བརྡ་སྤྲོད་པའི་ཕྱི་མོ«སུམ་རྟགས»གཉིས་བོད་ཡིག་གིས་བརྩམས་པ་ཡིན་མིན་སྐོར་གྱི་ཐོག་མའི་དོགས་དཔྱོད།

0
1021

ནང་དོན་གནད་བསྡུས།  དཔྱད་རྩོམ་འདིར་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ཀུན་གྱི་ཕྱི་མོ«སུམ་ཅུ་པ»དང«རྟགས་ཀྱི་འཇུག་པའི»བསྟན་བཅོས་གཉིས།  ཐོག་མ་ཉིད་ནས་བོད་ཀྱི་ཡི་གེས་བརྩམས་པ་ཞིག་མིན་པའི་ཚུལ། བསྟན་བཅོས་རང་གི་མཚན་བྱང་སྐད་གཉིས་ཤན་སྦྱར་དང་། འགྱུར་ཕྱག་འགོད་ལུགས།  ནང་དོན་བསྟན་ཐབས་བཅས་གནད་དུ་བཟུང་ནས་དཔྱད་པ་བཏང་སྟེ། བསྟན་བཅོས་དེ་གཉིས་ཐོག་མར་རྩོམ་པ་པོས་བོད་ཡིག་གསར་གཏོད་ཀྱི་མིག་དཔེར་བཟུང་བའི་རྒྱ་གར་ཡི་གེས་བརྩམས་པའི་བཤད་ཚུལ་ཡོད་པ་བདེན་པར་བསྒྲུབས་པ་དང་། བོད་ཀྱི་ཡི་གེར་པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀིརྟིའམ་དྲན་པའི་ཤེས་རབ་ཏུ་གྲགས་པ་སོགས་ཀྱི་སྐབས་ཐོག་ཏུ་ནང་དོན་བྱེ་བྲག་པ་རེ་བསྒྱུར་འགྲེལ་བྱུང་བ་དང་། དུས་ཕྱིས་ས་སྐྱ་པཎ་ཆེན་གྱིས་བརྩམས་པའི«ཡི་གེའི་སྦྱོར་བ»ནི་བསྟན་བཅོས་དེ་གཉིས་ཀའི་ནང་དོན་འཐུས་ཚང་གཞིར་གཞག་གི་རྨང་གཞིའི་སྟེང་།  རང་ཉིད་ཀྱིས་བསྟན་བཅོས་དེར་མ་ཚང་བ་རེ་འགའ་ཁ་གསབ་སྒོས་རྩོམ་བསྒྱུར་མཛད་པ་ཞིག་ཏུ་བསྟན་པར་མ་ཟད། དུས་སྐབས་དེའི་རིང་ལ་བརྡ་སྤྲོད་པའི་ཕྱི་མོའི་བསྟན་བཅོས་གཉིས་ཀའང་བོད་འགྱུར་འཐུས་ཚང་བྱུང་བ་ཡིན་ཚུལ་དགོངས་འགྲེལ་རྙིང་ཤོས་དང་ཡིག་ཚང་རྙིང་ཤོས་དག་གཞིར་བཟུང་ནས་བསྟན་ཡོད།  

གནད་ཚིག    སུམ་ཅུ་པ།   རྟགས་ཀྱི་འཇུག་པ།    རྒྱ་གར་ཡི་གེ  བོད་ཀྱི་ཡི་གེ    ཡིག་བསྒྱུར།

དང་པོ།    བསྟན་བཅོས་འདི་གཉིས་སློབ་དཔོན་ཐུ་མིས་བོད་ཀྱི་ཡི་གེས་བརྩམས་པ་ཡིན་མིན་སྐོར་གྱི་དོགས་དཔྱོད།

དེ་ཡང་ཏུན་ཧོང་ཡིག་རྙིང་དུ་ཁྲི་སྲོང་བཙན་གྱི་མཛད་རྗེས་གླེང་ཚེ།  “བོད་ལ་སྔ་ན་ཡི་གེ་མྱེད་པ་ཡང་། བཙན་པོ་འདི་འྀ་ཚེ་བྱུང་ནས”[1] ཞེས་བོད་ཀྱི་ཡི་གེ་ནི་བཙན་པོ་ཁྲི་སྲོང་བཙན་སྐབས་སུ་བྱུང་བའི་ལོ་རྒྱུས་ཡོངས་གྲགས་དང་མཐུན་པ་ཞིག་བཀོད་ཡོད་མོད། བོད་ཀྱི་ཡི་གེའི་སྲོལ་གཏོད་པར་གྲགས་པའི་སློབ་དཔོན་ཐུ་མི་དང་། དེས་བརྩམས་པར་གྲགས་པའི་བརྡ་སྤྲོད་ཕྱི་མོ་སུམ་རྟགས་གཉིས་དང་འབྲེལ་བའི་ལོ་རྒྱུས་ཤིག་ཏུན་ཧོང་ཡིག་ཚགས་དག་ཏུ་མིག་སྔར་སུས་ཀྱང་མཐོང་སྣང་མ་བྱུང་བར་ལྷགས་ཡོད། འོན་ཀྱང«སྒྲ་སྦྱོར་བམ་པོ་གཉིས་པའི»ནང་དུ། “ཆོས་ཀྱི་སྐད་བོད་སྐད་ལ་མ་གྲགས་པ་ལས་མིང་དུ་བཏགས་པ་མང་དག་ཅིག་མཆིས་པའི་ནང་ནས་ཁ་ཅིག་ཆོས་ཀྱི་གཞུང་དང་། བྱཱ་ཀ་ར་ཎའི་སྒྲའི་ལུགས་དང་མི་མཐུན་ཏེ། མི་བཅོས་སུ་མི་རུང་བ་རྣམས་ཀྱང་བཅོས། སྐད་ཀྱི་མིང་གཅེས་སོ་འཚལ་གྱིས་ཀྱང་བསྣན་ནས་ཁ་ཅིག་ཆོས་ཀྱི་གཞུང་དང་། བྱཱ་ཀ་ར་ཎའི་ལུགས་དང་མི་མཐུན་ཏེ། མི་བཅོས་སུ་མི་རུང་བ་རྣམས་ཀྱང་བཅོས།”[2]ཞེས་པ་དེས་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་དམ་ཆོས་བསྒྱུར་བ་བྱཱ་ཀ་ར་ཎའི་སྒྲའི་ལུགས་དང་མཐུན་དགོས་ཤིང་། མི་མཐུན་པ་རྣམས་བཅོས་ཞེས་པས་སྐབས་དེར་བྱཱ་ཀ་ར་ཎའི་བསྟན་བཅོས་ཤིག་ཡོད་པ་དངོས་སུ་བསྟན་ཡོད་ལ། བསྟན་བཅོས་དེ་ནི་བསྒྱུར་བྱ་རྒྱ་གར་གྱི་བརྡ་སྤྲོད་ཅིག་ཏུ་གོ་མི་རིགས་པར། སྒྱུར་བྱེད་བོད་ཀྱི་བརྡ་སྤྲོད་ཅིག་ལ་གོ་དགོས་པར་གོར་མ་ཆག་སྟེ། རྒྱ་གར་རང་གི་ཡིག་ཐོག་ཏུ་བཞུགས་ཡོད་པའི་བསྟན་བཅོས་ལ་བྱཱ་ཀ་ར་ཎའི་ལུགས་དང་མཐུན་མི་མཐུན་བསྙད་དུ་མེད་དེ་བསྟན་བཅོས་བསྒྱུར་སའི་ཡུལ་བོད་ཡིག་ཡིན་པས་སོ།། ཁྱད་པར་དུ་ཕྱི་མོ«སུམ་རྟགས»གཉིས་ལ་རྒྱ་གར་སྐད་དུ་མིང་དེ་ལྟར་བཏགས་པ་ཡོངས་གྲགས་ཡིན་ཙ་ན། «སུམ་རྟགས»ཀྱི་བསྟན་བཅོས་གཉིས་ཡིན་ནམ་སྙམ། འོན་ཀྱང་ས་པཎ་གྱི«ཡི་གེ་སྦྱོར་བའི»ཡར་སྔོན་དུ«སུམ་རྟགས»གཉིས་དང་། དེའི་དགོངས་འགྲེལ་གྱི་བསྟན་བཅོས་བོད་ཡིག་གིས་བྲིས་ཡོད་པ་ད་སྔར་སུས་ཀྱང་ལག་བརྙེད་མ་བྱུང་ཕྱིར། དེང་དུས་ཀྱི་མཁས་པའི་དབུས་སུ«སུམ་རྟགས»གཉིས་སློབ་དཔོན་ཐུ་མིས་བརྩམས་པ་ཡིན་མིན་དང་།  དུས་རབས་བདུན་པའི་སྐབས་ཀྱི་བརྩམས་ཆོས་ཡིན་མིན་དང་། ཐ་ན་སློབ་དཔོན་ཐུ་མི་ཞེས་པ་ཞིག་བྱུང་ཡོད་མེད་སྐོར་གྱི་དོགས་སློང་དཔྱད་རྩོམ་རིག་གཞུང་དུས་དེབ་གཙོ་ཆེ་བ་དག་ཏུ་བཀོད་དང་འགོད་བཞིན་ཡོད།  དེ་ལས་དོགས་གཞི་འདི་བོད་རིགས་པའི་ཞིབ་འཇུག་ཁྲོད་དུ་ད་དུང་དགྲོལ་ཐུབ་མེད་པའི་དཔྱད་གཞིར་ལྷག་ཡོད་པའང་མཐོང་ཐུབ་བོ།།

བསྟན་བཅོས་འདི་གཉིས་སློབ་དཔོན་ཐུ་མིས་རྒྱ་གར་ཡི་གེ་ལ་བརྩམས་དགོས་པའི་རྒྱུ་མཚན་ཡང་ཁོང་བོད་ཡིག་གསར་གཏོད་པ་ཡིན་ནའང་། ཁོང་གིས་རྒྱ་ཡིག་ལ་བརྟེན་ནས་བོད་ཡིག་གི་དབྱངས་གསལ་དང་། འཕུལ་རྟེན། སྦྱོར་ལུགས། ཡིག་གཟུགས་བཅས་ཀྱི་རྣམ་གཞག་གཏན་ལ་ཕབ་པ་ལས།  བོད་ཡིག་གི་ཐ་སྙད་ཡོད་དོ་ཅོག་གཏན་ལ་ཕབ་པ་མིན་ཞིང་། དེ་ནི་དུས་ཡུན་ཐུང་ཐུང་ཞིག་ལ་འགྲུབ་ཐུབ་པའང་མིན་ཏེ། ཡིག་རིགས་གང་ཞིག་ཡིན་ཕྱིན་ཐ་སྙད་བཟོ་བ་དང་བེད་སྤྱོད་ཤར་གཏོང་ཐུབ་པ་ཞིག་ཡོང་བར་ལས་ཚེགས་དང་དུས་ཡུན་ངེས་ཅན་ཞིག་བརྒྱུད་དགོས་པ་དངོས་ཡོད་སྣང་ཚུལ་ཡིན་པ་ཇི་བཞིན། རང་རེའི་ཐ་སྙད་གཏན་འབེབས་ཀྱི་ཚིག་མཛོད་ཐོག་མའང་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི«སྒྲ་སྦྱོར་བམ་གཉིས»དང་ཁྲི་རལ་བ་ཅན་སྐབས་ཀྱི«བྱེ་བྲག་རྟོགས་བྱེད་ཆེན་མོའི»ཡར་སྔུན་གྱི་ཚད་ཐུབ་ཡིག་ཚགས་ཤིག་བསྟན་དུ་མེད་པར་མ་ཟད། ཁྲི་སྲོང་བཙན་སྐབས་ཡིན་ངེས་ཀྱི་ལོ་རྒྱུ་ཡིག་ཚགས་ཤོག་ལྷེ་གཅིག་ཀྱང་ད་སྔར་སུ་ཞིག་གི་ལག་བརྙེད་མ་བྱུང་བ་དག་གིས་སྐབས་དེར་བོད་ཡིག་བེད་སྤྱོད་བྱེད་ཐུབ་ཀྱིན་མེད་པའི་བདེན་དཔང་བྱས་ཡོད། དེར་བརྟེན་ཁོང་གིས་བསྟན་བཅོས་འདི་འདྲ་ཞིག་བོད་ཡིག་གིས་རྩོམ་ཐབས་མེད་པའང་རྗེས་སུ་དཔག་ཆོག་པ་ཞིག་གོ། འདིར་དུས་རབས་༡༨ནང་བྱུང་བའི་ཨ་ལག་ཤ་ངག་དབང་བསྟན་དར་གྱིས“ཁ་ཅིག་གིས་བསྟན་བཅོས་འདི་རྒྱ་གར་སྐད་དུ་བརྩམས་ནས་བསྐུར་བ་ཡིན་པའང་གདའ་བས་བརྟག་པར་བྱའོ”[3]ཞེས་པ་ལས་བརྡ་སྤྲོད་པའི་ཕྱི་མོ་སུམ་རྟགས་གཉིས་ཐོག་མར་རྒྱ་གར་ཡི་གེའི་ཐོག་ལ་བརྩམས་པའི་བཤད་རྒྱུན་སྔ་མོ་ནས་ཡོད་པར་ཚོད་དཔག་ཐུབ་རུང་།  ད་སྔར་དེའི་སྐོར་ལ་དཔྱད་བརྗོད་གནང་བའི་མཁས་པ་སུའང་མ་བྱུང་བར་ལྷག་ཡོད། ཁོ་བོས་བསྟན་བཅོས་གཉིས་དང་དེའི་དགོངས་འགྲེལ་སོགས་ལ་ལྟ་ཀློག་བྱས་པ་ལས།  བཤད་རྒྱུན་དེ་དོན་དངོས་དང་མཐུན་སྙམ་པའི་སྒྲུབ་བྱེད་མང་བོ་ཞིག་མཐོང་བྱུང་བས་གཤམ་དུ་དེའི་སྐོར་གྱི་དོགས་དཔྱོད་འགའ་ཐར་ཆགས་སུ་འགོད་པར་བྱའོ།།

