག་འགོར་ནའང་། རྫོགས་བྲིས་ཀྱི་སྐོར་ནས་ཆེད་རྩོམ་བྲིས་པ་ཞིག་ཧ་ཅང་དཀོན་ལ་ཕལ་ཆེར་མེད་ཅེས་བཤད་ཆོག རྣམ་ཀུན་ས་གནས་གཞན་དག་གི་བྲིས་པ་དང་སློབ་སྦྱོང་བ་རྣམས་ཀྱིས་འདིའི་སྐོར་ནས་བཀའ་འདྲི་ཡང་ཡང་གནང་མུས་སུ། ཆེད་དུ་འདིའི་སྐོར་གྱི་རྩོམ་ཡིག་ཅིག་ཀྱང་ཕུལ་རྒྱུ་མེད་པས། དྲིས་ལན་སྟབས་བདེ་རེ་འདེབས་པ་ལས་འོས་མ་མཆིས། ད་བར་དུ་འདིའི་སྐོར་ནས་སློབ་གསོ་བ་གཅན་རོང་བསྟན་འཛིན་གྱི་རྫོགས་བྲིས་ཀྱི་ཁྱད་ཆོས་བརྗོད་པ་བཅུ་དྲུག་ལྷ་མོའི་འཇོ་སྒེག་བྱ་བའི་རྩོམ་ཐུང་གཅིག་ལས། འདི་ཉིད་ལ་སློབ་སྦྱོང་དགོས་ཚུལ་དང་ཆེད་རྩོམ་ལྟ་བུ་ཞིག་མཁས་དབང་དང་ཤེས་ཡོན་པའི་སྡེ་ནས་ཡོང་རྒྱུར་རེ་ཞིང་སྒུག་ནའང་མིག་སྔར་སུས་ཀྱང་མཛད་པ་ནི་མ་མཐོང་།ཁོང་རྣམ་ནི་མཛད་པ་རྒྱ་ཆེ་ཞིང་འཕྲིན་ལས་ཀྱི་མཐའ་རིང་བས་ཐུགས་ཁོམ་མེད་ཀྱང་སྲིད། དེ་བས་འདིའི་སྐོར་ནས་ཀུན་སློང་གཙང་མས་འབོད་སྐུལ་དང་ངོས་སྦྱོར་ཉུང་ཙམ་ཞིག་ཅིས་ཀྱང་ཞུ་སྙིང་བྲོ།
རྫོགས་བྲིས་ཞེས་པའི་མིང་གི་ངོས་ནས་བཤད་ན། རྫོགས་ནི་རྫོགས་ཆེན་གྱི་ས་མིང་ཞིག་སྟེ། ཡོངས་གྲགས་སུ་རྫོགས་ཆེན་དགོན་ཞེས་འབོད་པ་དེའོ། །རྫོ གས་ཆེན་ནམ ( རུ་དམ་ལུང ) སྐོར་ནས་རོབ་ཙམ་ཞིག་ཞུས་ན། དེ་ཡང་སྔོན་གྱི་དུས་ནས་ས་གནས་འདི་དང་འདིའི་ཉེ་འཁོར་ན་འབྲོག་སྡེ་ཆགས་ཡོད་ཅིང་། སྡེ་འབངས་དེ་དག་ནི་རྒྱལ་ཕྲན་སིལ་མའི་སྐབས་སུ་ས་སྐྱོང་གླིང་ཚང་རྒྱལ་ཕྲན་གྱི་སྡེ་འབངས་ཡིན་པར་གནའ་མིས་ཚོའི་ངག་ཐོག་ལ་ཡོད་པ་ལས་། ཡིག་ཆ་རེ་གཉིས་ལས་གསལ་རུང་ཕྱིས་སུ་བྲིས་པ་ཡིན་འདུག