[ནང་དོན་མདོར་བསྡུས] དཔག་བསམ་འཁྲི་ཤིང་འདི་རང་རེ་ལ་ཤིན་ཏུ་གྲགས་ཆེ་ཡང་ད་ལྟའི་དུས་སུ་དོ་སྣང་བྱེད་མཁན་ཤིན་ཏུ་ཉུང་པའི་ཚོད་དུ་སྣང་བ་དང་། དེ་བས་ན་རྩོམ་མཁན་དང་བརྩམས་ཆོས་སྐོར་ལ་ཟུར་དུ་དཔྱད་པ་བྱས་པའི་རྩོམ་ཡིག་ཡག་པོ་ཡང་མ་མཐོང་བས། དེ་དང་འབྲེལ་ཡོད་དག་དཔེ་ཀློག་གི་སྐབས་མཐོང་ཐོས་བྱུང་བ་རྣམས་གང་ཐུབ་ཀྱིས་ཕྱོགས་བསྡུས་བྱས་ནས་ཚིག་ཉུང་ལ་དོན་འདུས་པའི་ཚུལ་དུ་དེའི་སྐོར་མཚམས་སྦྱོར་མདོར་བསྡུས་ཤིག་བྱས་ཡོད།
[བརྡ་ཆད་གཙོ་བོ] ཆོས་རྒྱལ་དགེ་དབང་། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་། སྙན་ངག་ཆེན་པོ། གོང་ས་ལྔ་བ། དཔར་བྱང་།
སྙན་ངག་སྲིད་ལ་དབང་བསྒྱུར་དགེ་བའི་དབང་། །
ཡབ་སྲས་རྣམ་དཔྱོད་གསར་བའི་ས་འཛིན་སྤོར། །
ཤེས་ལྡན་ཡིད་དབང་འཕྲོག་པའི་འབྲས་དངར་བ། །
སྔོན་བྱུང་གཏམ་གྱི་ལྗོན་པ་འདི་འཁྲུངས་སོ། །
སེམས་ཅན་ཉིད་ནའང་ཐུགས་བརྩེའི་མཛའ་བ་ཡིས། །
འགྲོ་ཀུན་དགའ་བ་མི་གཏོང་དེ་ཡི་ཚུལ། །
སྙན་པའི་ངག་ལ་རོལ་མཁས་སྐྱེ་བོ་ཡི། །
རྣ་གོང་མཛེས་པ་སྐྱེད་པའི་རྒྱན་དུ་རྩེན། །
ཞེས་རྟོགས་བརྗོད་རིན་པོ་ཆེའི་རང་བཞིན་བརྗོད་པའི་ཚིག་གི་དབྱངས་སྙན་མོས་སྔུན་བསུས་ཏེ། ལས་གང་ལ་འཇུག་ན། དེ་ཡང་བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་འཁྲི་ཤིང་དང་། གང་དེའི་མཛད་པ་པོའི་སྐོར་རང་གིས་གོ་ཐོས་བྱུང་བ་དག་ཕྱོགས་གཅིག་ཏུ་བཏུས་ནས་གང་དེའི་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་ཡོང་བར་འབད་བརྩོན་ཞུ་རྒྱུ་ཡིན་ནོ། །
སྔ་མ་འདིའི་སྐོར་གྱི་ཟིན་བྲིས་ཐུང་ངུ་ཞིག་བྲིས་ཤིང་སྤེལ་བ་ཡིན་ལ། དེ་རུ་ནོར་བ་བྱུང་འདུག་པ་འགའ་ཞིག་ཕྱིས་སུ་ཚོར་བས་དེ་དག་བཅོས་ཤིང་། ཁ་གསབ་བྱེད་དགོས་རིགས་བསྣན་པའི་ཐོག་དཔྱད་གཞིའི་ཁུངས་ཡང་གསལ་བོར་བཀོད་ནས་རྩོམ་ཐུང་འདི་འགྲུབ་པར་བྱའོ། །
སྙན་ངག་མཁན་དགེ་བའི་དབང་པོ་ཡབ་སྲས།
དེ་ལ་རྟོགས་བརྗོད་འདི་དང་འབྲེལ་བའི་གནས་ཚུལ་རང་རེ་ལ་གྲགས་པ་གནད་ཆེ་བ་མང་དག་ཅིག་ནི་གོང་ས་ལྔ་བ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་གི་ཞལ་སྔ་ནས་﹙༡༦༡༧ ༡༦༨༢﹚འདི་ཡི་དཔར་བྱང་དུ་གསུངས་ཟིན་ལ། དཔར་སྐྲུན་ཇི་ལྟར་གནང་ཚུལ་སྐོར་ཡང་དེར་གསལ་ལ། དེ་ནི་ཕྱིས་ཀྱི་རང་རེའི་དཔེ་ཕལ་མོ་ཆེས་ཕྱི་མོར་གྱུར་ཡོད་པས། ཁོང་གིས་མཛད་པའི་དཔར་བྱང་ཡང་འཕྲུལ་པར་ [༡] དུ་བཏབ་པའི་བར་གྱི་པར་གཞི་ཀུན་དུ་བཀོད་ཡོད་དོ། །
མཛད་པ་པོའི་སྐོར་ལ་པཎྚིཏ་ལཀྵིམ་ཀ་ར་དང་ཤོང་སྟོན་ལོ་ཙཱ་བ་གཉིས་ལ་རྒྱུས་ཆེན་པོ་ཡོད་ངེས་ནའང་ཡིག་འཇོག་གང་ཡང་མ་མཛད་སྟབས་ཕྱིས་སུ་བྱོན་པ་དག་གིས་རྟོགས་བརྗོད་ཙམ་ལ་བརྟེན་ནས་བཤད་པ་ལ་རང་བཞིན་དུ་མ་སོང་བའང་དུ་མ་ཞིག་ཡོད་པར་འདུག་གོ །
ཆོས་རྗེ་ས་པཎ་གྱི་ཞལ་ཆེམས་བཞིན་འགྲོ་མགོན་ཆོས་རྒྱལ་འཕགས་པས་﹙༡༢༣༥ ༡༢༨༠﹚བཀས་བསྐུལ་ནས་རྟོགས་བརྗོད་འདི་དང་སློབ་དཔོན་དབྱུག་པ་ཅན་གྱི་མེ་ལོང་མ་[༢] སོགས་ཤོང་སྟོན་ལོ་ཙཱ་རྡོ་རྗེ་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ། འཆད་ཉན་གྱི་སྒོ་ནས་ལེགས་པར་གཏན་ལ་ཕབ་པ་ཞིག་རེད།