གཅིག    བསྟན་བཅོས་གཉིས་ཀྱི་མཚན་བྱང་དང་འགྱུར་ཕྱག་ལས་འཕྲོས་པའི་དོགས་དཔྱོད།

བསྟན་བཅོས་དངོས་ནི་ཚིགས་སུ་བཅད་པའི་ལམ་ནས་བྲིས་པ་ཞིག་ཡིན་མོད། དེ་ལ་ཡན་ལག་གི་ཚུལ་དུ་རྒྱ་གར་སྐད་དང་བོད་སྐད་དེ་སྐད་རིགས་གཉིས་ཀྱི་ཐོག་ནས་བསྟན་བཅོས་ཀྱི་མཚན་སྨྲོས་པ་དང་།  འགྱུར་ཕྱག་གི་ཚུལ་དུ«སུམ་ཅུ་པར»“སྨྲ་བའི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ”ཞེས་དང་།  «རྟགས་ཀྱི་འཇུག་པར»“སྨྲ་བའི་དབང་ཕྱུག་ལ་ཕྱག་འཚལ་ལོ”[4]ཞེས་བཀོད་ཡོད།    དེ་དག་སྔ་འགྲེལ་ཕལ་མོ་ཆེས་བསྟན་བཅོས་རྩོམ་པ་པོ་ཐུ་མི་རང་གིས་བཀོད་པ་གཞིར་བཞག་གི་སྒོ་ནས་འགྲེལ་ཞིང་།  «སི་ཏུའི་འགྲེལ་ཆེན»དུ།  “འདིར་ལ་ལ་ཞིག་གིས་བསྟན་བཅོས་བསྒྱུར་བ་སོགས་ལ་བར་ཆད་མི་འབྱུང་བའི་ཆེད་དུ་ལོ་ཙཱ་བ་རྣམས་ཀྱིས་ཕྱག་མཛད་པ་དང་རྗེས་སུ་མཐུན་པར་ཞེས་སྦྲེལ་མོད། བློ་རྣལ་དུ་གནས་པས་སྨྲས་པ་མ་ཡིན”[5]ཅེས་འགྲེལ་ལུགས་སྔ་མ་འགར་དགག་བཞག་མཛད་ཀྱང་། ཐུ་མིའི་ཡར་སྔོན་དུ་ལོ་ཙཱ་བ་ཡོད་པར་མི་འཐད་པས་དགག་པ་ལས། རང་ལུགས་སུའང་དེ་དག་བསྟན་བཅོས་རྩོམ་པ་པོ་ཐུ་མི་དངོས་ཀྱིས་བཀོད་པ་ཡིན་པར་དོགས་པ་ཅི་ཡང་མེད་པར་བཞག་ཡོད། འོན་ཀྱང་བསྟན་བཅོས་འདི་གཉིས་ཀའི་འགྲེལ་བ་ཆེས་སྔ་ཤོས་སུ་གྱུར་བའི་དུས་རབས་བཅུ་གསུམ་པའི་ནང་བྱུང་བའི་དབུས་པ་བློ་གསལ་དང་། དུས་རབས་བཅུ་བཞི་བའི་ནང་བྱུང་བའི་ཞྭ་ལུ་ལོ་ཆེན་གཉིས་ཀྱི་འགྲེལ་བར“གང་ལ་ཡོན་ཏན་མཆོག་མངའ་བའི།། དཀོན་ཅོག་དེ་ལ་ཕྱག་འཚལ་ལོ།།” ཞེས་པ་ནས་འགྲེལ་བ་དངོས་ཀྱི་མགོ་བཟུང་ཡོད་པ་ལས། མཚན་བྱང་ལ་སྐད་གཉིས་ཤན་སྦྱར་དང་འགྱུར་ཕྱག་སོགས་ཀྱི་ཕྱོགས་ཙམ་ཡང་མ་སྨྲོས་པས། དེ་དག་སློབ་དཔོན་དངོས་ཀྱིས་མཛད་པ་ཡིན་མིན་ཐད་དོགས་པ་ཞིག་རང་བཞིན་གྱིས་འབྱུང་དགོས་པའི་གནས་སུ་ཡོད།  སྤྱིར་བསྟན་བཅོས་འདི་ཐོག་མ་ཉིད་ནས་བོད་ཀྱི་ཡི་གེས་བརྩམས་པ་ཞིག་ཡིན་ཕྱིན། བོད་རང་གིས་བོད་ཡིག་ཏུ་བརྩམས་པ་ལ་སྐད་གཉིས་ཤན་སྦྱར་བྱེད་ལུགས་མི་ལེགས་ཚུལ་ཡང་མཁས་དབང་ཚེ་ཏན་ཞབས་དྲུང་ཚང་གིས“བཙན་པོ་ཁྲི་སྲོང་རིང་ལ་ལོ་ཙཱ་བ་རྣམས་དགོངས་མཐུན་གྱི་སྒོ་ནས་བཀས་བཅད་པའི་སྲོལ་ག་ཞིག་བཙུགས་པ་དེ་མ་ཉམས་པར་ཡོད་པའི་དུས་སུ་བསྟན་བཅོས་རྩོམ་པའི་དབུར་རང་རང་གང་འདོད་ཀྱིས་སྐད་ཤན་སྦྱར་སོགས་འགོད་མི་རུང་ལ། བསྟན་པ་ཕྱི་དར་གྱི་རྗེས་ནས་བཀས་བཅད་ཀྱི་སྲོལ་དེ་རང་ཞིག་ཏུ་གྱུར་པས་ན་དགོས་པ་ལྷག་པོ་སྨྲ་རྒྱུ་མེད་ཀྱང་རང་རང་ཐུགས་ལ་གང་ཤར་གྱིས་སྐད་ཤན་སྦྱར་བཀོད”[6]གསུངས་བ་ལྟར་བཙན་པོའི་བཀས་བཅད་ཀྱི་དགོངས་དོན་དང་མི་མཐུན་པར་མ་ཟད། ཐུ་མི་ཉིད་ཀྱིས་བོད་ཡིག་གིས་བརྩམས་པ་ཡིན་ན་དེ་ལ་འབྲེལ་མེད་ཀྱི་སྐད་གཉིས་ཤན་སྦྱར་དང་འགྱུར་ཕྱག་འགོད་པར་རྒྱུ་མཚན་ཅི་ཡང་མེད། ཁྱད་པར་དུ་རྩ་བ་རང་ལས། “གང་གིས་སྒྲ་དབྱངས་ཀུན་གསུངས་པའི།། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།།” ཞེས་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་བའི་མཆོད་བརྗོད་ཅིག་ཡོད་བཞིན་དུ་ལྷ་གཅིག་པ་ལ་བསྐྱར་བཟློས་ཀྱིས་ཕྱག་འཚལ་བ་ནི་དེ་བས་ཀྱང་དགོས་མེད་ཀྱི་ལྷག་པ་ཞིག་དང་། རང་གིས་བོད་ཡིག་ཏུ་བརྩམས་པ་ཞིག་ལ་འགྱུར་ཕྱག་ཅིག་མི་འཛའ་བཞིན་དུ་འགོད་པར་དགོས་པ་ཅི་ཡང་མེད་པ་སྨྲ་མ་དགོས་ལ།   བཙན་པོའི་དུས་སྐབས་སུ་བོད་ཀྱི་ཡི་གེས་བརྩམས་པར་སྐད་གཉིས་ཤན་སྦྱར་དང་འགྱུར་ཕྱག་མི་འོས་ཚུལ་ཡང་བསྟན་འགྱུར་དུ་བཞུགས་པའི«བྱེ་བྲག་ཏུ་རྟོགས་བྱེད་ཆེན་མོ»དང«སྒྲ་སྦྱོར་བམ་གཉིས»ཀྱི་དབུར་སྐད་གཉིས་ཤན་སྦྱར་དང་འགྱུར་གྱི་བཅས་ཟུར་ཙམ་ཡང་མ་བཀོད་པས་མཚོན་ཡོད་དོ།།

དེ་ན«སུམ་རྟགས»ཀྱི་བསྟན་བཅོས་འདི་གཉིས་ལ་སྐད་གཉིས་ཤན་སྦྱར་དང་འགྱུར་ཕྱག་སོགས་རྒྱལ་བའི་བཀའ་དང་བསྟན་བཅོས་བོད་སྐད་དུ་བསྒྱུར་སྐབས་ལོ་པཎ་རྣམས་ཀྱིས་འགྱུར་ལ་བཀས་བཅད་པའི་དགོངས་དོན་ཇི་མ་ཇི་བཞིན་དུ་བཀོད་དེ«བསྟན་འགྱུར»གྱི་ཁྲོད་དུ་བཞུགས་ཡོད་ཅིང་།   བཀའ་བསྟན་གཉིས་ནི་རྒྱལ་བའི་བཀའ་དང་དེའི་དགོངས་འགྲེལ་བསྟན་བཅོས་བོད་དུ་འགྱུར་རོ་ཅོག་བཞུགས་སའི་གསུང་རབ་ཀྱི་མཛོད་ཅིག་ཡིན་པས། དེའི་ནང་དུ་བོད་རང་ཉིད་ཀྱིས་བརྩམས་པའི་བསྟན་བཅོས་ཤིན་ཏུ་ཉུང་ལ། གལ་ཆེ་བ་འགའ་བཞུགས་ཡོད་པ་དེ་དག་ཀྱང་ཞིབ་ཏུ་གཞིགས་ན། སྐད་གསར་བཅད་སོ་སོའི་སྐབས་སུ་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱིས་འགྱུར་བཅོས་གང་མང་བཏབ་ཡོད་པ་དག་དག་ཡིན་པ་དང་། ཁྱད་པར་དུ་དེར་བཞུགས་པའི་སྐད་གཉིས་ཤན་སྦྱར་དང་འགྱུར་ཕྱག་ཡོད་པའི་བསྟན་བཅོས་ཞིག་ལ་ད་སྔར་བསྒྱུར་བ་ཡིན་མིན་གྱི་དོགས་པའི་གནས་སུ་ཚུད་པ་ནི«སུམ་རྟགས»ཀྱི་བསྟན་བཅོས་འདི་གཉིས་ཙམ་དུ་ཟད་དེ། «ཐུ་མིའི་ཞལ་ལུང་»དུ“དེར་བཞུགས་པའི«གནས་བརྒྱད་རྩ་བ»རང་གི་མཇུག་ཏུ།  ལྕེ་ཁྱི་འབྲུག་གིས་བྱཱ་ཀ་ར་ཎའི་སྐད་མདོ་ཙམ་ཞིག་བསྒྱུར་བ་གནས་བརྒྱད་པོའི་རྩ་བ་རྫོགས་སོ་ཞེས་བསྒྱུར་བ་གཞུང་དུ་གསལ་ཞིང་བཻ་དཀར་གཡའ་སེལ་དུ་དེ་ལྟར་གསུངས་ཀྱང་ཡོད”[7]ཅེས་པ་ལྟར།  བསྟན་འགྱུར་དུ་བཞུགས་པའི«སྨྲ་སྒོའི་མཚོན་ཆའི»མཇུག་ཏུའང་བསྒྱུར་ཞུས་གསལ་བོར་བཀོད་པ་དག་མངོན་སུམ་མཐོང་ཡུལ་དུ་ཡོད། «བྱེ་བྲག་རྟོགས་བྱེད་ཆེན་མོ»དང«སྒྲ་སྦྱོར་བམ་གཉིས»ལྟ་བུ་ཐོག་མ་ཉིད་ནས་བོད་ཀྱི་ཡི་གེར་བརྩམས་པའི་གཞུང་ལ་སྐད་གཉིས་ཤན་སྦྱར་དང་འགྱུར་ཕྱག་སོགས་བཀོད་ཀྱང་མེད། འོན་ཀྱང་དེ་དག་ལེགས་སྦྱར་གྱི་སྐད་དམ་བརྡ་ཆད་དག་ཚུལ་ཇི་ལྟར་བོད་ཀྱི་སྐད་དམ་བརྡ་ཆད་དུ་བསྒྱུར་བའམ་བརྡ་གསར་བ་འདོགས་པའི་གཞུང་ངམ་ཆོས་སྐད་མང་བོ་ཤན་སྦྱར་དུ་བཀོད་པའི་གཞུང་ཡིན་པར་མ་ཟད། «སྒྲ་སྦྱོར་བམ་གཉིས»ཀྱི་མཇུག་བྱང་དུ“ཕོ་བྲང་འོན་ཅང་དོར་བོད་དང་རྒྱ་གར་གྱི་མཁན་པོ་ཐམས་ཅད་ཀྱིས་ཆོས་སྐད་གཏན་ལ་ཕབ”[8]ཞེས་པ་ལས་རྒྱ་བོད་མཁས་ཆེན་དུ་མས་ལྷན་ཅིག་ཏུ་བརྩམས་པའང་ཡིན་ཕྱིར་བསྟན་འགྱུར་དུ་བསྡུས་པར་མཐོང་ངོ་།། དེར་མཚུངས«སུམ་རྟགས»ཀྱི་བསྟན་བཅོས་འདི་གཉིས་ལའང་བཀས་བཅད་ཀྱི་དགོངས་དོན་དང་མཐུན་པའི་རྒྱ་བོད་སྐད་གཉིས་ཀྱི་མཚན་སྨྲོས་པ་དང་འགྱུར་ཕྱག་བཀོད་པ། ལོ་པཎ་རིམ་བྱོན་གྱིས་ཡིག་རིགས་གཞན་ལས་ཕབ་བསྒྱུར་མཛད་པའི་བསྟན་བཅོས་ཀྱི་མཛོད་ལྟ་བུའི་བསྟན་འགྱུར་ཁྲོད་དུ་བསྡུས་ཡོད་པ་སོགས་ལ་བརྟགས་ན། བསྟན་བཅོས་འདི་གཉིས་ཐོག་མ་ཉིད་ནས་བོད་ཡིག་གིས་བརྩམས་པ་ཞིག་མ་ཡིན་པ་རང་བཞིན་གྱིས་གསལ་སྙམ་མོ།།

ཕྱིས་ཀྱི་པྲ་སི་ལ་སོགས་པའི་འགྲེལ་བ་ཀུན་ཏུ་སྐད་གཉིས་ཤན་སྦྱར་གྱི་མཚན་བྱང་དང་འགྱུར་ཕྱག་བཅས་སློབ་དཔོན་ཐུ་མིས་བཀོད་པ་གཞིར་བཞག་གིས་འགྲེལ་དགོས་པའི་རྒྱུ་མཚན་གང་ཞེ་ན། མིག་སྔར་ངེད་ཅག་གིས་མཐོང་བའི་སུམ་རྟགས་ཀྱི་འགྲེལ་བ་དག་ལས་ལོ་ཆེན་ནམ་མཁའ་བཟང་བོའི«སུམ་རྟགས་ཀྱི་འགྲེལ་བ»གཉིས་ན་སྐད་གཉིས་ཤན་སྦྱར་དང་འགྱུར་ཕྱག་སོགས་ད་ལྟའི་རྩ་བ་དང་མཐུན་པར་བཀོད་དེ་བསྡུས་འགྲེལ་ཞིག་ཀྱང་མཛད་ཡོད་པ་ཆེས་སྔ་ཤོས་སུ་གྱུར་ཡོད་ཅིང་།  ཕྱིས་ཀྱི་འགྲེལ་བཤད་མཁན་པོ་དག་གིས་ལོ་ཆེན་ནམ་མཁའ་བཟང་བོར་ཁུངས་གཏུགས་ནས་འགྲེལ་བ་བསྐྱོན་པ་འདྲ་ཡང་། ལོ་ཆེན་རང་གིས་དེ་དག་སློབ་དཔོན་ཐུ་མིས་མཛད་པ་ཡིན་པའི་སྒོ་ནས་འགྲེལ་མེད་པས། སློབ་དཔོན་ཐུ་མི་དངོས་ཀྱིས་བཀོད་པར་ཁ་མཚོན་གཅོད་མི་ཐུབ་པར་མ་ཟད། ཁོང་གི་ཡར་སྔོན་དུ་བྱུང་བའི་དབུས་པ་བློ་གསལ་དང་། ཁོང་གི་ཕྱིས་ཙམ་ལ་བྱོན་པའི་ཞྭ་ལུ་ལོ་ཆེན་གཉིས་ཀྱིས་ཀྱང་སློབ་དཔོན་གྱིས་མཛད་པ་ལྟར་འགྲེལ་གྱིན་མེད་ལ། དབུས་པ་བློ་གསལ་གྱི་«སུམ་ཅུ་པའི་འགྲེལ་བར»“རྒྱ་གར་སྐད་དུ་ཏྲིཾ་ཤ་ཀ་བྲིཏྟ།  བོད་སྐད་དུ་སུམ་ཅུ་པའི་འགྲེལ་བ་ཞེས་དང་། རྒྱ་གར་སྐད་དུ་ལིང་གཱ་བ་ཏཱ་ར་བྲི་ཏི། བོད་སྐད་དུ། རྟགས་ཀྱི་མཇུག་པའི་འགྲེལ་བ།”[9]ཞེས་མཚན་བྱང་སྐད་གཉིས་ཤན་སྦྱར་མི་འདྲ་བ་ཞིག་བཀོད་པ་སོགས་ལས་ཀྱང་གཞུང་དངོས་སུ་སྐད་གཉིས་ཤན་སྦྱར་གྱི་ཚུལ་དུ་བཀོད་ཡོད་པ་ཞིག་མིན་པར། ལེགས་པར་སྦྱར་བའི་སྐད་ཁོ་ནས་སུམ་ཅུ་པར་ཏྲིཾ་ཤའམ། ཡང་ན། བྱྰ་ཀ་ར་ན་མི་ལ་ཏྲིཾ་ཤ་ཞེས་པ་དང་། རྟགས་ཀྱི་འཇུག་པར་ལིང་གཱ་བ་ཏཱ་ར་འམ། ཡང་ན། བྱྰ་ཀ་ར་ན་ལིང་གཱ་བ་ཏཱ་ར་ཞེས་བཀོད་ཡོད་པ་ཙམ་ལས། བོད་ཀྱི་སྐད་ཀྱི་ལུང་སྟོན་པ་སུམ་ཅུ་བའི་རྩ་བ་དང་། ལུང་སྟོན་པ་རྟགས་ཀྱི་འཇུག་པ་ཞེས་པ་གཉིས་ནི་སློབ་དཔོན་ཐུ་མི་ཉིད་ཀྱིས་བཀོད་པ་ཞིག་མ་ཡིན་པར། རྗེས་ཀྱི་བསྒྱུར་བ་པོའམ་འགྲེལ་བསྐྱོན་ལོ་ཙཱ་བ་གང་ཞིག་གིས་བཀོད་པ་ཡིན་པར་ཚོད་བགམ་རུང་ལ། དེས་རྩ་གཞུང་འདི་གཉིས་ཕྱིས་ཀྱི་མཁས་པ་ག་གེ་མོ་ཞིག་གིས་བསྒྱུར་བ་ཡིན་པའང་ཤུགས་ལ་བསྟན་ཡོད་སྙམ་མོ།།

གཉིས།  «སུམ་རྟགས»གཉིས་ཀྱི་བསྟན་བྱ་དངོས་ལས་འཕྲོས་པའི་དོགས་དཔྱོད།

«སུམ་རྟགས»ཀྱི་བསྟན་བཅོས་འདི་གཉིས་ཚིགས་སུ་བཅད་པའི་ལམ་ནས་བརྩམས་པ་ཞིག་ཡིན་ལ།   ཚིག་རྐང་གི་གྲངས་ཀར་བསྟན་འགྱུར་དུ་བཞུགས་པ་གཞིར་བཟུང་ན།   «སུམ་ཅུ་པར»ཚིག་རྐང་༡༣༣དང«རྟགས་ཀྱི་འཇུག་པར»ཚིག་རྐང་༡༣༥ཡིས་གྲུབ་ཅིང་།  བསྟན་བྱ་བོད་ཀྱི་ཡི་གེའི་སྦྱོར་བ་དངོས་སྟོན་པའི་རྗོད་བྱེད་ཚིག་ལ«སུམ་ཅུ་པར» “ཡི་གེ་ཨཱ་ལི་ཀཱ་ལི་གཉིས”ཞེས་པ་ནས“དགག་པའི་གནས་སུ་ཤེས་པར་བྱ”ཞེས་པའི་བར་དུ་ཚིག་རྐང་༧༨དང་།   «རྟགས་འཇུག»ཏུ“ཕོ་ཡི་ཡི་གེ་འབའ་ཞིག་ལ”ཞེས་པ་ནས“དོན་རྣམས་བརྗོད་པར་མི་འགྱུར་རོ”ཞེས་པའི་བར་དུ་ཚིག་རྐང་༡༡༩ཡོད།  ཚིག་རྐང་དེ་དག་ལས་བོད་ཀྱི་ཡི་གེའི་རྣམ་གཞག་ཐབས་ཇི་འདྲ་ཞིག་གི་སྒོ་ནས་བསྟན་ཚུལ་ནི་གཞུང་འདི་ཉིད་བོད་ཡིག་གི་ལམ་ནས་བྲིས་པ་ཡིན་མིན་ཐད་ཀྱི་སྒྲུབ་རྟགས་ཆེས་གཙོ་བོ་ཞིག་ཏུ་སེམས་པས།   ཐོག་མར་ཚུལ་དེ་ལས་དཔྱད་ན།   བསྟན་བཅོས་འདིར་བོད་ཀྱི་ཡི་གེའི་རྣམ་གཞག་བསྟན་པའི་ཐབས་ཆེས་གཙོ་བོ་ནི་གསལ་བྱེད་སོ་སོར་གོ་རིམ་སྒྲིག་པ་དང་སྡེ་ཚན་དུ་བགོས་པ།  དེ་ལ་ཨང་ཀིའི་དབྱེ་ཐབས་སྤྱད་ནས་འཕུལ་རྟེན་དང་ཚིག་ཕྲད་གསལ་བོར་བསྟན་པ་དང་།   ཡང་ཕོ་མོ་མ་ནིང་སོགས་རྟགས་ཀྱི་རྣམ་གཞག་མཛད་དེ་འཕུལ་རྟེན་འཇུག་ཡུལ་དང་འཇུག་བྱེད།   མི་འཇུག་པ་སོགས་གཏན་ལ་དབབ་པ་ཞིག་ཡིན།   «སུམ་ཅུ་པར» “ཨཱ་ལི་གསལ་བྱེད་ཨི་སོགས་བཞི”ཞེས་པ་ནས“མི་འཇུག་པ་ནི་ཉི་ཤུའོ”ཞེས་པའི་བར་དུ་བོད་ཀྱི་དབྱངས་གསལ་དང་འཕུལ་རྟེན་གྱི་གྲངས་ཀ་གསལ་བོར་བསྟན།  དེ་ནས“ཀཱ་ལི་ཕྱེད་དང་བརྒྱད་སྡེ་ནི།།  བཞི་བཞི་དག་ཏུ་ཕྱེ་བ་ལས”ཞེས་གསལ་བྱེད་སུམ་ཅུ་སྡེ་ཚན་བཞི་རེར་དབྱེ་ཡོད།   སི་ཏུའི་འགྲེལ་ཆེན་དུ“རྗེས་འཇུག་ལ་སོགས་པར་དབྱེ་བའི་ཐོག་མར་སྡེ་བ་སོ་སོར་ངེས་དགོས་པས”[10]ཞེས་དེ་ནི་རྗེས་འཇུག་དབྱུང་བདེ་བའི་ཆེད་དུ་ཡིན་པར་བསྟན་ཡོད།   དེར་མཐུད“དང་པོ་གསུམ་པ་བཞི་པ་ཡི”ཞེས་པ་ནས“བདུན་པ་རྣམས་ནི་སྔོན་དུའང་འཇུག”ཅེས་པའི་བར་དུ་གསལ་བྱེད་སུམ་ཅུའི་སྡེ་ཚན་དང་དེའི་གོ་རིམ་མ་འཁྱོལ་བ་ལས་རྗེས་འཇུག་གི་ཡི་གེ་བཅུ་ཨང་ཀིའི་ཐབས་ལ་བརྟེན་ནས་དབྱུང་བ་དང་།   དེ་ལས་ཡང་རྗེས་འཇུག་བཅུའི་གོ་རིམ་མ་འཁྱོལ་བ་ལས་སྔོན་འཇུག་ལྔའང“དང་པོ་གསུམ་པ་ལྔ་བ་དྲུག།    བདུན་པ”ཞེས་ཨང་ཀི་ལ་བརྟེན་ནས་དབྱེ་ཡོད།  ཚིག་ཕྲད་ཀྱི་རྣམ་གཞག་ཀྱང་“གང་མིང་མཐའ་ན་བཅུ་པ་གནས”ཞེས་པའམ།  ཡང་ན།  “བཞི་པ་དགུ་པ་དངོས་ཀྱང་སྟེ”ཞེས་པ་ལྟ་བུ་ཨང་ཀི་ཁོ་ནའི་དབྱེ་ཐབས་ལ་བརྟེན་ནས་གཏན་ལ་ཕབ་ཡོད་པའོ།།   ཚུལ་དེ་དང་མཚུངས་པར་«རྟགས་ཀྱི་འཇུག་པ»ལའང“ཕོ་ཡི་ཡི་གེ་འབའ་ཞིག”ལ་ཞེས་པ་ནས“མ་ནིང་མཚན་མེད་ཅེས་ཀྱང་བྱ”ཞེས་པའི་བར་དུ་བོད་ཀྱི་གསལ་བྱེད་ཐམས་ཅད་ལ་ཕོ་མོ་མ་ནིང་མོ་གཤམ་སོགས་རྟགས་ཀྱི་དབྱེ་བ་མཛད་པ་དང་།  སྔོན་རྗེས་གཉིས་ལའང་ཕོ་མོ་མ་ནིང་སོགས་རྟགས་ཀྱི་དབྱེ་བ་མཛད་ཅིང་།  ཁྱད་པར་དུ“ཕོ་ནི་ཕོ་དང་མོ་ལ་འཇུག”ཅེས་པ་ནས“ཕོ་ཡང་མོ་ལ་འཇུག་མི་འགྱུར།། མ་ནིང་མོ་ཡང་དེ་བཞིན་ནོ”ཞེས་པའི་བར་དུ་སྔོན་འཇུག་དེ་དག་མིང་གཞིའི་ཡི་གེ་གང་ལ་འཇུག་རུང་བ་དང་མི་རུང་བའི་རྣམ་གཞག་ཀྱང་རྟགས་ཀྱི་དབྱེ་ཐབས་ཀྱིས་བསྟན་ཡོད།   དེར་བརྟེན་རྟགས་ཀྱི་དབྱེ་བ་ཕྱེ་བའི་དགོས་པ་དགོངས་འགྲེལ་ཕལ་མོ་ཆེར་ཡི་གེ་སོ་སོ་ངག་ནས་འདོན་པའི་སྒྲ་རྩོལ་དྲག་ཞན་གྱིས་དབྱེ་བ་ཡིན་པར་གསུངས་པ་ནི་དགོས་པ་གཅིག་ཡིན་པ་ལས།  ཁོ་བོས་བསམ་ན་དགོས་པ་གཙོ་བོ་གཞན་ཞིག་ནི་སྔོན་འཇུག་གི་འཇུག་ཡུལ་གསལ་བོར་བཏོན་པའི་ཆེད་དུ་མིན་ནམ་སྙམ།  རྒྱུ་མཚན་སྔོན་འཇུག་གང་གིས་གང་ལ་འཇུག་ཚུལ་དེ་གྲངས་འབོར་མང་བོ་ཡོད་ཕྱིར་སྔོན་རྗེས་ཀྱི་ཡི་གེ་དབྱུང་ཚུལ་ལྟར་སྡེ་ཚན་དང་ཨང་ཀིའི་སྒོ་ནས་འབྱེད་དགོས་ཚེ།  རྩ་བའི་བསྟན་བཅོས་འདི་ཉོག་ཉོག་ཅིག་ཏུ་འགྲོ་བར་གོར་མ་ཆག་པས་མཁན་པོས་ཐབས་འདི་ལ་བརྟེན་པ་དང་།  རྗེས་འཇུག་ཡི་གེ་ཐམས་ཅད་ལ་ཁྱད་མེད་དུ་འཇུག་པར་བཟོས་པས་གོ་སླ་ཡང་སྔོན་འཇུག་དེ་འདྲ་མིན་པས་གོ་དཀའ་ཞིང་འཁྲུལ་བ་འབྱུང་སླ་བའི་རྐྱེན་གྱིས་རྟགས་གང་གིས་གང་ལ་འཇུག་པ་རྗེས་འགྲོའི་སྒོ་ནས་བསྟན་པར་མ་ཟད། རྟགས་གང་ཞིག་གང་ལ་མི་འཇུག་པ་ལྡོག་འགྲོའི་སྒོ་ནས་ཀྱང་རྩ་བར་བཀོད་པའི་ནན་ཏན་བྱེད་ལུགས་འདི་ལ་གཞིགས་ཚེ། གལ་སྲིད་བསྟན་བཅོས་འདི་བོད་ཡིག་གིས་བརྩམས་པ་ཡིན་ན།  རྔོག་བློ་ལྡན་ཤེས་རབ་ཀྱི་རྗེས་སུ་བྱུང་བའི་བརྡ་སྤྲོད་པའི་བསྟན་བཅོས་ཇི་སྙེད་ང་ཚོའི་མིག་མཐོང་ལག་ཟིན་དུ་ཡོད་པ་ལྟར་ཡི་གེ་རེ་རེའི་རང་ཐོག་ནས་གསལ་ཐག་ཆོད་པས་བསྟན་ཆོག་པ་ལས། འདི་འདྲའི་གོ་དཀའ་ཤིང་ཚེགས་ཆེ་བའི་ཐབས་ཤིག་སྤྱོད་པར་དགོས་པ་ཅི་ཡང་མེད་པ་མ་ཡིན་ནམ།   དེ་ལྟར་རྩ་བའི་བསྟན་བཅོས་གཉིས་པོ་འདིར་བོད་ཡིག་གི་དབྱངས་གསལ་དང་འཕུལ་རྟེན།   ཚིག་ཕྲད།   འཕུལ་ཡིག་གི་སྦྱོར་ཚུལ་སོགས་ཡི་གེ་རེ་རེའི་ལམ་ནས་མ་བསྟན་པར།   ཨང་ཀི་དང་རྟགས་ཀྱི་རྣམ་གཞག་གི་སྒོ་ནས་སྟོན་དགོས་པའི་རྒྱུ་མཚན་མཐར་དེད་ན་བསྟན་བཅོས་འདི་ཉིད་བོད་ཀྱི་ཡི་གེ་ཐོག་ནས་བྲིས་པ་མ་ཡིན་པ་ཁོ་ནར་ཟད་པ་ཞིག་ལས།  དེ་ལྟ་མིན་ན་དཀའ་མོ་སླ་རུ་གཏོང་བ་མཁས་པའི་ཡོན་ཏན་ཞིག་ལས་སླ་མོ་དཀའ་རུ་གཏོང་བ་མཁས་པའི་ཁྱད་ཆོས་སུ་མི་རིགས་ཤིང་།   ཁྱད་པར་དུ་བསྟན་བཅོས་འདི་ཉིད་བོད་ཀྱི་བརྡ་སྤྲོད་པའི་ཐོག་མ་ཡིན་ཕྱིན་ཡི་གེ་རེ་རེའི་ཐོག་ནས་འཕུལ་རྟེན་དང་ཚིག་ཕྲད་དག་གསལ་ཁ་ཆོད་པས་བསྟན་འོས་པ་ལས། འདི་ལྟར་གོ་དཀའ་བ་དང་རྗེས་སུ་དགོངས་འགྲེལ་རྩོད་གཞི་ཅན་འབྱུང་རུང་བའི་སྒོ་ནས་བོད་ཡིག་གི་རྣམ་བཞག་སྟོན་པ་ནི་དེ་བས་ཀྱང་མི་ལེགས་པ་མ་ཟད།    རྩ་བའི་བསྟན་བཅོས་འདི་གཉིས་ཕུད་དེ་ས་པཎ་གྱི«ཡི་གེ་སྦྱོར་བ»མ་གཏོགས(ས་པཎ་གྱི་ཡི་གེ་སྦྱོར་བ་བསྟན་ཐབས་དེ་འདྲ་ཡིན་དགོས་པའི་རྒྱུ་མཚན་འོག་ཏུ་འཆད་ཡོད།)དུས་རབས་བཅུ་བའི«སྨྲ་སྒོའི་མཚོན་ཆ»ནས་དེང་གི་བར་དུ་བོད་ཀྱི་བརྡ་སྤྲོད་སྐོར་གྱི་རྩ་ཚིག་བལྟ་བས་མི་ལོངས་པ་ཞིག་ཡོད་པ་དག་ལ། ཡི་གེ་སྦྱོར་ལུགས་དང་ཚིག་ཕྲད་སོགས་ཡི་གེ་རང་ཐོག་ནས་ཐད་ཀར་བསྟན་ཡོད་པ་ལས། ཨང་ཀི་དང་རྟགས་ཀྱི་དབྱེ་ཐབས་ཀྱིས་བསྟན་ཡོད་པ་ཞིག་ཉིན་མོའི་སྐར་མའི་ཟླ་རུ་གྱུར་ཡོད།  བསྟན་བཅོས་འདི་ལྟར་སྤྱིར་ཤིན་ཏུ་གོ་སླ་བའི་ཚིག་ཕྲད“དེ”དང“ནི”ལྟ་བུ་ལ“གསུམ་པ་ལ་ནི་ཨེ”སྦྱར་བ་དང་།   “བཞི་བ་ལ་ནི་ཨི་སྦྱར་བ”ཞེས་གོ་ཇེ་དཀའ་རུ་བཏང་བ་དང་། སྤྱིར“སུ་རུ་དུ་ན་ར་ལ”བཅས་ཚིག་ཉུང་ཞིང་གོ་སླ་བ་འདི་འདྲ་ཞིག། “གང་མིང་མཐའ་ན་བཅུ་བ་གནས།།དེ་ལ་ཨཱ་ལི་གཉིས་པ་སྦྱར།། གང་མིང་མཐའ་ན་བརྒྱད་པ་གནས།། དེ་ལ་གཉིས་པ་ཨུ་ཡང་སྦྱར།། གང་མིང་མཐའ་ན་གསུམ་པ་གནས།། དེ་ལ་ཨཱ་ལི་གཉིས་པ་སྦྱར།། བཞི་པ་དགུ་པ་དངོས་ཀྱང་སྟེ།།” ཞེས་པ་ལྟ་བུ་གོ་དཀའ་ཞིང་ཚིག་མང་བ། དགོངས་འགྲེལ་རྩོད་གཞི་ཅན་འབྱུང་རུང་བ་འདི་འདྲ་ཞིག་བྱེད་པར་དགོས་པ་ཅི་ཡང་མ་མཆིས་ལ།  དེས་བསྟན་བཅོས་འདི་གཉིས་ཐོག་མ་ནས་བོད་ཀྱི་ཡི་གེས་བྲིས་བ་མ་ཡིན་པ་ཁོ་ན་ཉིད་ལས་རྒྱུ་མཚན་གཞན་གང་ཡང་མེད་པར་མཐོང་ངོ་།།

འོན་ཀྱང་བསྟན་བཅོས་འདིར་དེ་ལྟར་བསྟན་པའི་དགོས་པ་ནི་གཅིག་ཏུ་ཡིག་རིགས་གཞན་གྱི་ཐོག་ནས་བོད་ཡིག་གི་རྣམ་གཞག་སྟོན་པའི་གཞུང་ལུགས་བརྩམས་པ་ཡིན་ཕྱིར།    ཡི་གེ་དེའི་ཐོག་ཏུ་བོད་ཀྱི་ཡིག་གཟུགས་འབྲི་ཐབས་མེད་ལ་སྒྲ་གདངས་ཙམ་གྱི་སྒོ་ནས་བྲིས་ན་ཡི་གེ་གང་ཞིག་ཡིན་པའི་ངོས་ཟིན་ཐབས་མེད་ཅིང་འཁྲུལ་བའི་རྒྱུ་དེ་ལས་ཀྱང་མང་བོ་འབྱུང་བར་གདོན་མི་ཟ་བ་དང་།   གཉིས་སུ་བོད་ཡིག་གི་ཕྱི་མོ་རྒྱ་གར་ཡི་གེར་བོད་ཀྱི་གསལ་བྱེད་ཕལ་ཆེར་གྱི་སྒྲ་དོད་ཡི་གེ་རེ་ཡོད་སྲིད་ནའང་དེ་ལྟར་བྲིས་པས་རྒྱ་གར་ཡི་གེ་དང་བོད་ཡིག་གཉིས་སོ་སོར་འབྱེད་མི་ཐུབ་ཕྱིར་སློབ་དཔོན་གྱིས་བོད་ཀྱི་ཡིག་གཟུགས་གསར་དུ་བརྩམས་ཡོད་ལ།   ད་དུང་ཙ་ཚ་ཛ་[11]གསུམ་དང་ཞ་ཟ་འ་གསུམ་སོགས་ཡི་གེ་རེ་འགའ་གསར་དུ་བཟོས་ཕྱིར་དེ་དག་གི་སྒྲ་དོད་རྒྱ་གར་ཡི་གེར་འཇོག་ཏུ་མེད་པ་སོགས་གང་ལ་དཔགས་ནའང་བསྟན་ཐབས་འདི་ལ་དགོས་པ་ཆེན་པོ་ཡོད་པ་དངོས་སུ་རྟོགས་ནུས་པའོ།།

གཞན་གཞུང་འདིའི་མཚན་བྱང་བྱཱ་ཀ་ར་ན་མི་ལ་ཏྲིཾ་ཤ་ཞེས་པ་སོགས་རྒྱ་གར་སྐད་ཀྱིས་སྨྲས་པ་དང་། གཞུང་དངོས་སུ་དབྱངས་གསལ་གྱི་སྐད་དོད་ཨཱ་ལི་ཀཱ་ལི་ཞེས་རྒྱ་སྐད་རང་སོར་བཞག་པར་མ་ཟད།  དབྱངས་ཀྱི་མཚོན་དོན་དུ་ཨཱ་ལི་ཞེས་པའི་རྒྱ་སྐད་ཐེངས་ཁ་ཤས་སུ་བྱུང་བ་དང་།  བདག་སྒྲ་ལ་པ་པོ་ཞེས་མ་བསྟན་པར་པུ་ལིངྒ་ཞེས་དང་། དགག་སྒྲ་ལ་མ་མི་ཞེས་མ་བསྟན་པར་སྟྲཱི་ལིངྒ་ཞེས་རྒྱ་སྐད་སོར་བཞག་བྱས་པ་མང་པོ་ཡོད་པ་འདི་དག་ཀྱང་གཞུང་འདི་ཉིད་བོད་ཡིག་གི་ལམ་ནས་བྲིས་པ་མ་ཡིན་པར་རྒྱ་གར་ཡི་གེ་ལས་ཚུར་བསྒྱུར་བ་ཡིན་པའི་རྟགས་མཚན་ཡང་དག་ཅིག་ཏུ་འཁུམས་པ་ལས།  གལ་སྲིད་དེ་ལྟ་མིན་ན་པུ་ལིངྒ་དང་སྟྲཱི་ལིངྒའི་མཚོན་དོན་དངོས་ནི་ཕོ་ཡི་རྟགས་དང་མོ་ཡི་རྟགས་ཞེས་པ་སྟེ།  ལོ་ཆེན་ནམ་མཁའ་བཟང་བོས“སྤྱིར་ཕོ་ཡིག་མེད་པའི་མཐའ་དེ་ལ་ཕོ་ཡིག་སྦྱར་བ་འབའ་ཞིག་རྣམ་པ་ཀུན་ཏུ་བྱུང་ན། མིང་དེ་བདག་པོའི་སར་ཤེས་པར་བྱའོ།། རྟགས་འདི་ཤེས་དཀའ་བར་འབྱུང་ན། ཀ་ཅོག་ལ་སོགས་པ་སྔོན་གྱི་མཁས་པ་རྣམས་ཀྱིས་འདིའི་མཐར་ད་དྲག་མཛད་དོ།།”[12]ཞེས་པ་ལས་ཁོང་གིས་པུ་ལིངྒ་ནི་རྟགས་ཀྱི་དབྱེ་བའི་ཕོ་ཡིག་དང་དེས་བསྟན་དོན་ཡང་རྟགས་ཀྱི་དབྱེ་བའི་ཕོའི་ཡི་གེ་ཡིན་པར་བསྟན་པ་ལས། བདག་སྒྲའི་པ་པོ་བ་བོ་ཞིག་ལ་འགྲེལ་མེད་པ་དཔེར་བརྗོད་སོགས་ལས་གསལ་བོར་མཐོང་བ་དང་།  «སི་ཏུའི་འགྲེལ་ཆེན»དུ“པུ་ལིངྒ་དང་སྟྲཱི་ལིངྒ་ཞེས་པའི་དོན་ཀྱང་བོད་ཡུལ་དུ་གྲགས་པའི་ཐ་སྙད་ལ་བྱེད་པ་པོ་དང་ཞི་བ་པ་ལྟ་བུའི་པ་པོའི་སྒྲས་སྐྱེས་པ་མཚོན་ཞིང་དེ་ལས་ལྡོག་སྟེ། བྱེད་པ་མོ་དང་ཞི་བ་མ་ལྟ་བུའི་མ་མོའི་སྒྲས་བུད་མེད་མཚོན་པར་བྱེད་པའི་རྒྱུ་མཚན་གྱིས་སྒྲ་དེ་དང་དེ་དག་ལ་སྐྱེས་པའི་རྟགས་དང་བུད་མེད་ཀྱི་རྟགས་ཀྱི་མིང་གིས་བསྟན”ཞེས་དང་།  ཡང་“དེ་ལ་སྟྲཱི་ལིངྒ་དངོས་ནི། མ་དང་མོ་གཉིས་ཁོ་ན་ཡིན་པ་གོང་སྨོས་ལྟར་ལས་མོ་ཡིག་དགག་སྒྲ་ལ་མི་འཇུག་པས་འདིར་མ་ཡིག་ཉིད་གཟུང་བར་བྱ”[13]ཞེས་འགྲེལ་བ་ལས་པུ་ལིངྒ་དང་སྟྲཱི་ལིངྒའི་དངོས་བསྟན་ཕོ་ཡིག་དང་མོ་ཡིག་གཉིས་ལ་གོ་དགོས་མོད།   ཕོ་དང་མོའི་ཡི་གེ་གཉིས་ལ་བདག་སྒྲ་དང་དགག་སྒྲ་སྟོན་པའི་ནུས་པ་བོད་སྐད་དུ་མེད་པ་མངོན་སུམ་ལ་གྲུབ་ཅིང་།   དེ་ལས་པ་པོ་དང་མ་མི་མེད་མིན་སོགས་གོ་ཡང་དཀའ་ཕྱིར་འདིའི་ཐད་ཀྱི་སྔ་འགྲེལ་ལ་མི་མཐུན་པ་བྱུང་བ་དང་། ལོ་ཆེན་ནམ་མཁའ་བཟང་བོས་རྟགས་འདི་ཤེས་དཀའ་བར་འབྱུང་ན་ཞེས་དཀའ་བའི་ཚུལ་དངོས་སུ་སྨྲས་ཡོད།   གལ་སྲིད་བསྟན་བཅོས་འདི་བོད་ཡིག་གིས་བརྩམས་པ་ཡིན་ཕྱིན་སློབ་དཔོན་གྱིས་བོད་ཀྱི་སྐད་ལ་གྲགས་པའི་པ་པོ་དང་མ་མི་མེད་མིན་སོགས་བདག་སྒྲ་དང་དགག་སྒྲ་ཡིན་ཞེས་དངོས་སུ་མི་བསྟན་པར།  བོད་ཀྱི་སྐད་ལ་བདག་སྒྲ་དང་དགག་སྒྲའི་སྦྱོར་ལུགས་སུ་མ་གྲགས་པའི་ཕོ་དང་མོ་ཡི་ཡི་གེ་མཚོན་པའི་པུ་ལིངྒ་དང་སྟྲཱི་ལིངྒ་ཞེས་པའི་རྒྱ་སྐད་ཅིག་གིས་ཚིག་ཕྲད་པ་པོ་མ་མི་སོགས་བསྟན་དགོས་པར་རྒྱུ་མཚན་དང་དགོས་པ་ཅི་ཡང་མེད་པ་ཞིག་ཏུ་སྙམ་མོ།།

གཉིས་པ། གཞུང་འགྲེལ་རྙིང་བ་འགའ་གོང་བསྒྲིགས་ཏེ་དུས་སྐབས་ནམ་ཞིག་ལ་བོད་ཀྱི་ཡི་གེར་འགྱུར་བའི་དོགས་དཔྱོད།
གཅིག  «སུམ་རྟགས»གཉིས་ཀའི་ནང་དོན་བྱེ་བྲག་པ་རེ་ནམ་འགྱུར་སྐོར་གྱི་དོགས་དཔྱོད།