གླིང་ཚང་རྒྱལ་ས་མ་ཉམས་གོང་ཇིའི་སང་ཞེས་པ་སྡེ་འབངས་ཆེ་ཁག་དང་དཔོན་ཁག་ཆེ་ཤོས་དག་བགྲང་བའི་ཐོ་ཡིག་ནང་དུ་གླིང་ལ་གླིང་རུ་དང་ཡར་གླིང་དང་མར་གླིང་སོགས་ས་ཁོངས་བཀར་བ་ལྟར་ན། ད་ལྟའི་རྫོགས་ཆེན་ནམ་འབྲོག་རུ་མ་ནི་གླིང་རུའི་ཁོངས་གཏོགས་ཡིན་ནམ་སྙམ་པས་དཔྱད་གཞི་ཙམ་མོ། །ཕྱིས་སུ་ས་སྐྱོང་སྡེ་དགེ་རྒྱལ་པོའི་མངའ་ཐང་ཇེ་རྒྱས་སུ་སོང་བས་འབྲོག་རུ་མ་དང་ཉེ་འཁོར་གྱི་འབྲོག་སྡེ་ཁག་ཅིག་སྡེ་དགེའི་ས་སྐྱོང་གི་མངའ་འབངས་སུ་བསྡུས་ཤིང་ཤར་རྒྱུད་རྫོང་ཕྲན་གཉིས་ལས་གཅིག་ནི་འབྲོག་རུ་མའམ་འབྲོག་སྡེ་དེ་ཉིད་ཡིན། དེ་ཡང་སྡེ་ལ་ལྷ་སྡེ་དང་། མི་སྡེ། མཆོད་སྡེ་གསུམ་དུ་ཕྱེ་ཞིང་། ལྷ་སྡེས་གཞུང་ཁྲལ་འཇལ་དགོས་པ་སྟེ། ཞིང་འབྲོག་སོ་སོའི་ཐོན་རྫས་དང་དམག་ཁྲལ་སོགས་སྤྲད་དགོས། མི་སྡེས་བློན་ཆེན་དང་། མདུན་སྐོར། དཔོན་འགོ་སོ་སོར་སྒེར་ཁྲལ་འཇལ་དགོས། མཆོད་སྡེས་དགོན་སྡེ་སོ་སོར་ཁྲལ་འཇལ་དགོས། ལྷ་སྡེ་ནི་གཞུང་ས་རང་གི་སྤྱི་འབངས་ཆེ་བའི་ཞིང་འབྲོག་མང་ཚོགས་ཡིན། མི་སྡེ་ནི་བློན་ཆེན་དང་། མདུན་སྐོར། དཔོན་འགོ་ཆེ་གྲས་སོ་སོས་བཀོལ་སྤྱོད་བྱེད་པའི་སྒེར་འབངས་ཡིན། མཆོད་སྡེའམ་ཆོས་སྡེ་ནི་དགོན་པ་སོ་སོས་བཀོལ་སྤྱོད་བྱེད་ཆོག་པའི་དམིགས་བསལ་གྱི་འབངས་སྡེ་ཡིན། ད་ལྟ་ད་དུང་འབྲོག་རུ་བསོད་ནམས་ལྷ་སྡེ་ཟེར་ཞིང་། ལྷ་སྡེ་དང་ཆོས་སྡེ་ཟེར་བ་འདི་ཡང་ས་གནས་ཀྱི་ཤེས་ཡོན་པ་འགས་སྡེ་དགེ་ས་སྐྱོང་སྐབས་ཙམ་མ་གཏོགས་མེད་པར་བཤད་ནའང་། སྡེ་ལ་རིགས་ཚན་ཕྱེས་ནས་དཔྱ་ཁྲལ་མཇལ་སྟངས་ཀྱི་སྒྲིག་གཞི་དེ་ནི་གླིང་ཚང་རྒྱལ་པོའི་སྐབས་ནས་ཡོད་ཚུལ (འདིའི་ཁུངས་ཀྱང་གནའ་མིའི་ངག་ཐོག་ལོ་རྒྱུས་ལས་ཡིག་ཚང་མིན) བཤད། ས་སྐྱོང་གཉིས་གང་གི་སྐབས་ནའང་།ས་གནད་གཙོ་བོ་འོབས་ཤིས་བྱེ་མ་ཐང་དང་། ལབ་རྩེ་དཀར་རི་ཟེེར་བ་ཡིན་ཏེ། ནུབ་ཕྱོགས་གླིང་རྒྱ་མགར་བ་དང་ཐུག་ཅིང་། བྱང་ཕྱོགས་རྫ་ཆུ་ཁ་ཇོ་བོ་དང་ཐུག ཤར་ཕྱོགས་གླིང་ཚང་ཚ་རྫ་པ་དང་ཡར་འབྲེལ། ལྷོ་ཕྱོགས་འཁོར་མདོ་རྫོང་ཁྲོ་ལ་ཕར་ཚུར་དུ་གནས་ཡོད་དོ། །