སྙན་དངགས་མཁན་དགེ་བའི་དབང་པོ་ནི་འཕགས་ཡུལ་ན་ཤིན་ཏུ་གྲགས་སྙན་ཆེ་བའི་སྙན་ངག་པ་ཞིག་ཡིན་ཞིང་། ཁོང་གིས་མཛད་པའི་སྙན་ངག་གི་བརྩམས་ཆོས་དང་རྒྱན་གྱི་བསྟན་བཅོས་མང་པོ་ཡོད་འདུག
སྤྱིར་རང་རེའི་བསམ་ངོ་ལ་རྒྱ་གར་བར་ལོ་རྒྱུས་ཀྱི་སྐོར་ཡག་པོ་མེད་སྙམ་པའི་ལྟ་ཚུལ་ཡོད་པ་རེད། འོན་ཀྱང་ད་ལྟ་དེ་འདྲ་རང་ཡིན་ཚོད་མི་འདུག་སྟེ། རྒྱ་གར་གྱི་རིག་གནས་ལ་ཞིབ་འཇུག་བྱེད་མཁན་འཛམ་གླིང་གི་ཡུལ་ཕྱོགས་ཀུན་ལ་གང་ནས་ཡོད་པ་རེད་ལ། དེ་བས་ན་ལོ་རྒྱུས་ཞིབ་འཇུག་ལའང་འཕེལ་རྒྱས་ཕྱིན་ཏེ། སྙན་དངགས་མཁན་དགེ་དབང་གི་མཛད་རྣམ་ཡང་སྔ་མོ་ནས་གསལ་བོར་བཟོས་ཟིན་ཡོད་འདུག་གོ །
ཁོང་ནི་སྤྱི་ལོ ༩༩༠ ནས་༡༠༦༦ བར་ཙམ་དུ་བྱོན་པ་ཞིག་ཡིན་ལ། འཁྲུངས་ཡུལ་ནི་རྒྱ་གར་བྱང་ཕྱོགས་ཀསྨིར་ཏེ་ཁ་ཆེའི་ཡུལ་རེད། འོན་ཀྱང་འདིའི་ཁྲིད་ལུང་གི་རྒྱུན་འཆད་པ་ན་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེས་རྒྱལ་མཚན་གྱིས་པཎྚིཏ་ལཀྵིམ་ཀ་ར་ལས་གསན་ཏེ། དེའི་དྲུང་ནས་བོད་སྐད་དུ་བསྒྱུར་ལ། དེས་སྲས་ཟླ་བའི་དབང་བོ་ལས་གསན་པ་དང་། དེས་རང་གི་ཡབ་ལས་གསན་པ་ཡིན་པས་ལོ་ཚིགས་ལ་དཔྱད་དགོས་པ་ཡོད།
ཆོས་རྒྱལ་དགེ་བའི་དབང་པོ་ཞེས་རང་རེ་ལ་རྒྱལ་པོ་ཡིན་པར་གྲགས་ཀྱང་ཡིན་པ་ནི་བློན་པོ་ཞིག་ཡིན་པར་འདུག དེས་ན་རང་རེས་རྒྱལ་པོ་ཡིན་པའི་སྒྲུབ་བྱེད་དུ་དྲངས་པའི་རྟོགས་བརྗོད་ཀྱི་མཇུག་གི་ལུང་དེ་དག་ཀྱང་བློན་པོ་ཡིན་པའི་སྒྲུབ་བྱེད་རང་དུ་འགྲོ་བར་མཐོང་།
ཁོང་སྐུ་ན་ཆུང་དུས་ཕྱི་རོལ་དབང་ཕྱུག་པ་ཡིན་པ་ལ། ཕྱིས་སུ་ནང་པའི་སློབ་དཔོན་མཁས་པ་དང་འཕྲད་པས་ནང་པར་གྱུར། གཙུག་ལག་ཁང་བཞེངས་ནས་དགེ་འདུན་བསྙེན་བཀུར་གྱི་མཛད་པ་གནང་ཡོད་ཚོད་དུ་འདུག རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ཡང་སྐབས་དེར་མཛད་པ་རེད། ཁོང་ནང་པའི་ཆོས་ཕྱོགས་ཀྱི་གཟིགས་རྟོགས་ཀྱང་མཐོན་པོ་ཡོད་པ་རྟོགས་བརྗོད་མཇལ་བས་ཤེས་ནུས། ཕྱིས་སུ་ཕྱི་རོལ་ཁྱབ་འཇུག་པའི་གྲུབ་མཐར་ཞུགས་ཏེ། ཁྱབ་འཇུག་གི་འཇུག་པ་བཅུ་དང་། དྲང་སྲོང་རྒྱས་པའི་རྟོགས་བརྗོད་སོགས་བརྩམས་པར་མཛད། སྤྱིར་ཁྱབ་འཇུག་པས་སངས་རྒྱས་བཅོམ་ལྡན་འདས་ཁྱབ་འཇུག་གི་འཇུག་པ་བཅུའི་ནང་ཚན་སྟེ། ཁྱབ་འཇུག་གི་སྤྲུལ་བར་བཤད་པས་དེ་ལ་ཞུགས་པས་ནང་པའི་ཆོས་བཏང་མི་དགོས་པ་ཡིན་ནམ་སྙམ་སྟེ། ཇོ་བོའི་སློབ་མའི་ནང་དུ་ཕྱི་ནང་གཉིས་ཀ་སྤྱོད་པ་ཡོད་པར་གསུངས་པས་སོ་ཞེས་ཞར་བྱུང་དུ་ཐལ།
ཁོང་ལ་སྙན་ངག་གི་བརྩམས་ཆོས་མང་བོ་ཡོད་དེ། རྟོགས་བརྗོད་འདི་ལྟ་བུའི་སྙན་ངག་ཆེན་པོ་ལ་ཡང་ཉེར་གཉིས་ཙམ་ཡོད་འདུག རང་རེ་ལ་འགྱུར་བ་ནི་དཔག་བསམ་འཁྲི་ཤིང་འདི་གཅིག་པུ་རེད། མ་ཟད་སྙན་ངག་གི་རིག་པའི་གཞུང་ལུགས་ཀྱང་ཁག་བཞི་ཡོད་པར་བཤད[༣]དོ། །
བུ་སྟོན་ཐམས་ཅད་མཁྱེན་པ་སོགས་འགའ་ཞིག་གིས་སྙན་ངག་མཁན་ཞེས་པ་ལས་རྒྱལ་པོ་ཡིན་མིན་གྱི་གསལ་ཁ་གང་ཡང་མ་ཕྱེས། སྤྱིར་ལྔ་བ་ཆེན་པོས་བོད་ཡིག་གི་དཔྱད་གཞི་ལ་ཞིབ་འཇུག་མཛད་དེ་གསུང་བའི་པར་བྱང་འདི་ནི་མཛད་པ་པོའི་ལོ་རྒྱུས་དང་སྙན་ངག་གི་བསྟན་བཅོས་གཉིས་གར་འཇུག་པ་ལ་གལ་ཆེ་བ་ལྡེ་མིག་ལྟ་བུ་ཞིག་ཏུ་ཆགས་ཡོད་དོ།། ཡིན་ཡང་རྟོགས་བརྗོད་རང་གི་ལུང་དྲངས་ནས་མཛད་པ་པོ་ཆོས་ཀྱི་རྒྱལ་པོར་བསྒྲུབས་པ་ཅི་བཞིན་དུ་སོང་མེད་པ་ཡང་འདོར་ལེན་ཤེས་པར་བྱའོ། །