མིག་སྔར་བཙན་པོའི་སྐབས་ཀྱི་ཡིག་རྙིང་གི་རྣམ་པ་སོར་བཞག་ཏུ་ཡོད་ཅིང་བརྡ་སྤྲོད་པའི་བསྟན་བཅོས་འདི་དང་ཅུང་ཉེ་བའི་ཡིག་ཚགས་ལ་ཏུན་ཧོང་ཤོག་དྲིལ་༠༠༠༣་དུ་བྱུང་བའི་འཇུག་པའྀ་སྒྲ་བརྒྱད་བསྟན་པའི་ཚིག་ལེའུར་བྱས་པ་[14]དེ་ཡིན་ཞིང་།  དེའི་འགྱུར་བྱང་དུ་ཞུ་ཆེན་གྱི་མཁན་པོ་དང་། ལོ་ཙཱ་བ་བན་དེ་ཆོས་གྲུབ་ཀྱིས་རྒྱའྀ་དཔེ་ལས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་ཞེས་གསལ་བོར་བཀོད་ཡོད་ཕྱིར་སྐད་ཡིག་གཞན་ལས་ཚུར་བསྒྱུར་བ་ཡིན། འོན་ཀྱང་རྒྱའི་དཔེ་ལས་ཞེས་པའི་རྒྱ་དེ་མཐའ་བ་བཀྲ་དོན་གྱིས་[15]རྒྱ་ནག་གི་ཡི་གེ་ལས་བསྒྱུར་བར་བཀོད་ཡོད་མོད། རྒྱ་ནག་རང་གི་ཡི་གེར་རྣམ་དབྱེའི་ཕྲད་མི་གསལ་ཞིང་རྣམ་དབྱེ་བརྒྱད་དུ་དབྱེ་བའི་རྒྱའི་བརྡ་སྤྲོད་ཀྱི་བསྟན་བཅོས་ཤིག་གནའ་དེང་གང་ལའང་མ་གྲགས་པ་དང་། ཏུན་ཧོང་ཤོག་དྲིལ་དུ་མ་ཕྱི་འདི་ཇི་མ་ཇི་བཞིན་ཡོད་པའི་རྒྱ་ནག་ཡི་གེའི་སྒྲ་བརྒྱད་བསྟན་པའི་ཡིག་ཚགས་དེའང་རྒྱ་གར་ཕྱི་མོ་ལས་བསྒྱུར་བ་ཡིན་པར་མ་ཟད། སྒྱུར་མཁན་གྱི་ལོ་ཙཱ་བའང་འགོས་ཆོས་གྲུབ་ཉིད་ཡིན་པར་ཁོང་གི་དཔྱད་རྩོམ་དེར་གསལ་བས་ན། བོད་ཡིག་གི་ཕྱི་མོ་རྒྱ་ནག་ཡི་གེ་ཡིན་དགོས་པའི་རྒྱུ་མཚན་ཅི་ཡང་མ་མཆིས་ཤིང་། འདིའང་རྒྱ་གར་ཡི་གེ་ལས་བསྒྱུར་བ་ཡིན་པར་དོགས་པའི་གནས་མ་མཆིས་སྙམ། དེ་ན་འདི་ནི་རྒྱ་གར་རང་གི་ཡི་གེའི་རྣམ་དབྱེའི་སྦྱོར་བ་སྟོན་པའི་གཞུང་ཞིག་གམ།  ཡང་ན་རྒྱ་ཡིག་ལ་བྲིས་ཀྱང་བོད་ཀྱི་རྣམ་དབྱེའི་སྦྱོར་བ་སྟོན་པའི་གཞུང་གཉིས་ལས་གང་ཡིན་ཐད་ད་སྔར་སུས་ཀྱང་དཔྱད་བརྗོད་གནང་བ་ཡོད་པ་ཁོ་བོས་མ་མཐོང་ཡང་། འདིར་འགྱུར་གཞུང་དེ་དང་སུམ་རྟགས་ཀྱི་རྩ་བ་གཉིས་བསྡུར་བའི་ཐབས་ཀྱིས་ཅུང་ཙམ་དཔོག་ན།   དེ་ཉིད་དུ།  “ལྗོན་ཞིང་ལ་ནྀ་རླུང་གིས་བསྐྱོད།། ལྗོན་ཞིང་ཕྱིར་ནྀ་ཆུ་དྲོངས་ཤིག། ལྗོན་པའི་ཤིང་ལ་བྱ་ཚང་བཅས། །” ཞེས་པ་རྩ་བའི། “ལས་དང་ཆེད་དང་བརྟེན་གནས་དང་།། དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན།།” ཞེས་པའི་དགོངས་དོན་དང་མཐུན་ཞིང་།   དེ་བཞིན“ཤིང་གི་ཡལ་ག་རབ་ཏུ་ལྡེམ།། ལྗོན་ཤིང་གིས་ནྀ་གླང་བོ་བསྒྱེལད།།” ཅེས་པ་རྩ་བའི།  “དེ་དག་ཨི་སྦྱར་འབྲེལ་བའི་ས།། དེ་ཉིད་ལ་ནི་བཅུ་བ་སྦྱར།། བྱེད་པ་པོ་རུ་ཤེས་པར་བྱ།།“ ཞེས་པ་དང“ལྗོན་ཤིང་ལས་ནྀ་མེ་ཏོག་འཁྲུངས།། ”ཞེས་པ་རྩ་བའི“རྗེས་འཇུག་ཡི་གེ་བཅུ་བོ་ཡི།། བཞི་བ་དགུ་བ་ལ་བཅུ་བ།། སྦྱར་བས་འབྱུང་ཁུངས་ས་ཡིན་ཏེ།།” ཞེས་པ་དང་། “ཀྱེ་ཀྱེ་ལྗོན་ཤིང་ངོ་མཚར་མཛེས།།”  ཞེས་པ་རྩ་བའི“ཀྱེ་སྦྱར་བ་ནི་བོད་པ་ཡིན”ཞེས་པ་དང་གཅིག་ཏུ་ཡོད་པ་སོགས།  རྣམ་དབྱེ་བརྒྱད་སྟོན་པའི་ཚིག་ཕྲད་ཀྱི་སྦྱོར་ལུགས་སུམ་ཅུ་པའི་རྩ་བའི་དགོངས་དོན་དང་མ་བགྲོས་གཅིག་མཐུན་གྱི་ཚུལ་གྱིས་ཡོད་པ་དང་།   དེ་བཞིན། “ དང་པོ་དངོས་པོ་བསྟན་པ་ཡྀན།། གཉིས་པ་ལས་སུ་ཤེས་པར་བྱའ།། གསུམ་པ་བྱད་པ་བྱེད་པ་ཡྀན།། བཞི་བ་གང་ཕྱིར་སྦྱིན་བའ་ཡིན།། ལྔ་བ་གང་ལས་འོང་བ་ཡིན།། དྲུག་པ་ལྷག་པའྀ་དབང་དུ་བྱས།། བདུན་པ་གནས་གཞྀ་བསྟན་པ་སྟེ།། བརྒྱད་པ་བོད་པའི་ཚིག་ཡིན་ནོ།།” ཞེས་པའང«རྟགས་ཀྱི་འཇུག་པའི»རྩ་བར།  “དེ་ཉིད་རང་གི་སྒྲ་མཐུན་པའི།། ཆོས་དངོས་ལས་དང་བྱེད་པ་དང་།། སྦྱིན་དང་འབྱུང་ཁུང་འབྲེལ་བ་དང་།། གནས་དང་བོད་པའི་སྒྲ་ཡང་དྲང་།། ”ཞེས་པ་གཉིས་རྣམ་དབྱེ་བརྒྱད་བསྟན་ཚུལ་གྱི་གོ་རིམ་དང་དེ་ལ་འབོད་པའི་མིང་བརྡ་སྟོན་བྱེད་བཅས་གཅིག་མཐུན་ཏུ་ཡོད་པར་མ་ཟད།  དང་བོ་མིང་ཙམ་བརྗོད་པ་དང་བཞི་བ་དགོས་ཆེད་ལ་དངོས་པོ་དང་སྦྱིན་པ་ཞེས་ཕྱིས་ཀྱི་མཁས་པ་རྣམས་ལ་མ་གྲགས་པའི་དམིགས་བསལ་བའི་མིང་བརྡའང་གཅིག་མཐུན་ཞིག་གིས་བསྟན་ཡོད། གཞན་བོད་ལ་རྣམ་དབྱེ་དང་པོ་དངོས་པོ་སྟོན་པ་ཙམ་ལས་མེད་པ་དང་། རྣམ་དབྱེ་བརྒྱད་པ་ལའང་བོད་པ་གསལ་བྱེད་ཀྱི་སྒྲ་ཙམ་ལས་རྒྱ་གར་ཇི་བཞིན་རྣམ་དབྱེ་སྟོན་བྱེད་ཀྱི་རྐྱེན་མེད་པ།  སི་ཏུའི་འགྲེལ་ཆེན་དུ་ཀྱེ།  ཞེས་པ་བོད་པའི་རྣམ་དབྱེར་འདོད་པ་མི་འཐད་དེ།། རྣམ་དབྱེ་མིང་གི་ཐོག་མར་སྦྱར་བ་མེད་ཅེས་དང་།  ཡང་ན་དེ་རུ་ཀྱེ་ཞེས་པ་རྣམ་དབྱེ་མ་ཡིན་ཞིང་བོད་པ་གསལ་བྱེད་ཀྱི་སྒྲ་ཡིན་ཏེ། རྒྱ་གར་གྱི་ཧེ་བྷོ་བྷོས་སོགས་དང་མཚུངས་པ་[16]ཞེས་གསུངས་པ་ལྟར།  རྣམ་དབྱེ་དང་པོ་དང་བརྒྱད་པ་གཉིས་བོད་ལ་རྒྱ་གར་ལྟ་བུའི་གསལ་བོ་ཞིག་མེད་ཀྱང་གཞུང་འདི་གཉིས་ལ་གཅིག་མཐུན་དུ་ཡོད་པ་སོགས་ལས་དཔག་ན།  འགོས་ཆོས་གྲུབ་ཀྱི་འགྱུར་གཞིའི་རྒྱ་གར་གྱི་ཡི་གེ་དེ་ནི་རྒྱ་གར་རང་གི་རྣམ་དབྱེ་སྟོན་པའི་བསྟན་བཅོས་ཤིག་མ་ཡིན་པར།   རྒྱ་གར་གྱི་ཡིག་ཐོག་ལ་བརྩམས་པའི་བོད་ཀྱི་རྣམ་དབྱེ་སྟོན་པའི་བསྟན་བཅོས་ཤིག་བོད་ཀྱི་ཡི་གེར་ཚུར་བསྒྱུར་བ་ཡིན་པར་སེམས།  དེ་ལྟ་མིན་ན་རྒྱ་གར་ལ་རྣམ་དབྱེ་བརྒྱད་པོར་གཅིག་ཚིག་གཉིས་ཚིག་མང་ཚིག་སོགས་ཡོད་པས། བོད་ལའང་དེ་བཞིན་དུ་བསྒྱུར་རིགས་པར་འོས་ཏེ།  «བསྟན་འགྱུར»དུ་བཞུགས་པའི་རྣམ་དབྱེའི་ཚིག་ལེའུར་བྱས་པར“བྱ་བ་ལ་གཉིས་པའོ་ཞེས་པ་གཉིས་པའི་རྣམ་དབྱེ་ཡིན་ནོ།། གང་གཉིས་པའི། ཨམ་ཨཽཊ། ཤས་ཞེས་པ་གཉིས་པའོ།། དེ་ལ་དོན་གཅིག་ལ་གཅིག་གི་ཚིག་ཨམ། གཉིས་ཀྱི་ཚིག་ཨཽཊ། མང་པོའི་ཚིག་ཤས་འདི་རྣམས་ནི་གཉིས་པའོ།།”[17] ཞེས་བསྒྱུར་ཡོད་པ་ལས་རྟོགས་ནུས་ཤིང་། ཕྱིས་བོད་ཀྱི་བརྡ་སྤྲོད་པའི་གཞུང་འགར་རྒྱ་གར་གྱི་རྣམ་དབྱེ་སྦྱོར་ལུགས་དང་མཐུན་ཕྱིར། བོད་ལའང་རྣམ་དབྱེ་རེ་རེའི་མཐར་ཚིག་ཕྲད་ཞིག་དག་རྣམས་བཅས་སྦྱོར་ཚུལ་ཡོད་པ་ལྟར། རྒྱ་གར་རང་གི་རྣམ་དབྱེ་སྦྱོར་ལུགས་ཤིག་ལས་ཚུར་བསྒྱུར་བ་ཡིན་ཕྱིན། ལོ་ཙཱ་བས་མ་མཐའ་ཡང་དེ་དང་རིགས་འདྲ་ཞིག་སྦྱོར་དགོས་པ་ལས་བསྒྱུར་བྱ་མ་ཚང་བའི་སྐྱོན་ཡོད་པའོ།།  འོན་ཀྱང་འདིར་དེ་ལས་ལྡོག་ཏེ་སུམ་རྟགས་གཉིས་དང་བསྟན་ལུགས་གཅིག་པ་ཆགས་ཡོད་པར་མ་ཟད། བསྟན་བཅོས་འདིའི་ཁ་བྱང་དུ“འཇུག་པའྀ་སྒྲ་བརྒྱད་བསྟན་པའི་ཚིག་ལེའུར་བྱས་པ”ཞེས་པ་འདི་དང་། རྟགས་ཀྱི་འཇུག་པའི་མཇུག་ཏུ“བྱཱཻ་ཀ་ར་ཎའི་རྩ་བ་བརྒྱད་པ་ལས་ཀུན་ཏུ་བཟང་བོའི་བྱཱཻ་ཀ་ར་ཎ་གཉིས་པའི་སྐབས་དེ་དྲུག་པའོ”ཞེས་པ་གཉིས་གའུ་ཁ་སྦྱོར་གྱི་ཚུལ་ལྟར་འཕྲོད་ཡོད་པ་འདིས། དེ་ནི་རྩ་བའི་བསྟན་བཅོས་བརྒྱད་བརྩམས་པར་གྲགས་པའི་གྲས་ཤིག་ཀྱང་ཡིན་ངེས་ཀྱི་ངེས་ཤེས་འདྲོང་ཐུབ་པ་དང་། བོད་ཀྱི་བརྡ་སྤྲོད་པའི་ཕྱི་མོ་རྒྱ་གར་གྱི་ཡི་གེར་བརྩམས་ཡོད་པ་ལས་བོད་ལ་བསྒྱུར་བའི་འགྱུར་ཡིག་ཐོག་མའང་མིན་ནམ་སྙམ་མོ།།

པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀིརྟིའམ་དྲན་པའི་ཤེས་རབ་ཏུ་གྲགས་པས་བརྩམས་པའི«སྨྲ་སྒོའི་མཚོན་ཆ»ནི་མིག་སྔར་རྒྱ་གར་ཡིག་ཐོག་ཏུ་ཡོད་པའི«སུམ་ཅུ་པ»ལས་ཚིག་ཕྲད་ཀྱི་སྐོར་བོད་ལ་བསྒྱུར་རྩོམ་མཛད་པའི་བོད་ཀྱི་ཡི་གེའི་སྟེང་གི་བརྡ་སྤྲོད་ཐོག་མར་ཆགས་ཡོད་པ་སྟེ། སྨྲ་སྒོར་བསྟན་པའི་ཚིག་ཕྲད་དེ་སྒྲ་དང་དང་སྒྲ།  ནི་སྒྲ། ནས་ལས། འང་སྒྲ། ལ་སྒྲ། གང་སྒྲ། བྱེད་སྒྲ། འབྲེལ་སྒྲ། བདག་སྒྲ་སོགས་སུམ་ཅུ་བར་དངོས་བསྟན་དུ་ཡོད་པ་དང་།  དོན་གྱི་འཇུག་ཚུལ་ཐད་ཁ་ཇེ་གསལ་འཐུས་ཇེ་ཚང་དུ་བཏང་བ་ཙམ་ལས་རྩ་བའི་ཆ་ནས་དེ་གཉིས་ཀྱི་བསྟན་ལུགས་གཅིག་ཏུ་ཡོད་པ་སྟེ། དཔེར་ན།  རྩ་བར།  “གང་མིང་རུང་བའི་བར་མཚམས་སུ།། གསུམ་པ་ལ་ནི་གཉིས་པ་སྦྱར།། དེ་ནི་སྡུད་དང་འབྱེད་པ་དང་།། རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔའོ།།”  ཞེས་པར«སྨྲ་སྒོར» “དང་ནི་འབྱེད་དང་སྡུད་པ་དང་།། རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔ།།  དེ་ཉིད་དང་ནི་གཞན་དག་དང་།། ལན་གྲངས་གཞན་ལ་སྦྱོར་བ་ཡི།།  སྡུད་པའི་དང་ཡང་གསུམ་དུ་འདོད།། ” ཅེས་པ་ལྟ་བུའམ།   ཡང་ན།   རྩ་བར།  “གང་མིང་གི་ནི་ཡ་མཐའ་རུ།། གསུམ་པ་ལ་ནི་ཨེ་སྦྱར་བ།། ཐ་སྙད་དབང་དུ་གསུམ་ཡིན་ཏེ།། དངོས་པོའི་དབང་དུ་བཞི་རུ་འགྱུར།།   དུས་ཀྱི་དབང་དུ་གཉིས་ཡིན་ནོ།།”  ཞེས་པར་སྨྲ་སྒོར“དེ་ཞེས་བྱ་བའི་ཚིག་གི་དོན།།  ཐ་སྙད་དངོས་དང་དུས་འཇུག་གསུམ།།  འདས་དང་རྣམ་གྲངས་གཞན་ཅན་དང་།།  ལྷག་མ་དག་དང་བཅས་པའོ།།  བདེན་པ་དག་དང་གསང་བ་དང་།། བདག་གི་བ་དང་ཕ་རོལ་པོ།། དངོས་པོ་དག་ལ་འཇུག་པ་བཞི།། འདས་པ་དང་ནི་མ་འོང་པའི།།  དུས་གཉིས་ལ་ནི་འཇུག་པ་གཉིས།།  བདག་ཉིད་ད་ལྟར་ཉིད་ལ་སྤང་།།  དངོས་པོའི་དུས་ནི་མི་འདོར་ཏེ།།  ཀུན་ལ་རབ་ཏུ་སྦྱར་བར་བྱ།།”[18]ཞེས་པ་ལྟ་བུ་ཁ་ཇེ་གསལ་དང་འཐུས་ཇེ་ཚང་དུ་བཏང་བ་ལས་རྩ་བར་བསྟན་ལུགས་དང་གཞི་གཅིག་ཏུ་ཡོད་ལ། རྩ་བར་ཨང་ཀི་དང་སྡེ་ཚན་གྱི་ཐབས་ཀྱིས་བསྟན་པའི་ཚིག་ཕྲད་དག་འདིར“དང”དང“དེ”ལྟ་བུ་ཡི་གེ་དངོས་ཀྱིས་བསྟན་པ་སོགས་ལས་དེའི་དགོངས་འགྲེལ་ཞིག་ཡིན་པ་མཐོང་བ་ཙམ་གྱིས་རྟོགས་ནུས་སོ།།  དེ་བཞིན་ཚིག་ཕྲད་གཞན་ཐམས་ཅད་ཀྱང་དེ་ལྟར་བསྡུར་རུང་མོད་འདིར་གཅིག་ཤེས་ཀུན་གྲོལ་གྱི་ཚུལ་གྱིས་ཡིག་ཚོགས་ལ་འཇིགས་ནས་བཞག་ཅིང་ཞིབ་ཏུ་གཞུང་དངོས་ལས་ཤེས་པར་བྱ།   དེ་ལྟར«སྨྲ་སྒོའི་མཚོན་ཆ»དང«སུམ་ཅུ་པ»གཉིས་ཀའི་བར་འབྲེལ་བ་ངེས་ཅན་ཞིག་གྲུབ་པ་མཐོང་བ་ཙམ་གྱིས་ཤེས་པར་མ་ཟད།   བསྟན་བཅོས་གང་ཞིག་ཡིན་རུང་རྩ་བ་ལས་དགོངས་འགྲེལ་ཁ་གསལ་འཐུས་ཚང་དུ་ཡོད་པ་གོར་མ་ཆག་པས།  གོང་སྨྲོས་ཇི་བཞིན་«སྨྲ་སྒོའི་མཚོན་ཆར»སུམ་ཅུ་པར་བསྟན་པའི་ཚིག་ཕྲད་དག་ཁ་གསལ་འཐུས་ཚང་དུ་བཏང་བ་ལས་གཞན་སུམ་ཅུ་པར་མ་བསྟན་པའི་ཅིང་ཅེས་ལ་སོགས་པའི་ཚིག་ཕྲད་མང་བོ་ཞིག་ཁ་སྐོང་བྱས་ཡོད་ཕྱིར། དེ་ནི«སུམ་ཅུ་པའི»བསྟན་བཅོས་འདིའི་ཕྱིས་སུ་བྱུང་བ་ཞིག་ཡིན་པར་གདོན་མི་ཟ་ཞིང་། ད་དུང«སུམ་ཅུ་པའི»གཞུང་གི་འགྲེལ་བ་ལྟ་བུ་ཞིག་ཏུའང་གྱུར་ཡོད་ཕྱིར། ཕྱིས་ཀྱི་སི་ཏུ་པཎ་ཆེན་ལ་སོགས་པའི་མཁས་ཆེན་མང་བོས«སུམ་ཅུ་པར»འགྲེལ་བ་བསྐྱོན་སྐབས་ལུང་འདྲེན་གྱི་ཁུངས་གཙོ་བོར་བཟུང་ཡོད།   «སྨྲ་སྒོའི་མཚོན་ཆ»རང་སྟེང་ནས་དཔྱད་ན་ས་སྐྱ་པཎ་ཆེན་གྱི«སྨྲ་སྒོའི་ས་བཅད»དུ“གཞུང་གི་དོན་ལ་གསུམ་སྟེ།  ངག་གི་གཞི་ཡི་གེའི་ཚོགས་དང་།  དོན་གྱི་ངོ་བོ་སྟོན་པའི་མིང་གི་ཚོགས་དང་།   དོན་གྱི་ཁྱད་པར་མཚོན་པ་ཚིག་གི་ཚོགས་སོ།།”[19]ཞེས་གསུངས་པ་ལྟར་བསྟན་བཅོས་འདིའི་བརྗོད་བྱ་གཙོ་བོ་ཡི་གེ་དང་མིང་།  ཚིག་བཅས་ཡིན་མོད།  དེ་དག་ལས་བོད་ཀྱི་ཡི་གེ་དང་བརྡ་སྤྲོད་ལ་ཐད་ཀར་འབྲེལ་བ་གྲུབ་པ་ནི་ཚིག་གི་སྐོར་ཡིན་ཞིང་ཡི་གེ་དང་མིང་གི་སྐོར་རྒྱ་གར་ཡི་གེ་ལས་བོད་ཀྱི་ཡི་གེར་ཐད་ཀར་འབྲེལ་བ་གྲུབ་མེད་པ་བསྟན་བཅོས་དེ་དང་དེའི་དགོངས་འགྲེལ་སོགས་ལས་ཤེས།   གཞུང་འདིའི་རྩོམ་པ་པོ་སྨྲྀ་ཏི་ཛྙཱ་ན་ཀིརྟི་ནི་རྒྱ་གར་གྱི་པཎ་ཆེན་ཞིག་ཡིན་ཙ་ན་རྒྱ་གར་གྱི་ཡི་གེ་དང་སྒྲ་རིག་པའི་གཞུང་ལུགས་ཀུན་བྱང་ཆུབ་པར་སྨྲ་མ་དགོས་པ་ཇི་བཞིན་བོད་ཀྱི་ཡི་གེ་དང་བརྡ་སྤྲོད་ཀྱི་གཞུང་ལུགས་ཀུན་ཚགས་མེད་དུ་མཁྱེན་པའི་ངེས་པ་མ་མཆིས་ཕྱིར།   བོད་ཀྱི་ཡི་གེའི་རྣམ་གཞག་གསལ་བོར་བརྗོད་མེད་པར་མ་ཟད་ཚིག་ཕྲད་ཀྱི་སྐབས་སུའང་བོད་སྐད་ལ་མ་གྲགས་པའམ་མི་འབྱོར་བ་ཁ་ཤས་བཏོན་པའི་རྐྱེན་གྱིས།   དཔང་ལོ་ཙཱ་བའི«ཚོགས་གསུམ་གསལ་བར» “སྨྲ་སྒོ་ནི་རྒྱ་གར་གྱི་པཎྜི་ཏས་བརྩམས་པ་མ་ཡིན་གྱི།  བོད་ཀྱི་པཎྜི་ཏ་སྐྱེས་ཐོབ་ཀྱི་ཤེས་རབ་དགའ་ཚད་ཡོད་པ། མཁས་པར་རློམ་པ་བློ་གཟུ་བོ་ཞིག་གིས་ལེགས་ལེགས་འདྲ་བྱས་པར་སྣང་ངོ་”[20]ཞེས་དགག་བཞག་མཛད་ཡོད།  འོན་ཀྱང་པཎྜི་ཏ་སྨྲྀ་ཏི་ལ་དུས་ཐག་ཤིན་ཏུ་ཉེ་བའི་རོམ་ཟོམ་ཆོས་བཟང་དང་རྗེ་བཙུན་གྲགས་པ་རྒྱལ་མཚན།  ས་སྐྱ་པཎ་ཆེན་སོགས་ཀྱིས་སྨྲ་སྒོའི་འགྲེལ་བཤད་མང་བོ་མཛད་ཡོད་པ་མངོན་སུམ་སྤྱོད་ཡུལ་དུ་ཡོད་པ་ན་མཁས་པ་དེ་ཉིད་ཀྱིས་བརྩམས་པ་ཡིན་པར་བསྙོན་དུ་མེད་པར་འདོད།    དེར་བོད་ཀྱི་ཡི་གེའི་རྣམ་གཞག་གསལ་བོར་མ་བསྟན་པའི་རྒྱུ་མཚན་གང་ལ་ཐུག་སྙམ་ན། ཁོང་གི་སྐུ་ཐོག་དེར་བོད་ཡིག་གི་སྔོན་འཇུག་གི་སྦྱོར་ལུགས་གཅིག་མཐུན་བྱུང་མེད་དང་། «སུམ་ཅུ་པར»དེའི་བསྟན་ཚུལ་ཡང་གསལ་བོ་མེད་པ་གོང་སྨོས་ལྟར་ཡིན་པར་མ་ཟད། སྐབས་ཐོག་དེར་དངོས་སུ་བེད་སྤྱོད་བྱེད་བཞིན་པའི་མགོ་འདོགས་ཀྱི་རྣམ་གཞག་སུམ་རྟགས་གཉིས་ལ་ཕྱོགས་ཙམ་ཡང་སྨོས་མེད་པས། བོད་ཡིག་གི་སྦྱོར་ལུགས་འཐུས་ཚང་བ་ཞིག་མེད་པ་སོགས་རྐྱེན་དུ་མའི་དབང་གིས་བཏང་སྙོམས་སུ་བཞག་པ་ཞིག་ལ་ཁོ་བོས་སྙམ། གཞན་པཎྜི་ཏ་ཁོང་ཉིད་ལ་བོད་སྐད་ཀྱི་བཀག་རྒྱ་ཡོད་པ་གཞུང་དེ་ཉིད་དུ་ཕྱིར་མངོན་ཡོད་པ་དང་།   སྨྲ་སྒོའི་ཡར་སྔོན་དུ་བོད་ཀྱི་ཡི་གེ་དང་ཚིག་ཕྲད་ཀྱི་སྦྱོར་བ་བསྟན་པའི་བསྟན་བཅོས་བོད་ཡིག་གི་ལམ་དུ་བྲིས་པ་ཤིག་ད་སྔར་བསྟན་དུ་མེད་པ།   སྨྲ་སྒོ་རང་ཡང་རྒྱ་བོད་ཀྱི་བརྡ་སྤྲོད་སྦྲགས་མ་ཞིག་གིས་བརྩམས་ཡོད་པ་སོགས་ལས་རྗེས་སུ་དཔགས་ན། གཅིག་ཏུ་སྨྲ་སྒོ་རྩོམ་པ་པོས་བསྟན་བཅོས་དེ་རྩོམ་པའི་ཁུངས་རྒྱ་གར་ཡི་གེའི་མ་ཕྱི་ཞིག་ལ་བརྟེན་ཡོད་པ་དང་།  གཉིས་སུ་མ་ཕྱི་དེར་བོད་ཀྱི་ཚིག་ཕྲད་སོགས་ཀྱི་རྣམ་གཞག་སུམ་ཅུ་པའི་རྩ་བ་ཇི་བཞིན་བསྟན་ཡོད་ཚུལ་སྨྲ་སྒོ་རང་ལས་དངོས་སུ་མཐོང་ཐུབ་པས་སུམ་རྟགས་ཀྱི་རྩ་བ་འདི་ཉིད་ཡིན་པ་ཤེས་ནུས་པ་དང་།  གསུམ་དུ་པཎྜི་ཏ་དེ་ཉིད་བོད་དུ་གནག་རྫིའི་ལས་གཉེར་སོགས་མཛད་དེ་ཡུན་རིང་བཞུགས་པས་བོད་སྐད་ངེས་ཅན་མཁྱེན་ཐུབ་པའི་ཁར་རྒྱ་ཡིག་ཐོགས་མེད་དུ་མཁྱེན་ཕྱིར། སྔར་བོད་པ་རྣམས་ཀྱིས་འགྲེལ་མ་ཐུབ་པའི་རྩ་བའི་བསྟན་བཅོས་ལས་ཚིག་ཕྲད་སྐོར་ལ་ཆེད་དུ་འགྲེལ་བ་བསྐྱོན་པ་ཞིག་ཏུའང་མཐོང་ཐུབ།    དེ་ལྟར་ཡིན་པའི་བསྒྲུབ་བྱེད་གཞན་ཞིག་ནི་སྨྲ་སྒོའི་རྩ་བ་རང་གི་མཇུག་ཏུ“རྒྱ་གར་གྱི་མཁན་པོ་དྲན་པའི་ཡེ་ཤེས་གྲགས་པས། བླ་མ་ནོར་བཟང་གྲགས་པ་ལས་ཐོས་ཏེ། སློབ་མ་གཞོན་ནུ་གྲགས་པའི་དོན་དུ། མིང་གི་སྦྱོར་བ་ནི་ཅུང་ཟད་བཞག། ཕྲད་ཀྱི་སྦྱོར་བ་ནི་ཅུང་ཟད་བཤད་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།”[21]ཞེས་པ་ལས་བསྟན་བཅོས་འདི་བོད་ཀྱི་བརྡ་སྤྲོད་པའི་ཕྱི་མོ་རྒྱ་སྐད་དུ་བྲིས་པ་དེ་ལ་བརྟེན་ནས་བསྒྱུར་རྩོམ་མཛད་པ་ཡིན་མོད།  དེར་གསལ་བའི་ཡི་གེའི་རྣམ་གཞག་དང་མིང་གི་སྦྱོར་བ་སྟེ་རྟགས་འཇུག་གི་སྐོར་བཞག་ནས་ཚིག་ཕྲད་ཀྱི་སྐོར་ལ་ཁ་གསབ་དང་བཅས་པས་བཤད་ཡོད་ཅེས་གསལ་བོར་བཀོད་ཡོད་པས་སོ།། མཇུག་བྱང་འདི་དང་ཇི་མ་ཇི་བཞིན་དུ་རོང་ཟོམ་ཆོས་བཟང་དང་རྗེ་བཙུན་གྲགས་པ་རྒྱལ་མཚན་སོགས་ཀྱི་སྨྲ་སྒོའི་འགྲེལ་བར་ཡང་བཀོད་ཡོད་པ་ན་ཡང་དག་ཅིག་ཏུ་ཁ་མཚོན་བཅད་ཆོག་གོ།  གཞན་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས“སྨྲྀ་ཏི་ཛྙཱ་ན་ཀིརྟི་ཞེས་བྱ་བས། རྒྱ་གར་གྱི་སྐད་དུ་བརྩམས་ནས་བོད་སྐད་རང་འགྱུར་མཛད”[22]ཅེས་ཁ་ཅུང་ཟད་བསྒྱུར་ནས་འགྲེལ་བཤད་མཛད་ཡོད་མོད།  དེ་ནི་པཎྜི་སྨྲྀ་ཏི་རང་གིས་བོད་སྐད་དུ་བསྒྱུར་བའི་ཕྱག་ལས་གཙོ་བོར་མཛད་པ་ཞིག་ཏུ་འཁུམས།  རྒྱུ་མཚན་པཎྜི་ཏ་དེས་བོད་སྐད་གང་ལེགས་ཤིག་མཁྱེན་པ་དང་ཁྱད་པར་དུ་བསྟན་བཅོས་ཀྱི་མཇུག་བྱང་དུ་རྩོམ་པ་པོས་རང་ཉིད་ལ་དྲན་པའི་ཡེ་ཤེས་གྲགས་པ་ཞེས་བོད་ཀྱི་མཚན་ཞིག་བཏགས་ཡོད་པ་དེས་སྒྲ་ལ་བྱང་བ་རྣམས་ཀྱིས་སྒྲའི་ཀུན་བཤད་ཀྱི་མིང་རེ་འདོགས་པ་དང་། དེ་སང་དབྱིན་ཇི་སོགས་ལ་མཁས་པ་རྣམས་ཀྱིས་དབྱིན་ཡིག་གི་མིང་རེ་འདོགས་པ་དང་ཀུན་ནས་མཚུངས་པར་ཁོང་གིས་བོད་ཡིག་མཁྱེན་པའང་མཚོན་ཡོད།  འོན་ཀྱང་པཎྜི་ཏ་རང་གི་སློབ་མར་གྱུར་བའི་བོད་ཀྱི་མཁས་པ་དང་ཕྱིས་ཀྱི་འགྲེལ་བཤད་མཁན་པོ་རྣམས་ཀྱིས་ཚིག་གི་སྦྱོར་སྡེབ་ལ་ལེགས་བཅོས་གང་མང་བྱས་ཡོད་ཀྱང་སྲིད་དོ།། གང་ལྟར«སྨྲ་སྒོའི་མཚོན་ཆ»དེ་དུས་སྐབས་ངེས་ཅན་ཞིག་ཏུ་བོད་ལ་འཕྲིན་ལས་རྒྱ་ཆེན་པོ་བྱུང་བ་ནི་རྣམ་གླིང་པཎ་ཆེན་གྱིས་དུས་དེར་བསྟན་བཅོས་འདིའི་འཕྲིན་ལས་ཧ་ཅང་རྒྱས་པས་ཀ་ཙཱན་སོགས་གཞུང་ལུགས་རྣམས་ཀྱི་འཕྲིན་ལས་རྒྱས་པར་གནོད་ཅེས་གསུངས་པ་དང་།  ས་སྐྱ་པཎ་ཆེན་ལ་སོགས་པའི་མཁས་གྲུབ་མང་བོས་བསྟན་བཅོས་འདི་གཙིགས་སུ་བཟུང་ནས་འགྲེལ་བཤད་མང་པོ་གནང་ཡོད་པའི་ཤུགས་ལ་རྟོགས་ཐུབ་པའོ།།  འཕྲིན་ལས་དེ་ལྟར་རྒྱས་དགོས་པའི་རྒྱུ་མཚན་དེ་ཉིད་བོད་ཀྱི་ཡི་གེས་བོད་ཀྱི་ཚིག་ཕྲད་ཀྱི་རྣམ་གཞག་སྟོན་པའི་བསྟན་བཅོས་སམ་རང་རེའི་བརྡ་སྤྲོད་པའི་ཕྱི་མོ«སུམ་རྟགས»འདི་གཉིས་ལས་ནང་དོན་བྱེ་བྲག་པ་ཞིག་བོད་ཀྱི་ཡི་གེར་ཕབ་པའི་བསྟན་བཅོས་གཙོ་བོ་དེར་ཆགས་ཡོད་པའི་རྐྱེན་གྱིས་ཡིན་ངེས་སྙམ་མོ།།