དེ་ནས་གྲུབ་དབང་པདྨ་རིག་འཛིན་དགུང་གྲངས་དྲུག་ཅུར་བཞེས་སྐབས་རྒྱལ་དབང་ལྔ་བ་ཆེན་མོའི་ལུང་བསྟན་བཞིན་ཁམས་སྡེ་དགེར་ཕེབས་ནས་ས་སྐྱོང་སྡེ་དགེ་རྒྱལ་པོའི་དབུ་བླར་བསྐུར། རྗེ་ཉིད་དགུང་ལོ་རེ་གཅིག་བཞེས་པའི་སྐབས་སུ་རབ་བྱུང་བཅུ་གཅིག་པའི་ཤིང་གླང་ལོ་སྟེ་སྤྱི་ལོ ༡༦༨༥ ལ་སྡེ་དགེའི་ཆོས་རྒྱལ་སངས་རྒྱས་བསྟན་པ་དང་མཆོད་ཡོན་ཟུང་འབྲེལ་གྱིས་རུ་དམ་སྐྱིད་ཕྲམ་ལུང་དུ་རྫོགས་ཆེན་དགོན་ཨོ་རྒྱན་བསམ་གཏན་ཆོས་གླིང་ཞེས་བའི་གདན་ས་འདི་ཉིད་ཐོག་མར་ཕྱག་བཏབ། དེ་ནས་བཟུང་རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་སྡེ་དགེ་ཚང་གི་དབུ་བླར་བསྐུར་བའི་ལོ་རྒྱུས་བྱུང་ཡོད། དགོན་པ་འདི་བས་སྔ་འགྱུར་རྙིང་མའི་ཆོས་རྒྱུད་གཙིགས་སུ་བཟུང་ནས་གསང་སྔགས་རྫོགས་པ་ཆེན་པོའི་བསྟན་པ་རྒྱ་ཆེར་སྤེལ་བར་བརྟེན་རྫོགས་ཆེན་པ་ཞེས་མདོ་ཁམས་གྱི་རྙིང་མའི་དགོན་ཆེན་དྲུག་གི་ཡ་གྱལ་དུ་བསྔགས་པ་དེའོ། །དེ་ལྟ་བས་ན་བྲིས་གཟུགས་འདི་ལ་རྫོགས་བྲིས་ཞེས་གསོལ་བ་ནི་ས་གནས་རྫོགས་ཆེན་ནས་དར་བའི་བྲིས་གཟུགས་སྒྱུ་རྩལ་གྱི་རིག་གནས་ཤིག་ཡིན་པས་མིང་ཡང་དེ་ལྟར་གྲགས་པར་སྣང་བ།
གཉིས་པ་དཔེ་གང་ལ་བྱས་ཚུལ་ནི། ཡོངས་ཁྱབ་ཀྱི་བྲིས་གཟུགས་ལ་དབུ་ཅན་དང་དབུ་མེད་གཉིས། དེ་ལ་ཡུལ་གྱིས་དབང་གིས་དབུས་བྲིས་དང་ཁམས་བྲིས་ཨ་མདོའི་ཡུལ་གྱི་བྲིས་ཞེས་གསུམ་དུ་བཤད། ཁམས་བྲིས་དབུ་མེད་ལས་སྡེབ་བྲིས་དང་ནང་བྲིས། བཀའ་རྒྱུད་བྲབ་བྲིས་སོགས་བྲི་སྲོལ་མང་དུ་དར། དེ་ལས་སྡེབ་བྲིས་ནི་སྡེ་དགེའི་ས་དབང་བསྟན་པ་ཚེ་རིང་གི་སྐབས་སི་ཏུ་པཎ་ཆེན་མཆོག་དང་མི་ཕམ་རིན་པོ་ཆེ་ཀོང་སྤྲུལ་སོགས་ཀྱིས་དབུས་གཙང་ཁམས་གསུམ་གྱི་བྲིས་པ་བཞི་བཅུ་ལྷག་ལྷན་དུ་བསྡུས་ནས། ཡིག་གཟུགས་ཀྱི་ལེགས་ཆ་གཅིག་ཏུ་བསྡུས་ཏེ་སྡེབ་བྲིས་ཀྱི་སྲོལ་བཙུགས་པ་ནས་དབུ་བླ་ཁག་གིས་ཀྱང་སྡེ་བྲིས་བེད་སྤྱོད་རྒྱ་ཆེར་གཏོང་ཡོད། རྫོགས་བྲིས་མ་དར་གོང་དུ་ཡུལ་འདིར་རྒྱུགས་ཆེ་ཤོས་ནི་སྡེབ་བྲིས་དང་ས་བྲིས་རེད་འདུག དེར་བརྟེན་རྫོགས་བྲིས་ནི་མགྱོགས་བྲིས་ཀྱི་ཁོངས་གཏོགས་ཡིན་པས་གཙོ་བོ་སྡེབ་བྲིས་ཀྱི་ཤུགས་རྐྱེན་ཆེ་བར་ཐིག་ཐུབ།
གཉིས་པ། རྫོགས་བྲིས་སྲོལ་ཕྱེ་མཁན་དང་རྫོགས་བྲིས་འབྲི་སྲོལ།
དང་པོ། རྫོགས་བྲིས་དུས་ནམ་ཞིག་ལ་སུས་གསར་དུ་གཏོད་པའི་སྐོར་ནས་དམངས་ཁྲོད་དུ་བཤད་སྲོལ་གཉིས་ཏེ། སྤྱི་ལོ 1993 ཡས་མས་སུ་རྫོགས་ཆེན་མཁྱེན་བརྩེ་རིན་པོ་ཆེས་མཛད་ཅེས་དང་། རབ་གནས་ས་གླང་ལོར་ཁྱབ་བདག་པདྨ་སྐལ་བཟང་མཆོག་ནས་མཛད་ཅེས་བཤད་ཚུལ་གཉིས་མཆིས་ནའང་ཡོངས་གྲགས་སུ་ཕྱི་མར་ངེས། དེ་ལྟ་ནའང་སྔ་མར་བསམ་བློ་གཏོང་ས་གཞི་ནས་མེད་པ་ཞིག་མ་ཡིན་པར། མཁྱེན་བརྩེ་རིན་པོ་ཆེ་བྱ་བྲལ་གྱི་རྣམ་པ་མ་མཛད་པའི་སྔོན་ན་འཆད་རྩོད་རྩོམ་གསུམ་ལ་མཁས་ཤིང་གྲུབ་པ་དང་ལྷག་དོན་བྲིས་གཟུགས་མི་འདྲ་བ་བཅོ་བརྒྱད་ལ་བྱང་བ་ཞིག་ཡིན་པར་གྲགས་ལ། ཁོང་དང་རྟོགས་ལྡན་རིན་པོ་ཆེ་རྣམ་གཉིས་ནི་ས་གནས་འདི (རྫོགས་ཆེན་འབྲོག་རུ་མ ) མའི་སྐད་དང་ཡི་གེ་ལ ( གསར་བརྗེའི་རྗེས་སུ ) བཀའ་དྲིན་ཤིན་ཏུ་ཆེ་བ་ལོ་རྒྱུས་དང་མི་རབས་འདི་དང་ཕྱི་མས་བརྗེད་མི་འོས་པའི་རྡོ་རིང་ཆེན་པོའོ། །དེ་ལས་མཁྱེན་བརྩེ་རིན་པོ་ཆེ་ནི་འབྲོག་པ་མང་ཚོགས་ཡིག་རྨོངས་སེལ་དགོས་པའི་དགོངས་གཞི་བཏོན་མཁན་དང་ལག་བསྟར་གནང་མཁན་ཐོག་མ་དེ་རེད་ཅེས་བཤད་ན་ཐལ་མི་ཆེའོ། །སྐབས་དེར་ཁོང་གིས་དབུ་ཅན་གྱི་ཀ་དཔེ་དང་དབུ་མེད་ཀྱི་ཀ་དཔེ་གཉིས་བྲིས་པར་བཤད་ཀྱང་། དབུ་ཅན་ཟུར་ཙམ་མཐོང་རྒྱུ་ཡོད་པ་ལས་དབུ་མེད་ཀྱི་ཀ་དཔེ་མིག་སྔར་མཐོང་ལམ་དུ་མ་གྱུར་གྲང་དཔྱད་བསྡུར་བྱ་ཐབས་ཟད། རྫོགས་བྲིས་ཁོང་གིས་སྲོལ་གཏོད་པའི་བཤད་རྒྱུན་དེ་ལ་འདང་རྒྱག་ས་གཉིས་ཏེ། གཅིག་ནི་ཁོང་ཉིད་བྲིས་རྩལ་ལ་ཕུལ་དུ་བྱང་བ་དང་གཉིས་ནས་མང་ཚོགས་ཁྲོད་དུ་སྐད་ཡིག་གི་འཕྲིན་ལས་ཤུགས་ཆེར་སྐྱོང་མཁན་ཡིན་པས་གདེང་འཇོག་དམིགས་བསལ་བའི་དབང་གིས་དེ་ལྟར་བཤད་པ་མིན་འགྲོ་སྙམ། ཕྱི་མ་ཁྱབ་བདག་བླ་མ་པདྨ་སྐལ་བཟང་མཆོག་ནས་མཛད་པར་གྲགས་པ་ནི་ཁུངས་དག་ཤོས་ཡིན་ཏེ་ཁོང་གིས་ཀ་དཔེའི་མཇུག་ཏུ” རྫོགས་བྲིས་ཞེས་འདོག་དཔྱད་གཞིར་ཚར་མར་འཛིན། ཐ་ན་ངན་དཔེ་དོར་ཞེས་ཐལ་དོང་ངམ། ཕྱག་དར་ཁྲོད་དུ་གཡུག་སོགས་ཅི་དགར་མཛོད། རབ་གནས་ས་གླང་གནམ་ལོ་གསར་ཚེས་ཀྱི་ལོ་སར་ཚེས་གཅིག་ཉིན་བྲིས” ཞེས་བཀོད་པ་ལྟར་ན། ད་ཆར་བཞུགས་པའི་རྫོགས་བྲིས་ཀྱི་བྲིས་རྒྱུན་དེ་ཁོང་གིས་བྲིས་པའི་ཀ་དཔེ་དེའི་རྣམ་པ་ཇི་བཞིན་ཆགས་ཡོད་ལ་མཇུག་བྱང་དེར་གཞིག་པས་ཀྱང་གསལ་བར་ངེས་ཤེས་བསྐྱེད་ཐུབ། ཀ་དཔེ་འདིའི་བྲིས་རྒྱུན་གཞན་ལས་འབུར་ཐོན་དང་ཁྱད་ཆོས་རྩལ་དུ་བཏོན་པ་དཔེར་མཚོན་ཙམ་དུ་བཀོད་ན། ཀ་དཔེ་འདི་མ་བྱུང་གོང་དུ ( ས་གནས་འདིའི) བྲིས་གཟུགས་ཚང་མ་སྨྱུག་ཁ་བཅད་མ་ཅན་གྱིས་འབྲི་བ་ལས་སྨྱུ་གུ་རྩེ་མོ་ཅན (སྣུམ་སྨྱུག་དང་ལྕགས་སྨྱུག) གྱིས་འབྲི་བའི་པུར་རྩལ་བྱུང་མེད། ཁོང་གིས་སྟབས་བདེ་བ་དང་མྱུར་ཆ་དོད་པ་གྲལ་མཛེས་པ། སྦོམ་ཕྲ་རན་པ་བཅས་བྲིས་གཟུགས་ཀྱི་གཞི་རྩའི་རྩ་དོན་བཟུང་ནས་ཁྱད་ཆོས་དུ་མ་སྔོགས་འདོན་མཛད་ཡོད། དེ་བས་ཁོང་གིས་མཛད་པའི་ཀ་དཔེ་དེ་ནི་རྫོགས་བྲིས་ཀྱི་འཐེན་ཆ་དང་འབྲི་ཚུལ་གྱི་མ་ལག་ཐམས་ཅད་ཚང་བའི་ཀ་དཔེ་གཅིག་པུར་ཆགས་ཡོད། །ཁོང་གིས་སྤྱིར་རྒྱལ་བའི་བསྟན་པ་དང་སྒོས་ཡུལ་ལུང་འདིའི་རིག་གནས་ཉམས་གསོ་དང་མི་སེར་རྣམས་བཟང་སྤྱོད་ཀྱི་ལམ་དུ་འགྲོ་བའི་ཕྱག་ལས་རླབས་ཆེན་ཤ་སྟག་གནང་བ་ལས་བྲིས་གཟུགས་འདི་ཡང་ཁ་ཚ་དགོས་གཏུགས་ཀྱི་མཛད་རྗེས་རླབས་པོ་ཆེའོ། །
གཉིས་པ། རྫོགས་བྲིས་འབྲི་ཚུལ་སྐོར། བྲིས་གཟུགས་རིག་གནས་ཀྱི་རྣམ་གྲངས་ཁྲོད་དུ་དབུ་མེད་འབྲི་ཚུལ་ལ་ལི་ལུགས་དང་ལྡན་ལུགས་ཞེས་ལུགས་ཆེན་གཉིས་གང་ཡིན་རུང་སུག་རིང་དང་སུག་ཐུང་རྒྱུག་ཡིག་གམ་འཁྱུག་བྲིས (གཤར་མ) སོགས་སོ་སོའི་ངོས་ནས་ཐུན་མིན་གྱི་ཁྱད་ཆོས་ལྡན་ལ། རྫོགས་བྲིས་ནི་འཁྱུག་བྲིས་ཀྱི་ཁོངས་གཏོགས་ཡིན་པས། འཁྱུག་པའི་ཆ་ཐོན་རྒྱུ་ནི་རྨང་གཞི་ལྟ་བུ་ཡིན་ཏེ། ཀ་དཔེ་ལས། ཅ་ལག་ཆག་རོ་བསྒྲིགས་འདྲའི་ཡིག་གཟུགས་ཀྱི། །ཆ་མིན་ཡ་འཐོར་ལྷུ་ལག་མ་འཕྲོད་ན། །ཇ་བག་རྙིང་པའི་ཁ་བྱང་ཇི་བཞིན་ལས། །ཉ་མོ་མཚོ་ལ་རྒྱུ་འདྲའི་འཁྱུག་མི་ཐོན། །ཞེས་གསུང་།
གཉིས་པ་སྙོམས་པའམ་གྲལ་མཛེས་པ་དང་ཚུགས་ཐོག་ཞོག་རྒྱུ་ནི་ཤིན་ཏུ་གལ་ཏེ། མཁས་དབང་ཚེ་ཏན་ཞབས་དྲུང་ནས། ཡི་གེ་དག་སྙོམས་མཛེས་གསུམ་ལས། །མ་དག་སྐྱེས་བུ་སྙིང་མེད་འདྲ། །མི་སྙོམས་རྐང་ལག་འཁྱོར་བ་འདྲ། །མི་མཛེས་གོས་ངན་གྱོན་པ་འདྲ། །ཞེས་སྙོམས་པ་དང་གྲལ་དག་རྒྱུ་ནི་བྲིས་གཟུགས་ཀྱི་གཞི་རྩ་ཡིན། རྫོགས་བྲིས་ལ་མཚོན་ནའང་དེ་ལས་མ་འདས་པ་ཞིག་སྟེ། ཀ་དཔེ་ལས། ཏ་སོགས་ལྟོ་རྒྱབ་ཅན་གྱི་ཡི་གེ་རྣམས། །ཐ་ན་གྲལ་ལ་མ་ཚུད་སྐྱོན་བྱུང་ན། །ད་རུང་འབད་དེ་བྲིས་ནས་མཛུ་གུའི་ཚིགས། །ན་ཡང་མ་བྲིས་བྲིས་པའི་མྱིང་མི་ཐོགས། །ཞེས་དང་།པ་དང་ཕ་སོགས་ཚུགས་ཐོག་མ་ཞོག་ན། །ཕ་རིས་སྤང་ཁའི་སྟེང་གི་ར་རིལ་འདྲ། །བ་ལང་ར་ལུག་གཟས་ལ་ཡན་འདྲ་བའི། ། མ་ལག་འདོགས་འཕུལ་མ་འགྲིག་གྲལ་མི་མཛེས། །ཞེས་བསྟན་པ་ལྟར་རོ། །རྫོགས་བྲིས་ཀྱི་ཙ་ཡིག་དང་རྩེ་མོའི་རིགས་ཅན་གྱི་ཡི་གེ་རྣམས་སྟེང་དུ་ཕྱོགས་ཞད་ཅན་དགོས་འདུག་སྟེ། ཀ་དཔེར། ཙ་སྡེའི་ཡི་གེ་རྣམས་ཀྱི་རྩེ་མོ་ནི། །ཚ་ཡིག་ཇི་བཞིན་སྟེང་དུ་ཡིད་ཙམ་ཕྱོགས། །ཛ་དང་ཇ་སོགས་རྒྱབ་ཤ་སྒུར་ཙམ་དང་། །ཝ་དང་ཁ་ཡི་ཁོག་པ་དོག་མི་ཉན། །ཞེས་དང་། ཞ་ཡིག་དང་ཟ་ཡིག་འ་ཡིག་བཅས་ཀྱི་འབྲི་ཚུལ་ནི། ཞ་ཡིག་འཁྱུག་ཆ་དོད་པ་དང་ལྷོད་ཆ་ཅན་ཞིག་དང་འ་ཡིག་སྨྱུག་ཁམ་གཉིས་སྤོས་དགོས་པ་ཞིག་ཡིན་འདུག ཀ་དཔེར། ཞ་ཡིག་འཁྱུག་བྲིས་འཁྱིལ་ལ་ལྷོད་ཅིག་དགོས། །ཟ་ཡིག་ཨང་གཟུགས་གསུམ་པར་མ་ནོར་གཅེས། །འ་ཡིག་སྨྱུག་ཁམས་གཅིག་གིས་འབྲིར་མི་བཏུབ། །ཞེས་གསུང་པ་དང་། རྫོགས་བྲིས་ཀྱི་ཁྱད་ཆོས་གཞན་ནི། ཚེག་བར་རན་པ་དང་དཀར་ཆ་དང་ནག་ཆ་སྙོམས་པས་ཀློག་བདེ་བ། མྱུར་ཆ་དང་གྲལ་དག་སྤུས་གཙང་བས་འཇམ་ཤ་དོད་པ་ཞིག་སྟེ། ཀ་དཔེར། སྒྲོས་གཙང་འཇམ་ཤ་དོད་ཅིང་བཀླག་བདེ་བ། །སྟར་ལེགས་ཚེག་བར་རན་ལ་དཀར་ནག་སྙོམས། །ཚུགས་ཀྱི་གཞི་བརྟན་བྱང་ཆའི་མྱུར་སྟབས་ཅན། །སུས་མཐོང་དགའ་སྐྱེད་བྲིས་རྩལ་མཆོག་ཏུ་བསྔགས། ། ཞེས་གསུང་བ་བཅས་ནི་འདིར་དཔེར་མཚོན་ཙམ་ལས་ཞིབ་ཆ་ཀ་དཔེ་རང་ལ་གཟིགས་འཚལ་ལོ། །
གསུམ་པ། བྲིས་རྒྱུན་འདི་དང་མ་འོངས་པའི་སེམས་ཁུར།
བོད་ཁུལ་གྱི་ས་གནས་སོ་སོའི་སློབ་གྲྭ་ཁག་དང་རིག་གནས་རྒྱུད་འཛིན་ཁྲོད་དུ་ན་ནིང་ད་ལོར་བྲིས་གཟུགས་སྒྱུ་རྩལ་གོང་འཕེལ་དང་ཚ་ཚ་འུར་འུར་གྱིས་བྱད་སྒོ་སྣ་ཚོགས་བསྟུད་མར་སྤེལ་བ་བརྟེན། ཡས་ཀྱི་བྲིས་གཟུགས་མཐུན་ཚོགས་དང་། མས་ཀྱི་བྲིས་གཟུགས་གཤམ་སྟོན་གྱིས་བཀང་བའི་སྐབས་འདིར། ས་གནས (རྫོགས་ཆེན་འབྲོག་རུ་མ) རང་གི་གཞོན་སྐྱེས (གཙོ་ཆེར་སློབ་གྲྭ་བ་ཁག) དག་གིས་བྲིས་གཟུགས་འདི་ཤེས་མཁན་དང་སྦྱོང་མཁན་ཤིན་ཏུ་དཀོན་པའི་ཚད་ལ་སླེབས་འདུག ལོ་འདི་དག་གི་རིང་ལ་སློབ་མ་ཚོ་དགུན་གནང་གི་སྐབས་སུ་ཚོ་ཤོག་དང་གྲོང་རྡལ་སོ་སོ་ནས་ཟབ་སྦྱོང་འཛིན་གྲྭ་དང་གསབ་སྦྱོང་འཛིན་གྲྭ་ཟེར་བ་མང་དུ་བཙུགས་དང་འཛུགས་ཀྱིན་འདུག ཡུལ་འབྲོག་རུ་མ་འདིར་མཚོན་ནའང་དེ་ལས་མ་འདས་པ་ཞིག་སྟེ། ལག་སུ་སྔ་དང་གྲངས་འབོར་རྩོད་ནས་སློབ་མ་དག་མང་དུ་བསྡུས་སོང་། འདིའི་སྐོར་ནས་རང་གིས་བྲིས་པའི 《ཟབ་སྦྱོང་སྐོར་གྱི་རེ་སྐུལ》ཟེར་བ་དེར་བལྟ་རོགས། རྩོམ་དེའི་ནང་དུ་མ་བཤད་པའམ་འདིར་ཆེད་དུ་ཞུ་བསམ་པ་ནི། གསབ་སྦྱོང་འཛིན་གྲྭ་གཟུགས་པའི་དམིགས་ཡུལ་དེ་ནི་སློབ་རའི་རིག་གནས་ཀྱི་ཁྱབ་ཁོངས་སུ་མེད་པ་དང་སློབ་ཚན་ནས་སྦྱོང་མི་ཐུབ་པའི་ངག་ཐོག་རིག་གནས་ལྟ་བུའི་མཚོན་པ་མང་པོ་ཞིག་ཁ་གསབ་ལུས་པ་དག་སློབ་སྦྱོང་སྤྲད་རྒྱུ་དེ་ལགས་ན། གསབ་སྦྱོང་འཛིན་གྲྭའི་འགན་འཛིན་མི་སྣ་དག་གིས་བྲིས་གཟུགས་འདི་ཆེད་གཏད་ཀྱིས་སློབ་སྦྱོང་སྤྲད་རྒྱུར་ནན་སྐུལ་ཞུས་པ་ཡིན། ད་ལོའི་གསབ་སྦྱོང་འཛིན་གྲྭ་ཞིག་ཏུ་གྲོགས་པོ་འཇིགས་མེད་ནོར་བུ་ལགས་ནས་སྐུ་ངལ་ལ་མ་འཛེམ་པར་སློབ་མ་ཚོར་རྫོགས་བྲིས་ཀྱི་སློབ་ཁྲིད་གནང་བ་མཐོང་བས་ཡི་རངས་དང་སེམས་པ་སྤྲོ་བ་ཞིག་བྱུང་། རིག་གནས་གང་ཞིག་འཕེལ་རྒྱས་དང་ཡོངས་ཁྱབ་དུ་འགྲོ་བར་མང་མོས་ཀྱིས་དང་ལེན་དང་སློབ་སྦྱོང་གནང་ཏེ་རྒྱུད་འཛིན་བྱེད་པ་གལ་གནད་ཆེ་བས། ས་གནས་རང་གི་དགེ་བའི་བཤེས་གཉེན་དག་གི་སྐད་དང་ཡི་གེ་ལ་བཞག་པའི་ཕྱག་རྗེས་རླབས་པོ་ཆེ་རེ་རེ་ལ་ང་ཚོས་ཤི་འཐམ་རོ་འཐམ་གྱིས་རྒྱུད་སྤེལ་དང་སྲ་བརྟན་དུ་གཏོང་རྒྱུ་ནི་ཕྱི་རབས་པའི་འགན་ཁུར་ཡིན་ལ་རྩོམ་འདིའི་ཉིང་དགོས་ཡིན་ནོ་ཞེས་ཀྱང་ཐལ་ལོ། །
– – – – –