ཟླ་བའི་དབང་པོ་ནི་རྒྱལ་བོ་དེའི་སྲས་སུ་འཁྲུངས་ལ། དཔག་བསམ་འཁྲི་ཤིང་གི་ཡལ་འདབ་བརྒྱ་རྩ་བརྒྱད་ཀྱི་ཐ་མ་དེ་ཡབ་ཀྱིས་བསྐུལ་བ་བཞིན་འདིས་མཛད་ལ། ཡབ་ཀྱི་རྩོམ་གཤིས་ལྟར་མཛད་པར་གསུང་བས། རང་ལ་ཡང་རྩོམ་པ་ཐུན་མོང་མིན་པ་ཡོད་པའི་ཚུལ་བསྟན་པ་ལོས་ཡིན་ཏེ། བསྡུར་ས་མེད་པས་ངེས་ཤེས་རྙེད་ཐབས་བྲལ། སྔ་མ་དག་གིས་ནི་ལན་གཅིག་ཡབ་ཀྱི་རྗེས་སུ་འབྲང་ནས་ལྷོ་བའི་ལུགས་ལྟར་དུ་བྱས་ཞེས་པའི་དོན་དུ་འགྲེལ་བར་མཛད། དེ་བཞིན་མཇུག་རྩོམ་ཡང་རིང་བོ་ཞིག་མཛད་དེ་ཡབ་ཀྱི་རིགས་རུས་དང་བྱས་པ་སོགས་ཀྱི་སྐོར་མང་ཙམ་ཞིག་འཁོད་འདུག
རྟོགས་བརྗོད་འདི་དག་ལྷ་ཁང་གི་ལྡེབས་རིས་སུ་བྲིས་པ་གླེགས་བམ་གྱི་གཟུགས་བྱས་ཤིང་། དེ་ལྟར་མཛད་པ་པོ་སྲས་ཟླ་བའི་དབང་པོ་ཁོང་ཉིད་དགུང་གྲངས་ཉེར་བདུན་ལ་སོན་པ། ས་ག་ཟླ་བའི་དཀར་ཕྱོགས་སངས་རྒྱས་ཀྱི་སྐུ་འཁྲུངས་པའི་དགའ་སྟོན་དུ་གྲུབ་པར་བྱས་པའི་ཚུལ་ཀྱང་ཞིབ་ཏུ་བྲིས་[༤]པར་མཛད་དོ། །
གཏི་མུག་སྨག་ཆེན་འཐིབས་པའི་ར་བ་རུ།།
རང་མཐོང་རྫིང་བུར་སྐྱལ་བ་དེ་དག་ནི།།
ཤེས་བྱའི་ཆུ་གཏེར་མཐོང་བའི་མིག་ལྡོངས་བཞིན།།
གང་དེར་སྙིང་བོ་མེད་དོའི་ཐོ་ཅོ་བྱེད།།
ཅེས་བྱ་བ་ནི་བར་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ།།
རྟོགས་བརྗོད་དཔག་བསམ་འཁྲི་ཤིང་།
ཁ་ཆེ་པཎ་ཆེན་གྱིས། སྙན་ངག་གི་མཚན་ཉིད་བརྗོད་པར་འདོད་པའི་ལུས་ལ་རྒྱན་གྱིས་སྤྲས་པའོ། །དེ་ལ་དབྱེ་ན་ལུས་དང་རྒྱན་ནོ།། ལུས་ལས་དབྱེ་ན། ཚིགས་བཅད་དང་། ལྷུག་པ། སྤེལ་མ་གསུམ་མོ། ཚིགས་བཅད་ཀྱི་མཚན་ཉིད། ལུས་གང་ཞིག་རྐང་བཞི་པས་བཅད་པའོ། །དེ་ལ་དབྱེ་ན་གཉིས་ཏེ། རིགས་གྲོལ་མཛོད་འདུས་དང་བཞིར་དབྱེ་བ་དང་། བྲྀ་ཏྟ་དང་། ཛ་ཏི་གཉིས་སུ་དབྱེ་བའོ། །[༥]ཞེས་པ་ལྟར་སྙན་ངག་གི་ལུས་ལ་དབྱེ་བ་མང་དུ་ཕྱེར་ཡོད་པ་འདི་མེ་ལོང་མ་དང་མཐུན་ལ། མཚན་ཉིད་ལ་གོ་བ་དམིགས་བསལ་བ་དང་ཡང་ལྡན་ཏེ། མེ་ལོང་མའི་ཚིག་ཟིན་ལ་མི་གསལ་བའི་ལེགས་བཤད་དུ་སྣང་ངོ་། །
བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་འཁྲི་ཤིང་ཞེས་བྱ་བའི་སརྒའི་བཅིངས་པ་སྟེ་ལེའུ་དུ་མའི་བདག་ཉིད་ཅན་གྱི་སྙན་ངག་ཆེན་པོ་འདི་ལ། ལེའུའམ་ཡལ་འདབ་བརྒྱ་དང་བརྒྱད་ཡོད་ལ། འདི་འདྲ་བ་ལ་སྙན་ངག་ཆེན་པོ་ཞེས་ཀྱང་བྱའོ།། སྤྱིར་རྒྱ་གར་བའི་སྙན་ངག་གི་རྩོམ་ལུགས་ལ་གཙོ་ཆེ་བ་གཉིས་ཏེ། ཅུང་ཟད་ཁ་དམ་ཞིང་གོ་དཀའ་བ་ཚིགས་སྡུད་མང་བ་བརྗིད་པའི་ཉམས་གཙོ་བོར་བྱེད་པ་རྒྱ་གར་ཤར་བའི་ལུགས་དང་། ཁ་གསལ་ཞིང་གོ་བདེ་བ་སྙན་པ་གཙོ་བོར་བྱེད་པ་རྒྱ་གར་ལྷོ་ཕྱོགས་པའི་ལུགས་ཏེ་གཉིས་ཡོད་པ་ལས་མཁས་པ་དག་གི་འདོད་ཚུལ་མི་མཐུན་ཡང་གོང་ས་ལྔ་བའི་བཞེད་པ་བཞིན་ཕྱི་མའི་ལུགས་སུ་འདོད་པ་དོན་ལ་གནས་པར་སྙམ།