གཉིས།  བསྟན་བཅོས་གཉིས་ཀྱི་ནང་དོན་འཐུས་ཚང་བར་ནམ་འགྱུར་གྱི་སྐོར།

སྨྲ་སྒོའི་གཞུག་ནས་རྔོག་ལོ་དང་ས་སྐྱ་བསོད་ནམས་རྩེ་མོ་ལ་སོགས་བོད་རང་ཉིད་ཀྱི་མཁས་ཆེན་རྣམས་ཀྱིས་བརྩམས་པའི་བརྡ་སྤྲོད་པའི་བསྟན་བཅོས་རེ་འགའ་དངོས་སུ་མཇལ་རྒྱུ་ཡོད་མོད།   «སུམ་རྟགས»ཀྱི་རྩ་བའི་བསྟན་བཅོས་འདི་གཉིས་བརྩམས་པ་སྔ་བའི་རྐྱེན་གྱིས་མགོ་འདོགས་གི་རྣམ་གཞག་མེད་པ་དང་། སྔོན་འཇུག་གི་འཇུག་ཡུལ་མི་གསལ་བ། ཚིག་ཕྲད་ཀྱི་སྦྱོར་ཚུལ་མི་གསལ་ཞིང་མ་ཚང་བ་ཡོད་པ། སྐད་གསར་བཅད་གསུམ་པའི་དགོངས་དོན་དང་ཡང་མི་མཐུན་པ།  ཁྱད་པར་དུ་སྐད་ཡིག་གཞན་གྱིས་བརྩམས་པས་གོ་དཀའ་ཞིང་དོན་མི་དགྲོལ་བ་མང་དག་ཅིག་མཆིས་ཕྱིར། ཁོང་དག་གིས་སྐབས་དེའི་སྐད་གསར་བཅད་ཐེངས་གསུམ་པའི་དགོངས་དོན་དང་མཐུན་པའི་སྒོ་ནས་བརྡ་སྤྲོད་པའི་བསྟན་བཅོས་གསར་དུ་བརྩམས་པ་དང་། བོད་ཡིག་གི་རྣམ་གཞག་བསྟན་ཐབས་ཀྱང་ཡི་གེ་རང་ཐོག་ནས་ཐད་ཀར་བསྟན་ཆོག་པ་ལས། རྩ་བའི་བསྟན་བཅོས་གཉིས་ལྟར་ཨང་ཀི་དང་རྟགས་ཀྱི་དབྱེ་ཐབས་སྤྱད་པའི་གོ་དཀའ་བ་ཅན་ལ་དགོས་པའང་མེད་པས།  བསྟན་བཅོས་འདི་གཉིས་བསྒྱུར་ཐབས་དང་དེ་ལ་འགྲེལ་བ་རྩོམ་པའི་ངལ་བ་མ་བླངས་བས་བསྟན་བཅོས་གཉིས་ཀའི་འཕྲིན་ལས་ཡང་མར་ཆག་ཅིང་། སུམ་རྟགས་ཀྱི་བསྟན་བཅོས་གཉིས་ཀའི་རྩ་ཚིག་དང་མཐུན་པའི་ལུང་འདྲེན་གང་ཡང་མཛད་མེད་པ་དང་། ཐ་ན་སུམ་རྟགས་ཀྱི་བསྟན་བཅོས་གཉིས་དང་དེའི་རྩོམ་མཁན་སློབ་དཔོན་ཐུ་མི་ཉིད་ཀྱི་མཚན་ཙམ་ཡང་དྲངས་མེད་པའི་རྐྱེན་གྱིས། དུས་ཡུན་རིང་བོར་ཕྱི་མོ་འདི་གཉིས་ལོ་རྒྱུས་ཀྱི་ཁུང་བུར་ཡིབ་པའི་ཚུལ་དུ་གནས་པས་དེང་གི་དོགས་གཞི་དག་ཀྱང་འབྱུང་བའི་རྒྱུ་རུ་གྱུར་བར་འཁུམས། དེའི་རྒྱུ་མཚན་ཡང་རྔོག་བློ་ལྡན་ཤེས་རབ་ཉིད་ཀྱིས་བརྩམས་པའི«དག་ཡིག་ཉེར་མཁོར» “འདི་ནི་སྔོན་གྱི་སྒྲ་བསྒྱུར་རྣམས།།  སྦྱོར་ཚུལ་མཐུན་པའི་བརྡ་ལ་ནི།།  ཅུང་ཟད་ཕལ་ཆེར་མ་མཐུན་ནའང་།།  ཕལ་ཆེར་གསར་བཅད་དབང་དུ་བྱས།།”  ཞེས་པས་གསལ་བོར་བསྟན་ཡོད། ཡིན་ནའང་། ཕྱིས་རྩ་བའི་བསྟན་བཅོས་འདི་གཉིས་བོད་ཀྱི་སྐད་དུ་འཐུས་ཚང་བར་བསྒྱུར་འགྲུབ་བྱུང་ཚེ། དེའི་དགོངས་འགྲེལ་བསྟན་བཅོས་རྩོམ་པའི་མཁས་ཆེན་དག་གིས་རྔོག་ལོའི«དག་ཡིག་ཉེར་མཁོ»དང་ས་སྐྱ་བསོད་ནམས་རྩེ་མོའི«བྱིས་པ་འཇུག་བདེ»གཉིས་གནད་དུ་བཟུང་ནས་གོ་དཀའ་ཞིང་དགྲོལ་མི་ཐུབ་པའི་སུམ་རྟགས་གཉིས་ཀའི་བརྗོད་བྱ་མང་བོ་ཞིག་སྐད་གསར་བཅད་གསུམ་པའི་དགོངས་དོན་ལྟར་བཀྲོལ་བའི་རྐྱེན་གྱིས་སུམ་རྟགས་གཉིས་དེང་གི་ཡིག་སྦྱོར་དང་གཅིག་པ་ཆགས་པ་སྟེ། དེ་ཡང་ལོ་ཆེན་ནམ་མཁའ་བཟང་བོའི་སུམ་ཅུ་པའི་འགྲེལ་བའི་སྨོན་བྱང་དུ།  “ལེགས་བཤད་རྣམ་འབྱེད་བསྟན་བཅོས་ཆེན་པོ་འདི།།  མིང་གི་མིང་ཚིག་གཏན་ལ་དབབ་པའི་ཕྱིར།།  འཇམ་དབྱངས་རྣམ་འཕྲུལ་ཆེན་པོ་དེ་ཡིས་བཀོད།།  ལོ་ཆེན་བློ་ལྡན་ཤེས་རབ་ཡན་ཆད་དུ།།  འདི་དོན་རྟོགས་པ་ཁ་ཅིག་བྱོན་གྱུར་ཀྱང་།།  འདི་ཡི་རྣམ་བཤད་འགྲེལ་བ་མ་མཛད་པས།།  ཕྱི་ནས་འདི་དོན་རྟོགས་པ་མ་བྱུང་ཕྱིར།།  བརྡ་རྣམས་འཁྲུགས་ཤིང་འཁྲུལ་བའི་ཕྲེང་བར་གྱུར།།  ཕྲེང་བའི་རྒྱུན་འདི་རྒྱུན་དུ་མི་འཇུག་ཕྱིར།། འདི་ནི་བློ་བཟང་ནམ་མཁའ་བཟང་བོས་སྤེལ།།”[23]ཞེས་པས་ཀྱང་རྔོག་ལོ་ཙཱ་བའི་ཡར་སྔོན་དུ«སུམ་རྟགས»གཉིས་ཀྱི་དགོངས་དོན་ལ་ཡང་དག་པའི་འགྲེལ་བ་ཞིག་མ་བྱུང་བར་བརྡའི་སྦྱོར་ལུགས་གཅིག་མཐུན་མེད་པའང་བསྟན་ཡོད། (འདིའི་བསྐོར་ལ་ཁོ་བོས་ཆེད་དུ་《བརྡ་སྤྲོད་ཕྱི་མོ་«སུམ་རྟགས»གཉིས་ཡིག་རྙིང་གི་སྦྱོར་ཚུལ་དང་ཅུང་མི་མཐུན་པའི་སྣང་ཚུལ་འབྱུང་རྐྱེན་སྐོར་གྱི་ཐོག་མའི་དོགས་དཔྱོད། 》 ཞེས་པའི་དཔྱད་རྩོམ་ཞིག་བྲིས་ཡོད་པས་འདིར་ཡི་གེ་མང་དོགས་པས་བསྐྱུང་བའོ།། )དེའི་ཕྱིར་རྔོག་ལོ་སོགས་ས་པཎ་ཡར་སྔོན་གྱི་བོད་ཀྱི་ལོ་པཎ་དག་གིས་རྩ་བའི་བསྟན་བཅོས་གཉིས་བསྒྱུར་བའི་ངལ་བ་མ་བྱས་པས་རེ་ཞིག་ལུས་པར་ཟད་མོད།   གནས་ལྔ་རིག་པ་ས་སྐྱ་པཎ་ཆེན་གྱིས་སུམ་རྟགས་གཉིས་ཀྱི་དགོངས་དོན་གཙོ་བོ་ཕྱོགས་བསྡུས་ཀྱི་ཐོག་ལ།  སྨྲ་སྒོ་དང་བྱིས་པ་འཇུག་བདེ་སོགས་ཀྱི་དགོངས་དོན་ལྟར་རྩ་བའི་བསྟན་བཅོས་གཉིས་སུ་མ་ཚང་བ་རྣམས་ཁ་གསབ་ཀྱི་སྒོ་ནས་མཛད་པའི«ཡི་གེ་སྦྱོར་བ»ཞེས་པ་དེ་ནི་རྩ་བའི་བསྟན་བཅོས་གཉིས་ཀྱི་བརྗོད་བྱ་ཕལ་ཆེ་བ་བོད་ཀྱི་སྐད་དུ་བསྒྱུར་པའི་ལས་ཐོག་མ་ཡིན་ཚུལ«ཡི་གེ་སྦྱོར་བ»རང་སྟེང་ན་གསལ་བོར་ལྷང་ལ་བུད་ཡོད་པ་སྟེ།   རྩ་བའི་བསྟན་བཅོས་གཉིས་སུ་བསྟན་ཟིན་པའི་རྣམ་དབྱེ་དང་ཚིག་ཕྲད།  སྔོན་རྗེས་སོགས་ཀྱི་བསྟན་ཐབས་རྩ་བའི་བསྟན་བཅོས་གཉིས་ཇི་མ་ཇི་བཞིན་དུ་ཡོད་པ་དང་།   སྔོན་འཇུག་གི་རྟགས་ཀྱི་དབྱེ་བ་བསྟན་སྐབས་རྩ་རང་ན་ཡོད་པ། “ཕོ་དང་མ་ནིང་མོ་དང་ནི།། ཤིན་ཏུ་མོ་དང་བཞི་རུ་དབྱེ།།” ཞེས་འོལ་སྤྱི་ཙམ་ལས་གསལ་ཁ་ཐོན་མེད་པ་དེ། ཡི་གེ་སྦྱོར་བར།“དང་བོ་གསུམ་པ་གཉིས་པ་ནི།། ཐོག་གཉིས་གསུམ་པ་ལྔ་པ་སྟེ།། བཞི་པ་དེ་ཉིད་དེ་ལྟར་ན།།”[24]ཞེས་ཚིག་རྐང་གསུམ་ཁ་བསྣོན་བཟོས་ནས།  དང་བོ་ཕོ་ནི་གསལ་བྱེད་ཀྱི་སྡེ་བ་བཞི་པའི་གསུམ་པ་བ་ཡིག་དང་། གཉིས་པ་མ་ནིང་ནི་སྔོན་འཇུག་གི་ཡི་གེ་ཐོག་མ་གཉིས་ག་ད་གཉིས་དང་།  གསུམ་པ་མོ་ཡིག་ནི་གསལ་བྱེད་ཀྱི་སྡེ་བ་དྲུག་པའི་གསུམ་པ་འ་དང་། བཞི་པ་ཤིན་ཏུ་མོ་ནི་གསལ་བྱེད་ཀྱི་སྡེ་པ་བཞི་པའི་བཞི་པ་མ་ཡིན་པ་བཅས་ཁ་གསལ་དུ་བཏང་ཡོད་པ་དང་།  དེ་བཞིན་སྔོན་འཇུག་གང་ལ་འཇུག་པ་བསྟན་སྐབས་རྩ་བར། “ཕོ་ནི་ཕོ་དང་མོ་ལ་འཇུག། མོ་ནི་མོ་དང་མ་ནིང་ལ།།  མ་ནིང་ཡང་ནི་ཕོ་མོ་ལའོ། །ཤིན་ཏུ་མོ་ནི་མ་ནིང་དང་།། མོ་དང་ཤིན་ཏུ་མོ་ཉིད་ལའོ།།”[25]ཞེས་འོལ་སྤྱི་ཙམ་ལས་དོན་དངོས་སུ་གང་གིས་གང་ལ་འཇུག་པ་གསལ་བོ་མེད་པ་དེ་དག་ཡི་གེ་སྦྱོར་བར་“ཕོ་(བ)ནི་ཕོ་བཞི་(ཀ་ཅ་ཏ་ཙ)མོ་བདུན་(ག་ད་ཞ་ཟ་ཤ་ར་ས?)ལའོ།། དང་པོ་(ག)ཕོ་གསུམ་(ཅ་ཏ་ཙ) མོ་བརྒྱད་(ཉ་ད་ན་ཞ་ཟ་ཡ་ཤ་ས)ལའོ།། གཉིས་པ་(ད)ཕོ་གཉིས་(ཀ་པ)མོ་བཞི་(ག་ང་བ་མ)ལའོ།། མོ་(འ)ནི་མོ་ལྔ་(ག་ཇ་ད་བ་ཛ)མ་ནིང་ལྔ(ཁ་ཆ་ཐ་ཕ་ཚ)འོ།། ཤིན་ཏུ་མོ་(མ)ནི་མོ་བཞི་(ག་ཇ་ད་ཛ) དང་།། ཤིན་ཏུ་མོ་གསུམ་(ང་ཉ་ན)མ་ནིང་བཞི(ཁ་ཆ་ཐ་ཛ)འོ།།”[26] ཞེས་བཀས་བཅད་གསུམ་པའི་དགོངས་དོན་དང་མཐུན་པའི་སྒོ་ནས་འཇུག་ཚུལ་གསལ་བོ་ཞིག་གསར་རྩོམ་བྱས་ཡོད་ཅིང་།  དེ་དག་འབྲི་ལུགས་ཀྱི་ཆ་ནས་རྩ་བའི་བསྟན་བཅོས་སུ་བསྟན་ཐབས་ལྟར་ཨང་ཀིའི་ཐབས་ཀྱིས་བསྟན་ཡོད་ཀྱང་། ཞིབ་ཏུ་བརྟག་ན་ཁྱད་པར་ཆེན་པོ་ཡོད་པ་ནི་རྩ་བའི་བསྟན་བཅོས་གཉིས་ལས་ཕྱུང་བ་དག་གསལ་བྱེད་དང་འཕུལ་རྟེན་སོགས་བསྲེ་སྦྱོར་མི་བྱེད་པ་དང་།  གོ་རིམ་གསལ་བ་སོགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་མོད།  རྩ་བའི་བསྟན་བཅོས་གཉིས་སུ་མེད་པར་ས་པཎ་རང་གི་ཁ་བསྣོན་བྱས་པ་དག་སྔོན་མིང་རྗེས་གསུམ་ཉོག་བསྲེ་ཀྱིས་ཨང་ཀི་སྦྱར་བས་གོ་ཁག་པོ་ཡོད་པ་དང་། དེ་བས་ཀྱང་རྩ་བའི་བསྟན་བཅོས་གཉིས་ལ་ཕྱོགས་ཙམ་མ་བྱུང་བའི་མགོ་འདོགས་ཀྱི་སྦྱོར་ཚུལ་ཡི་གེ་སྦྱོར་བར་གསལ་བོར་བསྟན་ཡོད་པར་མ་ཟད། བསྟན་ཐབས་ཀྱང་ཤིན་ཏུ་ཐ་དད་པ་སྟེ། དཔེར་ན། ཡི་གེ་སྦྱོར་བར། “ཀ་ག་པ་བ་ཟ་ས་གཉིས།། ལ་ཡི་གེ་བཏགས་པ་དང་།། ཀ་ཁ་ང་ཇ་ཏ་ད་ན།། སྟེང་དུ་ར་ཡིས་བརྒྱན་པ་དང་།།་་་་་་ཀ་ཁ་ག་ཏ་ད་པ་ཕ།། བ་མ་ས་ཧ་བཅུ་གཅིག་ལ།། ཡ་སྟ་ར་སྟ་ཝ་སྟ་གསུམ།། གོ་རིམ་བཞིན་དུ་ཤེས་པར་བྱ།།”[27] ཞེས་ཡི་གེ་རང་རང་གི་སྟེང་ནས་གསལ་བོར་བསྟན་པ་ལས་གོང་ལྟར་ཨང་ཀིའི་ཐབས་ཀྱི་བསྟན་ཐབས་སྤྱད་མེད་པའོ།། མདོར་ན་ཡི་གེ་སྦྱོར་བ་གཅིག་པོའི་ནང་དུ་ལྟོས་པ་ཙམ་གྱིས་རྩོམ་པ་པོ་གཅིག་མིན་པར་གསལ་ཐོད་ཆོད་པའི་བསྟན་ཚུལ་མི་འདྲ་བ་གསུམ་བྱུང་ཡོད།  དེའི་རྒྱུ་མཚན་མཐར་དེད་ན་ས་པཎ་རང་གིས་བརྩམས་པ་མ་ཡིན་པར་གཞི་གཞན་ཞིག་ལ་བརྟེན་ནས་བསྒྱུར་བ་ཞིག་དང་།  བསྒྱུར་གཞི་དེ་དང་མཐུན་ཅི་ཐུབ་ཀྱིས་རང་གིས་བརྩམས་པ་ཞིག། བསྒྱུར་གཞི་དེར་གཏན་ནས་བསྟན་མེད་པ་དག་རང་ཉིད་ཀྱིས་ཁ་གསལ་བའི་སྒོ་ནས་བརྩམས་པ་བཅས་ཀྱིས་སྣང་ཚུལ་མི་འདྲ་བ་དེ་འབྱུང་རུང་བ་ཞིག་ལས།  དེ་ལྟ་མིན་ཕྱིར་རྩོམ་པ་པོ་གཅིག་གི་རྩོམ་གཅིག་ཏུ་བསྟན་ཚུལ་ཐ་དད་པ་དེ་འདྲ་བྱུང་བ་དང་། ཁྱད་པར་དུ་འཇུག་ཚུལ་གྲངས་མང་བའི་སྔོན་འཇུག་ལ་བསྟན་ཐབས་དཀའ་མོའི་ཨང་ཀི་སྤྱད་ཅིང་། འཇུག་ཚུལ་དེ་ལས་ཉུང་ཞིང་སླ་བའི་མགོ་འདོགས་ལ་ཡི་གེ་རང་ཐོག་ནས་ཐད་ཀར་བསྟན་པའི་སྣང་ཚུལ་མི་འདྲ་བ་གཉིས་འབྱུང་དགོས་པའི་རྒྱུ་མཚན་འཐད་ལྡན་སུ་ལའང་སྨྲ་ཐབས་བྲལ་བའོ།།  དེ་ལ་ས་པཎ་རང་གིས་གསར་སྣོན་དང་སྒྲིག་སྦྱོར་གང་མང་མཛད་ཡོད་ཕྱིར་ཕྱིས་ཀྱི་མཁས་པ་དབུས་པ་བློ་གསལ་གྱིས“གཞན་ཡང་སུམ་ཅུ་པ་དང་རྟགས་འཇུག་ཕན་ཚུན་འདྲེས་པ་དང་།   སྟོད་སྨད་འཆོལ་བར་བྲིས་པ་དང་།  སུམ་རྟགས་ཞེས་གཅིག་ཏུ་བྱེད་པ་རྣམས་ཁ་ཅིག་གིས་སུམ་རྟགས་གཉིས་བསྲེས་ནས།  ཡི་གེ་མིང་ཚིག་དགོས་འབྲེལ་དང་།  འཇུག་ཚུལ་བསྟེན་ཚུལ་བསྟན་བྱ་བདུན།  ཞེས་པ་ལ་སོགས་པ་བར་སྐབས་སུ་བསྟན་ཏེ་ཡི་གེ་སྦྱོར་བར་མིང་དུ་བཏགས་པའི་བསྟན་བཅོས་གུད་པ་བྱས་པ་རྣམས་གཞུང་འདིས་བསལ་བ་ཡིན་ནོ།།”[28]ཞེས་དགག་བཞག་གི་ཚུལ་ཀྱང་མཛད་ཡོད་དོ།།