གོང་ས་ལྔ་བས་འདི་ཡི་དཔར་བྱང་དེར་འདིའི་འགྱུར་གྱི་བྱུང་རིམ་དང་ནང་དོན་མཚམས་སྦྱོར། ཁྲིད་ལུང་གི་རྒྱུན། དཔེ་མ་ཁག་བསྡུར་ནས་ཞུ་དག་གནང་ཚུལ། ད་དུང་དོགས་པའི་མཐའ་མ་ཆོད་པའི་གནས་ལ་གསལ་བཤད། དཔར་སྐྲུན་ཀྱི་གོ་རིམ་དཔར་དུ་འཁོད་དུས་ཀྱི་ལོ་ཚིགས་﹙སྤྱི་ལོ ༡༦༦༤﹚དང་བཅས་གསལ་བོར་གསུངས་[༦]ཡོད། མཁས་པའི་གསུང་ཟེར་བ་དེ་འདྲ་ལོས་ཡིན་ཏེ། པར་བྱང་ཞིག་ཏུའང་དེ་འདྲའི་ནང་དོན་མང་བོ་ཞིག་འཁོད་འདུག་ཨང་།
“རྟོགས་བརྗོད་རིན་པོ་ཆེ་དཔག་བསམ་འཁྲི་ཤིང་འདི་ཉིད་བརྗོད་བྱ་དོན་དང་འབྲེལ་བས་རྟོགས་སླ། རྗོད་བྱེད་རྒྱན་དང་འབྲེལ་བས་རྣ་བར་སྙན། ཚིག་རྐང་སྡེབ་སྦྱོར་དང་འབྲེལ་བས་གཅོད་མཚམས་ཕྱེ། མིང་མངོན་བརྗོད་དང་འབྲེལ་བས་ངོ་མཚར་བ་སྟེ་ཁྱད་ཆོས་བཞི་དང་ལྡན་པ་ཡིན་”ཞེས་ཐུགས་འཇོག་བླ་ན་མེད་པ་མཛད། སྙན་ངག་རྩོམ་ཆོས་རིང་ཐུང་ཅི་རིགས་པར་འགྲེལ་བ་མཛད་མཁན་མཐའ་ཡས་ཀྱང་། ལྔ་བ་ཆེན་པོ་མ་གཏོགས་པ་སྙན་ངག་ལ་གདེང་འཇོག་འདི་འདྲ་གནང་ཐུབ་མཁན་ཡང་སུ་ཞིག་ཡོད་དམ། ཤིན་ཏུ་ཉུང་བར་སེམས་སོ། །
དུང་དཀར་ཚང་གིས་རེའུ་མིག་བཟོས་ནས་དཀར་ཆག་ཅིག་བསྒྲིགས་གནང་འདུག ཡལ་འདབ་བརྒྱ་རྩ་བརྒྱད་པོ་དང་པོ་སེམས་བསྐྱེད་པ་དང་། བར་དུ་ཚོགས་བསགས། མཐར་སངས་རྒྱས་གཞན་དོན་མཛད་པ་བཅས་ཚན་པ་གསུམ་དུ་བགོས་ཤིང་། བར་བ་ལའང་ནང་གསེས་སུ་ཕར་ཕྱིན་དྲུག་ཏུ་ཕྱེས་ནས་ཤིན་ཏུ་བལྟ་བདེ་བར་བཟོས་གནང་མཛད་འདུག དེ་ཡང་གོང་སའི་པར་བྱང་དེ་ནང་བཞིན་དུ་བསྒྲིགས་པ་ཞིག་གོ །
གཞན་འདི་ལ་ནང་དོན་དང་ཁྱད་ཆོས་ངོ་སྤྲོད་པར་རེའུ་མིག་ཏུ་མཛད་དེ་གསུངས་པ་ཡང་གོང་གི་དེ་དང་ལྷན་གསུང་འབུམ་[༧]དུ་བཞུགས། དགུ་པོ་དེ་དག་རེའུ་མིག་ལས་བཏོན་ཏེ་བཀོད་ན། དེ་ཡང་། “༡ བཅོམ་ལྡན་འདས་ཀྱིས་དང་པོར་ཐུགས་བསྐྱེད། བར་དུ་ཚོགས་བསགས། མཐར་སངས་རྒྱས་ནས་སེམས་ཅན་གྱི་དོན་མཛད་པའི་རྣམ་ཐར་གོ་བདེ་བའི་སྒོ་ནས་འཆད་པ། ༢ རྗོད་བྱེད་ཀྱི་ཚིག་རྣམས་ཉམས་འགྱུར་ཕུན་སུམ་ཚོགས་པ་དང་ལྡན་པའི་སྙན་ངག་གི་རྒྱན་དང་སྦྱར་ནས་འཆད་པ། ༣ སྡེབས་སྦྱོར་གྱི་ལྕི་ཡང་སོགས་ནོར་འཁྲུལ་མེད་པས་གཅོད་མཚམས་ཕྱེད་པ། ༤ རྟོགས་བརྗོད་འདི་མཐོང་བ་ལ་བརྟེན་ནས་སངས་རྒྱས་ལ་དད་པ་སྔར་ལས་ལྷག་པར་གོང་དུ་འཕེལ་ནས་བསོད་ནམས་ཆེན་པོ་ཐོབ་པར་གྱུར་བ། ༥ པཎྚིཏ་ལཀྵིམ་ཀ་ར་ལ་བརྟེན་ནས་མང་ཡུལ་སྐྱིད་གྲོང་ཇོ་བོ་རིན་པོ་ཆེའི་དྲུང་དུ་བསྒྱུར་བ། ༦ འགྲོ་མགོན་འཕགས་པའི་བཀའ་ལྟར་དཔོན་ཆེན་ཤཱཀྱ་བཟང་པོས་བདག་རྐྱེན་སྦྱར་བ། ༧ ཤོང་སྟོན་རྡོ་རྗེ་རྒྱལ་མཚན་ནས་རྒྱལ་དབང་ལྔ་བ་ཆེན་པོའི་བར་དུ་གཅིག་ནས་གཅིག་ཏུ་བརྒྱུད་པའི་བཤད་རྒྱུན་ཡོད་པ། ༨ མཆན་འགྲེལ་ཡོད་པ། ༩ སྐད་གཉིས་ཤན་སྦྱར་གྱི་མ་དཔེ་འདི་ཉིད་ཞ་ལུ་ཆོས་སྐྱོང་བཟང་པོས་ཞུས་དག་མཛད་པའི་མ་དཔེ་དང་། རིན་སྤུངས་ངག་འཇིགས་ཀྱི་ཕྱག་དཔེ་ལ་གཞིར་བཟུང་ནས་འདར་ལོ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཀྱིས་ཞུས་དག་ཐོག་ཡལ་འདབ་གསུམ་པ༣དང་། དྲུག་པ༣ བརྒྱད་པ༣ དགུ་པ༤ བཅུ་གཉིས་པ༣ བཅུ་བཞི་པ༦ སོ་དྲུག་པ་རྐང་༡ ཞེ་གཅིག་པ་རྐང་༡ ཞེ་བདུན་པ་རྐང་༢ ལྔ་བཅུ་ང་གཉིས་པའི་རྐང་༢ དྲུག་ཅུ་རེ་དྲུག་རྐང་༡ དོན་དྲུག་རྐང་༡ དོན་དགུ་པ་རྐང་༡ བརྒྱད་ཅུ་རྩ་བཞི་པ་རྐང་༡་བཅས་ཆད་པ་རྣམས་ཁ་གསབ། ”ཅེས་བྱུང་ངོ་།
དཔེ་སྔ་མ་མང་བོ་ལ་མཆན་ཡོད་མོད། འོན་ཀྱང་གོང་ས་ལྔ་བས་ཤན་སྦྱར་མ་འདི་པར་དུ་འཁོད་སྐབས་མཁས་པས་རང་གིས་བྲིས་ན་ཆོག་ཅིང་། བླུན་པོས་མཆོད་པ་བྱ་ས་ལ་མཆན་གྱིས་དགོས་དོན་མེད་པ་སོགས་རྒྱུ་མཚན་དུ་མ་ལ་དགོངས་ཏེ་མཆན་མར་བླངས་ཤིང་། རྒྱ་དཔེ་ཡར་བཞག་ནས་ཤན་སྦྱར་མ་བྱས་པ་ཡིན་པས་ཤིང་དཔར་ལ་མཆན་མེད་པ་ཤེས་སླའོ། །
དེ་ཡང་རྒྱན་གྱི་བསྟན་བཅོས་མེ་ལོང་མ་ལས། སྔོན་བྱུང་གཏམ་ལས་གྱུར་བ་དང་།། ཅིག་ཤོས་དག་ལ་ལེགས་བསྟེན་པ།། ཞེས་པ་ལྟར་སྔོན་དུ་ཡོངས་སུ་གྲགས་པའི་གཏམ་རྒྱུད་དག་ཚིག་སྙན་ལ་དོན་འདུ་བའི་ཚིག་གི་སྦྱོར་བ་ཕུན་སུམ་ཚོགས་པའི་ལམ་ནས་དྲངས་ཏེ་བརྩམས་པ་ཞིག་རེད། སྙན་དག་གི་བསྟན་བཅོས་འདི་ལ་དཔག་བསམ་འཁྲི་ཤིང་དང་། ལེའུའི་མིང་ལ་ཡལ་འདབ་ཅེས་བཏགས་པ་དཔེའི་སྒོ་ནས་བཏགས་པ་ཞིག་གོ །
སྤྱིར་ཡལ་འདབ་རེར་གཏམ་རྒྱུད་རེ་གསུངས་ཡོད་ལ། ཡལ་འདབ་འགར་གཏམ་རྒྱུད་གཉིས་ནས་གསུམ་བར་དུ་འཆད་པའང་ཡོད་དོ།། སངས་རྒྱས་ཀྱི་སྐྱེས་རབས་གཙོ་བོ་དང་དེ་བཞིན་སྟོན་པའི་དུས་སུ་བྱུང་བའི་གཏམ་རྒྱུད་གཞན་དང་། དེའི་ཕྱིས་ཀྱི་བྱུང་བ་ཡང་འཁོད་དེ། རྗེ་བཙུན་ཏཱ་ར་ནཱ་ཐ་སོགས་བྱུང་བ་སྨྲ་བ་དག་གིས་ཆོས་རྒྱལ་མྱ་ངན་མེད་ཀྱི་གཏམ་རྒྱུད་ཅི་རིགས་འདིའི་ནང་ནའང་ཡོད་ཅེས་ཞལ་འཕང་གནང་བ་བཞིན་ཡལ་འདབ་དོན་གསུམ་པ་དང་དོན་བཞི་པ་ཆོས་རྒྱལ་མྱ་ངན་མེད་ཀྱི་ཆོས་ལ་བྱ་བ་བྱས་ཚུལ་གྱི་རྟོགས་བརྗོད་དུ་སོང་བ་ལྟ་བུའོ། །
ཀླུ་ལ་སྤྲིངས་པའི་རྟོགས་པ་བརྗོད་པའི་ཡལ་འདབ་དང་། ས་གཞི་ཕུལ་བའི་རྟོགས་པ་བརྗོད་པའི་ཡལ་འདབ་གཉིས་ལ་རིམ་བཞིན་ཏཱ་ར་ནཱ་ཐས་མྱ་ངན་མེད་ཀྱིས་ཀླུ་བཏུལ་བའི་རྟོགས་བརྗོད་དང་། གསེར་ཕུལ་བའི་རྗོགས་བརྗོད་ཅེས་བྲིས་པ་འགྱུར་ཁྱད་ཙམ་རེད། དེ་བཞིན་དཔའ་བོ་གཙུག་ལག་ཕྲེང་བས་ཀྱང་ཀླུ་བཏུལ་བའི་ལེའུ་ཞེས་བྲིས།
མཁས་པ་དེ་དག་ཤིང་དཔར་མ་འདི་མ་བྱུང་བའི་སྔོན་དུ་སོང་ཡོད་ཕྱིར་འདི་ཙམ་གྱིས་ཕྱིས་ཞུས་དག་ཇི་ལྟར་བྱས་ཚུལ་ཡང་མཐོང་ཐུབ།
རྟོགས་བརྗོད་སྙན་ངག་འདི་གཙུག་ལག་ཁང་གི་ལྡེབས་ངོས་སུ་རི་མོ་དང་མཉམ་དུ་འབྲི་རྒྱུར་མཛད་པ་ལ་ཕྱིས་སྲས་ཟླ་བའི་དབང་པོས་ཆུད་ཟ་བར་དོགས་ནས་ཁ་སྐོང་བཅས་ཡི་གེར་ཕབ་པའི་ཚུལ་སོགས་རྟོགས་བརྗོད་རང་དུ་གསལ།
ཞ་ལུ་ལོ་ཙཱ་བས་ཞུས་དག་མཛད་པའི་མ་དཔེ་དང་། སྡེ་བ་རིན་སྤུངས་པའི་ཕྱག་དཔེ་སོགས་དཔེ་མང་བོ་ཡོད་པ་བསྡུར་ནས་འདར་ལོ་ཙཱ་བ་ངག་དབང་ཕུན་ཚོགས་ཀྱིས་ཞུས་དག་མཛད་ཚུལ་གོང་དུ་དུང་དཀར་བའི་གསུང་དྲངས་ཟིན་ལ། དེ་ནས་ད་ལྟ་བསྟན་འགྱུར་དུ་བཞུགས་པའི་སམ་བོད་ཤར་སྦྱར་མ་འདི་ལྟར་འཇོག་རྒྱུའི་ཐུགས་བཀོད་ནི་གོང་ས་ཉིད་ཀྱིས་མཛད་པར་སྣང་ངོ་།
འདི་ལ་ཡང་མི་དག་པ་ཡོད་ཅེས་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་ཞུས་དག་མཛད་བཞེད་པ་ལ། སྡེ་དགེ་རྒྱལ་པོ་ནས་པོ་ཏ་ལའི་ཕྱི་མོ་འདི་དག་ངེས་རེད་ཅེས་བཀའ་གནང་མ་ཐོབ་པས་ཞུས་དག་བྱ་དབང་མ་བྱུང་[༨]གསུངས།
དགེ་འདུན་ཆོས་འཕེལ་ནས་ཀྱང་དག་པ་ཁོ་ན་ཞིག་ཡིན་པར་ནི་མི་བཞེད་ཚོད། འོན་ཀྱང་ད་ལྟ་རང་རེའི་སྃ་བོད་ཤན་སྦྱར་མ་འདི་ལས་ལེགས་སྦྱར་གྱི་དཔེ་ཡང་མེད་པར་ཐོས་པས་འདིའི་གལ་ཆེན་རང་བཞིན་ཀྱང་ཤེས་ཐུབ།
གཞན་འདི་ལ་སྔོན་གྱི་བོད་ཀྱི་མཁས་པའི་མཛད་པའི་ཚིག་འགྲེལ་ཞིག་ཀྱང་ཡོད་པ་འཕྲུལ་པར་དུའང་བཏབ་ཟིན་པར་ནི་ཐོས་མོད། འོན་ཀྱང་མཇལ་མ་མྱོང་ཕྱིར་དེ་སྙན་ངག་གི་འགྲེལ་བ་ཕལ་མོ་ཆེ་ནང་བཞིན། ནང་དོན་ཙམ་ལ་གཞོལ་ཆེས་ནས་ཚིག་དང་དོན་གྱི་ཉམས་བཤད་པ་ལྟ་ཅི། ཐ་ན་རྒྱན་གྱི་ངོས་འཛིན་ཙམ་ཡང་ཡལ་བར་དོར་བ་དེ་འདྲ་བ་ཞིག་གམ། ཡང་ན་ནི་གོང་དུ་དྲངས་ཟིན་པའི་གོང་ས་ལྔ་བའི་གསུང་ལྟ་བུ་ཞིག་དང་། ཞལ་ཤུལ་ངག་དབང་བསྟན་པའི་རྒྱལ་མཚན་གྱི་རཱ་མ་ཎའི་རྟོགས་བརྗོད་ཀྱི་འགྲེལ་བ་ནང་བཞིན་སྙན་ངག་གི་ཚིག་ཉམས་དང་། དོན་ཉམས་ཀྱི་མཛེས་པ་གཏིང་ནས་སྔོག་པའི་འགྲེལ་བ་ཕུན་སུམ་ཚོགས་པ་ཞིག་ཡིན་ནམ་ཅི་ཆའོ། །
ད་སྐབས་ཞལ་བཞུགས་པའི་མཁས་པ་ནོར་བྲང་ཨོ་རྒྱན་ཞུ་བས་འདི་ཡི་འགྲེལ་བ་པོད་གཉིས་ཅན་ཞིག་མཛད་ཡོད་ཟེར་མོད་ལག་ཏུ་མ་སོན། འགྲེལ་བ་ཡག་པོ་ཞིག་ཡིན་ན་གློ་བ་དགའ་སྟེ། བདུད་ལྷ་རྒྱལ་གྱིས་སྤྲིན་གྱི་ཕོ་ཉ་དང་ཕོ་ཉ་གཞོན་ནུ་དོན་གྲུབ་གཉིས་བསྡུར་བའི་རྩོམ་ཡིག་ལྟ་བུ་ཞིག་ལགས་ན་ནི་དགེ་མཚན་ཆེ་བར་སྣང་མོད། གཞན་གྱི་རྩོམ་རིག་གཞུང་ལུགས་ཀྱིས་ཞྭ་དཔེ་ལྷམ་འགེབས་བྱས་མེད་པའི་རེ་བ་ཆེའོ། །
དགེ་ཆོས་རིན་པོ་ཆེའི་རྟོགས་བརྗོད་འདིའི་ལེའུ་འགའ་རག་ར་སྤྲུལ་སྐུ་ལ་ཁྲིད་གནང་ཞིང་དེའི་སྐོར་རག་རས་དགེ་ཆོས་རྣམ་ཐར་[༩]དུ་བཀོད་འདུག་སྟེ། དེ་ཡང་། སྔོན་ལ་སྙན་ངག་ལ་གོ་བ་ཆགས་པ་གལ་ཆེ་ཞེས་ཆོས་རྒྱལ་དགེ་དབང་གིས་མཛད་པའི་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ནས་རབ་གསལ་གྱི་ཡལ་འདབ་དང་། དེ་ནས་རྟེན་འབྲེལ་ཡིན་གསུངས་ནས་འོད་སྲུང་གི་ཡལ་འདབ། ནོར་བཟང་། ཐུབ་པ་རྭ་གཅིག་པ་དང་དེ་ནས་བཀྲ་ཤིས་པའི་ཡལ་འདབ་སྲས་ཟླ་དབང་གིས་མཛད་པ་སྤྲིན་བཞོན་གྱི་ཡལ་འདབ་བཅས་བཀའ་ཁྲིད་གནང་། ཞེས་བྱུང་། དེ་དག་ནི་རིམ་བཞིན་ཡལ་འདབ་དང་པོ་དང་། དྲུག་ཅུ་རེ་གསུམ་པ། རེ་བཞི་པ། རེ་ལྔ་བ། བརྒྱ་དང་བརྒྱད་པ་བཅས་སོ། །
དགེ་ཆོས་ཀྱི་གསུང་བཤད་དེ་དག་ནི་སྙན་ངག་འདི་ལ་འཇུག་པ་ལ་ཕན་ཐོགས་པར་མཆི་སྟེ། འདིའི་ནང་དུ་ཡང་ཡང་བྱུང་བའི་རྣམ་འགྱུར་ཞེས་པ་ལྟ་བུ་ཚིག་གོ་དགའ་བ་འགའ་སྐད་དོད་དང་འབྲེལ་ནས་ངོ་སྤྲོད་མཛད་ཡོད་དེ། རབ་གསལ་གྱི་ཡལ་འདབ་ནང་། ལེགས་པར་བཏུལ་བའི་གླང་པོའི་སྐོར་བརྗོད་པར། རྣམ་འགྱུར་མེད་པའི་སྟོབས་རྒྱས་པ། །ལྕགས་ཀྱུའི་དབང་གྱུར་དེ་མཐོང་ནས། །སྤྲོ་བ་ཡིས་ནི་རྩེར་ཞུགས་པ། །རྒྱལ་པོའི་དཔལ་དུ་རྒྱལ་པོས་བསམས། །ཞེས་པའི་རྣམ་འགྱུར་མེད་ཅེས་པ་སྒུལ་ཀྱོག་མེད་པར་བསྡད་པ་ལ་གོ་ཉེན་འདུག་ཀྱང་། འདི་ནི་ཁ་ལོ་བ་ལ་མི་རྒོལ་བའི་དོན་ཡིན་པར་སྐད་དོད་དང་སྦྱར་ནས་གསུངས་པ་ལྟ་བུའོ། །
དེ་བཞིན་ཡལ་འདབ་དྲུག་ཅུ་རྩ་གསུམ་པར། བརྒྱ་བྱིན་རླུང་དང་ཆུ་སོགས་ལྷ་རྣམས་དང་།། ཐུབ་མཆོག་རྣམས་ཀྱང་གང་སླད་རྣམ་འགྱུར་དུ།། འགྱུར་བའི་དྲན་བདེ་རྩྭ་ལྟར་གཅོད་པའི་གནས།། ཡ་མཚན་ཅན་དེ་གང་སུ་རུང་བའི་མིན།། ཞེས་པ་ལ་འགྲེལ་ཤིན་ཏུ་གསལ་བོ་ཞིག་གནང་འདུག་ལ། དེ་ཙམ་གྱིས་སྙན་ངག་སྤྱི་ལ་རོལ་མྱོང་བྱེད་ཤེས་པ་ལྟ་བུ་ལོས་ཡོང་ཨང་།
ཡལ་འདབ་བཞི་བཅུ་རྩ་དགུ་པར། ནུ་མ་མངོན་དགའ་གླང་ཆེན་མྱོས་བུམ་དང་།། ག་བུར་དོ་ཤལ་འོད་ཟེར་རྩེ་དགའ་དགོད།། དར་ལ་བབས་པའི་ན་ཆུང་འབྱོར་བ་ཡང་།། བསོད་ནམས་བྱས་པ་རྣམས་ལ་དགའ་སྟེར་ཡིན།། ཞེས་པ་འདི་ཤིན་ཏུ་སྙན་པར་མཐོང་སྟེ། ཚིགས་བཅད་འདི་ཡལ་འདབ་དེའི་མདོར་བསྟན་ལྟ་བུར་ཡོད་ལ། རག་རས་རྣམ་ཐར་དུ་གླེང་གཞི་ཞེས་མིང་ཞིག་བཏགས་འདུག ཁོང་རང་གིས་བཏགས་སམ་དགེ་ཆོས་ཀྱི་ཞལ་རྒྱུན་ཡིན་པ་གང་ཡང་མི་གསལ། གང་ལྟར་ཐོག་དང་པོ་ཚིགས་བཅད་འདི་བཀླག་ན་འདིའི་ཚིག་གི་ཉམས་ལ་ཧ་ལས་རྒྱུ་དང་། དེ་ནས་ཡལ་འདབ་ཡོངས་སུ་བཀླགས་ནས་ཡང་བསྐྱར་བཀླག་ན་དེའི་དོན་ཉམས་ལ་ངོ་མཚར་རྒྱུ་ཞིག་འབྱུང་ངེས་པ་རེད་དོ།།
མཇུག་གི་བཀྲ་ཤིས་པའི་ཡལ་འདབ་ནི་སྲས་ཟླ་བའི་དབང་བོའི་བགོ་སྐལ་དུ་གནང་བས་དེས་མཛད་ལ། དགེ་འདུན་ཆོས་འཕེལ་གྱིས་“ལེའུ་མང་བོ་བརྩམ་དགོས་ན་ནི་གང་ཤེས་མ་གཏོགས། སྐབས་འདིར་ནི་ཡབ་ལས་སྲས་ཞེད་ཞེད་འདུག་”ཅེས་ཞལ་བརྡའ་ཕེབས་མྱོང་[༡༠]བ་བཞིན་ཀློག་པའི་སྐབས་སུ་ཚོར་སྣང་དེ་འདྲ་རང་ཡོང་བར་འདུག་གོ །
མཁས་པ་ཉིད་ནི་མེད་ན་བློ་གྲོས་རྣམས་ཉམས་མི་རྣམས་འཚོ་བ་དོན་ཡོད་མིན།། མཚུངས་མེད་རྒྱས་པའི་སྙན་ངག་མེད་ན་མཁས་པ་ཉིད་ནི་ནེ་ཙོའི་ཀློག་དང་མཚུངས།། ཞེས་པའི་ལུང་འདི་ཀུན་ལ་རྒྱུས་ཡོད་ངེས་ལ། འདི་རྟོགས་བརྗོད་ཀྱི་ཡལ་འདབ་ལྔ་བཅུ་རྩ་གསུམ་པ་ལེགས་བཤད་འཚོལ་བའི་རྟོགས་བརྗོད་དུ་བཞུགས་པ་བཅས་སོ། །
ཞར་བྱུང་དུ་གོང་ས་ལྔ་བ་ཆེན་པོ་མཆོག་རང་རེའི་ཆོས་དང་རིག་གནས་སྤྱི་དང་ལྷག་པར་བྱེ་བྲག་ཏུ་སྙན་ངག་ལའང་སྐུ་དྲིན་གྱིས་ཁྱབ་པར་མཛད་དེ། སྙན་ངག་གི་གཞུང་ལུགས་ཀྱི་རྩོམ་པ་ཡང་མཛད་ལ། ཁོང་གི་སྙན་འགྲེལ་དེ་ལས་འཕྲིན་ལས་ཆེ་བ་ཞིག་སྙན་འགྲེལ་གཞན་གང་ལ་ཡང་མ་བྱུང་བར་སྣང་ལ། དེ་བཞིན་རྟོགས་བརྗོད་འདིས་མཚོན་སྙན་ངག་གི་བརྩམས་ཆོས་ཕུན་སུམ་ཚོགས་པ་མང་པོ་ཞུས་དག་དང་དཔར་སྐྲུན་མཛད་དེ་འཆད་ཉན་གྱི་སྒོ་ནས་ལེགས་པར་སྤེལ་བར་མཛད་ཡོད་པ་ལགས་སོ། །
མཇུག་གི་གཏམ།
ད་ལྟ་ནི་གཞན་ལྟ་ཅི་སྨོས། རྩོམ་རིག་སྨྲ་མཁན་དག་ཀྱང་དམ་པའི་རྣམ་དཔྱོད་ལས་བྱོན་པའི་ཚངས་པའི་དབྱངས་ལྟ་བུའི་རྩོམ་འདི་འདྲ་བ་རྒྱང་དུ་བཞག་སྟེ། ཕལ་བའི་འདུ་བྱེད་ལས་ཐོན་པའི་བྱིས་པའི་བརྡོལ་གཏམ་ལྟ་བུ་དག་ཡང་ཡང་གླེང་སྟེ། དེས་ཡིད་ཚིམ་པ་བྱེད་པར་མཐོང་སྟེ། དོན་ལ་རྣམ་དཔྱོད་ཆུད་ཟོས་སུ་བཏང་བ་རང་རེད་ཨང་།
དེ་བཞིན་ཀློག་མཁན་དག་དེ་དང་འདྲ་བ་སྟེ། གཅིག་བྱས་ན་ཁོང་ཚོས་ནི་ཆ་ཚང་བ་ཞིག་བཀླགས་པར་ཨུ་ཚུགས་བྱས་པས་ལན་ནམ་ཡང་སྙམ་སྟེ། འདི་མཐར་ཆགས་སུ་ཀློག་ཤེས་མཁན་ཞིག་ཡིན་ན་ངེས་པར་རང་རེའི་སྙན་ངག་གི་གཞུང་ལ་རྒྱུས་ཆེ་ཞིང་མངོན་བརྗོད་ཀྱི་བརྡའ་ལ་བྱང་བ་ཞིག་དགོས་པར་འདུག་པས་ཀློག་པར་ལས་སླ་བ་གང་ན་ཡོད། དེ་བཞིན་བརྗོད་བྱ་འགའ་ཞིག་རྒྱ་གར་གྱི་ཡུལ་སྲོལ་དང་རིག་གནས་ལ་འབྲེལ་བ་ཆེན་པོ་འདུག་པས་དེ་ལ་རྒྱུས་མེད་ཚེ་དཔེ་དོན་ཇི་བཞིན་སྦྱོར་མི་ཐུབ་ལ། དེས་ཀྱང་གོ་བ་ལེགས་པར་རྙེད་པ་ལ་རིང་བ་རིང་བར་བྱས་ཡོད། རྟོགས་བརྗོད་འདི་ཀློག་ན་མགོ་ནས་མཇུག་བར་བཀླག་དགོས་པ་མི་འདུག་ལ། ཡག་པོར་ཚོར་ས་ནས་ཡལ་འདབ་རེ་རེའམ་ཚིགས་བཅད་གཅིག་རེ་ཙམ་བཀླགས་པས་ཀྱང་འཐུས་པར་སྙམ་མོ། །
སླར་སྨྲས་པ།
གཅམ་བུའི་རླུང་གིས་མཁའ་ལ་སྦུར་མ་བཞིན། །
སྟེས་ལེགས་མཐོན་པོར་སོན་པ་མངས་དག་གི །
གཟུགས་བརྙན་རྩོམ་པ་མང་བོའི་འདུ་ལོང་དེས། །
རྨད་བྱུང་ཚིག་གི་དབྱངས་རྟ་འཇགས་པར་གྱུར། །
ཞེས་པའོ། །
ཞེས་པ་འདི་ནི་རྩོམ་འབྲི་སྦྱོང་བྱ་འདོད་ནས་དེའི་ཆེད་དཔེར་བརྗོད་དུ་དང་། རང་གིས་སྙན་ངག་ལ་སྦྱང་བ་ཕྲ་མོ་ཙམ་ཞིག་བྱས་པའི་འབྲས་རྟགས་སུ་ཕུལ་རྒྱུར་བྲིས་པ་ལས། གཞན་ལ་ཕན་པར་འགྱུར་བའི་བསམ་པ་ནི་མེད་དེ། ངའི་འདི་ཙམ་ཞིག་མི་ཤེས་པའི་དོན་གཉེར་མཁན་སུ་ཞིག་ཡོད་ཨང་།
དཔྱད་ཡིག་དང་ཞབས་མཆན།
[༡] རྒྱལ་པོ་དགེ་བའི་དབང་པོས་མཛད། དཔག་བསམ་འཁྲི་ཤིང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༤ བསྟན་འགྱུར་དུ་ཤན་སྦྱར་མ་ལ་པོད་གཉིས་བཞུགས་ལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བོད་ཡིག་ཁོ་ན་བྱས་ཏེ་ལྕགས་པར་དུ་བཏབ་ནས་པོད་གཅིག་ཏུ་བྱས་པ་འདི་ནི་དཀར་ཆག་བསྒྲིགས་པ་ལེགས་ཤིང་། ལེའུའི་གཅོད་མཚམས་གསལ་བས་ཅིས་ཀྱང་ཀློག་སྤྲོ་བ་ཞིག་འདུག
[༢] རང་རེའི་ཕྱི་རབས་པར་ཆོས་རྗེ་ས་པཎ་གྱིས་མེ་ལོང་མ་བོད་ལ་ཇི་བཞིན་དུ་མི་འཚམས་པས་མ་བསྒྱུར་ཞེས་དགག་བཞག་དང་བཅས་བཤད་ཀྱང་། ས་པཎ་ཉིད་ཀྱི་གསུང་ལས་མི་རྙེད་པས་དཔྱད་རྒྱུར་ལུས་ཡོད།
[༣] བརྩམས་ཆོས་འཁྲུངས་འདས་ལོ་ཚིགས་དང་འཁྲུངས་ཡུལ་སྐོར་འདི་བེ་རི་འཇིགས་མེད་དབང་རྒྱལ་གྱི་རྩོམ་རིག་སློབ་ཁྲིད་ཅིག་ལས་དོན་བསྡུས་ཏེ་དཔྱད་གཞིར་བཀོད་དོ། །
[༤] སྲས་ཟླ་བའི་དབང་པོས་མཛད། དཔག་བསམ་འཁྲི་ཤིང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༤ འདིའི་ཡལ་འདབ་རྒྱ་རྩ་བརྒྱད་པ་དང་མཇུག་རྩོལ་ལ་གསལ།
[༥] ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིས་མཛད། སྙན་ངག་གི་མཚན་ཉིད་བསྡུས་པ་ཞེས་བྱ་བ། འདིའི་མཇུག་ཏུ། བློ་གྲོས་ཡངས་པ་བཀའ་བཞི་བས། །བསྐུལ་ནས་པཎ་ཆེན་ཁ་ཆེས་སྦྱར། །ཞེས་བྱུང་བས་བོད་དུ་མཛད་པར་མཐོང་།
[༦] རྒྱལ་དབང་ལྔ་བ་ཆེན་པོས་མཛད། དཔག་བསམ་འཁྲི་ཤིང་། བོད་ལྗོངས་མི་དམངས་དཔེ་སྐྲུང་ཁང་། ༢༠༠༤ འདིའི་དཔར་བྱང་ལ་གསལ།
[༧] དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད། གསུང་འབུམ་པོད་ཁ་པ། བོད་ཀྱི་དཀར་ཆག་རིག་པ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༤
[༨] ཞུས་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད། དཔག་བསམ་འཁྲི་ཤིང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༤ སྡེ་དགེའི་ཤིང་དཔར་དུ་བཀོད་པ། འདིའི་ཆེས་མཇུག་ན་གསལ།
[༩] རག་ར་ཐུབ་བསྟན་ཆོས་དར་གྱིས་མཛད། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རྣམ་ཐར། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས། པོད་དང་པོར་བཞུགས། ༢༠༠༣
[༡༠] རག་ར་ཐུབ་བསྟན་ཆོས་དར་གྱིས་མཛད། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རྣམ་ཐར། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས། པོད་དང་པོར་བཞུགས། ༢༠༠༣
– – – – –