གོང་སྨྲོས་ཁོང་གིས་མཛད་པའི«ཡི་གེའི་སྦྱོར་བའི»རྨང་གཞིའི་ཐོག་ཏུ་སུམ་རྟགས་ཀྱི་རྩ་བ་གཉིས་བོད་ཀྱི་ཡི་གེར་འཐུས་ཚང་བར་བསྒྱུར་ཚུལ་ནི། དེང་དུས་འཚོལ་སྡུད་མཛད་ཅིང་མི་རིགས་དཔེ་སྐྲུན་ཁང་དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་དཔར་དུ་བསྐྲུན་པའི«དཔལ་ལྡན་ས་སྐྱའི་གསུང་རབ་ཕྱོགས་བསྒྲིགས»པོད་གཉིས་པར་བཞུགས་པའི་«ལུང་སྟོན་པ་རྩ་བ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་ཞེས་བྱ་བ་བཞུགས་སོ།།»   ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་བརྩམས་ཞེས་པ། གུག་རྟགས་ནང་དུ་མཆན་འགྲེལ་དང་བཅས་པ་ཞིག་ཡོད་པ་དེ་ཡིན་པར་ངེས།   དེར་རྩ་གཞུང་དངོས་དང་བསྟུན་ཏེ་བསྡུས་འགྲེལ་ཡང་མཛད་ཡོད་པས་རྩ་བའི་བསྟན་བཅོས་གཉིས་བོད་ཡིག་ལ་ཐོག་མར་བསྒྱུར་མཁན་དང་དེ་ལ་ཁ་གསལ་བོས་འགྲེལ་མཆན་དང་པོར་འགོད་པ་པོ་ཉིད་ས་སྐྱ་པཎ་ཆེན་ཡིན་སྙམ་མོ།།   རྒྱུ་མཚན་གཅིག་ཏུ་རྩ་ཚིག་དེ་དང་བསྟན་འགྱུར་དུ་བཞུགས་པའི་རྩ་བའི་བསྟན་བཅོས་དང་། བློ་ཞྭ་པྲ་སི་སོགས་ཀྱིས་ཐུ་མིས་བརྩམས་པ་གཞིར་གཞག་གིས་འགྲེལ་བའི་རྩ་བའི་བསྟན་བཅོས་གཉིས་བཅས་ཇི་མ་ཇི་བཞིན་དུ་ཡོད་པ་དང་།  གཉིས་སུ་དེར་ས་པཎ་གྱིས་བརྩམས་ཞེས་བཀོད་ཡོད་ཀྱང《སུམ་རྟགས》གཉིས་ཀྱི་མཇུག་བྱང་དུ་སློབ་དཔོན་ཨ་ནུས་མཛད་པ་རྫོགས་སོ་ཞེས་རྩོམ་པ་པོའི་མཚན་དངོས་སུ་གསལ་བོར་དྲངས་ཡོད་ཕྱིར་ཁོང་ནི་དེའི་རྩོམ་པ་པོ་དངོས་མིན་པར་བསྒྱུར་བ་པོ་དང་འགྲེལ་བ་བསྐྱོན་མཁན་ཡིན་པ་གོ་ནུས་པ་དང་།   གསུམ་དུ་དེ་ལ་འགྱུར་བྱའི་ཁུངས་སྟོན་ཕྱིར་རྒྱ་གར་སྐད་དང་འགྱུར་བདེ་བླག་ཏུ་འགྲུབ་ཕྱིར་འགྱུར་ཕྱག་སོགས་སྔོན་གྱི་ལོ་པཎ་རྣམས་ཀྱིས་གཞུང་ལུགས་བསྒྱུར་བར་གཏན་ལ་ཕབ་པའི་རྩ་དོན་ཚང་བར་བཀོད་ཡོད་པ་དང་།     དབུས་པ་བློ་གསལ་གྱིས་ཕྱིས་ཀྱི་མཁས་པ་འགས་གསར་དུ་བཅུག་པ་ཞེས་པའི་གསར་བཅུག་གི་ཚིག་རྐང་དག་ཀྱང་ཇི་བཞིན་དུ་ཡོད་པས་བསྒྱུར་བ་པོ་གང་དེས་བཀས་བཅད་གསུམ་པའི་དགོངས་དོན་གཞིར་བཟུང་ནས། ཅུང་གོ་དཀའ་བ་དག་དོན་འགྱུར་རམ་ཁ་བསྣོན་ཁ་ཤས་མཛད་ཡོད་པའང་ཤུགས་ལ་དཔག་ནུས་སོ།།   དེ་ལྟར་གོང་འོག་ཚང་མ་གོང་བསྒྲིགས་ན།  རྩ་བའི་བསྟན་བཅོས་འདི་གཉིས་ཐོག་མ་ཉིད་ནས་བོད་ཀྱི་ཡི་གེར་བྲིས་ཡོད་པ་ཞིག་མ་ཡིན་པར་རིམ་གྱིས་བསྒྱུར་བ་ཞིག་དང་།  དེ་ཡང་ས་པཎ་གྱི་ཡར་སྔོན་དུ་ཚིག་རིས་ཇི་བཞིན་བསྒྱུར་བ་མ་བྱུང་བར་དོན་ཁ་ཤས་འགྲེལ་བའི་སྒོ་ནས་བསྒྱུར་ཞིང་།   ས་པཎ་དངོས་ཀྱིས་ཚིག་དོན་གཉིས་ཀའི་ཆ་ནས་བསྒྱུར་བཅོས་གནང་བའི«ཡི་གེ་སྦྱོར་བ»དང་།   ཚིག་རིས་ཚང་བར་བསྒྱུར་ནས་མཆན་བཏབ་ནས་བསྡུས་འགྲེལ་མཛད་པའི་བསྟན་བཅོས་དེ་གཉིས་ནི«སུམ་རྟགས»གཉིས་བོད་ཀྱི་ཡི་གེར་བཀོད་པའི་ཐོག་མ་ཡིན་སྙམ།   གལ་སྲིད་ཕྱི་མ་དེ་ཁོང་གིས་མཛད་པ་ཞིག་མིན་པའི་དབང་དུ་བཏང་རུང་ཁོང་གི་སྐབས་ཐོག་དེར་རྩ་བའི་བསྟན་བཅོས་གཉིས་ཆ་ཚང་བར་བོད་འགྱུར་བྱུང་ཡོད་པ་ནི།    ཁོང་གི་ཡར་སྔོན་ལ་བྱོན་པའི་རྔོག་ལོ་ཙཱ་བ་དང་ས་སྐྱ་བསོད་ནམས་རྩེ་མོ་སོགས་ཀྱིས་རྩ་བའི་བསྟན་བཅོས་གཉིས་ཀའི་ཕྱོགས་ཙམ་གླེང་མེད་པ་དང་།   ཁོང་གི་ཕྱིས་སུ་དུས་རབས་བཅུ་གསུམ་པར་བྱོན་པའི་དབུས་པ་བློ་གསལ་གྱིས་སུམ་རྟགས་གཉིས་ལ་འགྲེལ་བ་བསྐྱོན་ཡོད་པར་མ་ཟད།  ད་དུང་གང་དག་རྩ་བའི་མ་ཕྱི་ཡིན་པ་དང་གང་དག་གཞན་གྱིས་ཁ་བསྣོན་མཛད་པ་ཡིན་ཚུལ་གསལ་བོར་བཏོན་ཡོད་པར་བརྟགས་ན་ཁོང་གིས་མ་དཔེ་དངོས་ཤིག་མཇལ་ཡོད་པའང་ངེས་ཤེས་འདྲོང་ཐུབ།   དེར་མཐུད་དུས་རབས་བཅུ་བཞི་ནས་བཅོ་ལྔའི་བར་ལོ་ཆེན་ནམ་མཁའ་བཟང་བོ་དང་། གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ། པཎ་ཆེན་ཤཱཀྱ་མཆོག་ལྡན།  ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་བོ་སོགས་ཀྱིས་མཛད་པའི«སུམ་རྟགས»གཉིས་ཀྱི་དགོངས་འགྲེལ་དབྱར་དུས་ཀྱི་ཆུ་བོ་བརྡོལ་བ་ཇི་བཞིན་བྱུང་ཡོད་པ་དག་གིས་རྩ་བའི་བསྟན་བཅོས་གཉིས་ས་སྐྱ་པཎ་ཆེན་གྱི་སྐབས་ཐོག་ཙམ་ལ་འཐུས་ཚང་བར་བོད་འགྱུར་བྱུང་བ་ཡིན་ཞེས་ན་དོན་དངོས་དང་འཚམ་པར་འདོད་པས་དཔྱོད་ལྡན་དག་གིས་དཔྱད་པར་འཚལ་ལོ།།

དཔྱད་ཡིག་དང་ཞབས་མཆན།

[1] 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ།》 [M]དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱིས་བསྒྲིགས།  མི་རིགས་དཔེ་སྐྲུན་ཁང་།1992ལོ།  ཤོག་ངོ21

[2]  《བོད་ཀྱི་བརྡ་སྤྲོད་ཕྱོགས་སྒྲིག》[G]    པོད་ཉེར་གསུམ་པ་བརྡ་སྤྲོད་སྤྱི་དོན་སྐོར། གཙོ་སྒྲིག་པ་ཁྲོཾ་ཐར་འཇམ་བློ། སི་ཁྲོན་མི་རིགས་དཔེ་སྐུན་ཁང་།2014ལོ།  ཤོག་ངོ13

[3] 《བསྟན་དར་ལྟ་རམས་པའི་གསུང་འབུམ་བཞུགས་སོ། 》[M] བསྟན་དར་ལྟ་རམས་པས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།  2008ལོ། ཤོག་ངོ539

[4] མཆན། སི་ཏུས་སུམ་ཅུ་ཞེས་པ་གཞུང་ཚད་ཤཽ་ལོ་ཀའི་གྲངས་ཀྱིས་འགྲེལ་སྐབས་མཆོད་བརྗོད་དང་རྩོམ་པར་དམ་བཅའ་ནི་རྟགས་འཇུག་ལ་མེད་པས་གསལ་ཞེས་དང་།  དེ་དག་ལ་དགོངས་འགྲེལ་ཀྱང་མེད་པའི་ཚུལ་ལ་བལྟས་ན་ཁོང་གིས་མི་བཞེད་པ་འདྲ།  འོན་ཀྱང་། བསྟན་འགྱུར་དུ་བཞུགས་པའི་རྩ་བར་ཡོད།

[5] 《སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས།》[M]   སི་ཏུ་ཆོས་ཀྱི་འབྱུང་གནས།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1982ལོ། ཤོག་ངོ19

[6]  《ཐུ་མིའི་ཞལ་ལུང་། 》[M] ཚེ་ཏན་ཞབས་དྲུང་གིས་བརྩམས།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།1980ལོ། ཤོག་ངོ58

[7] 《ཐུ་མིའི་ཞལ་ལུང་། 》[M] ཚེ་ཏན་ཞབས་དྲུང་གིས་བརྩམས།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1980ལོ། ཤོག་ངོ41

[8] 《བོད་ཀྱི་བརྡ་སྤྲོད་ཕྱོགས་སྒྲིག》[G]    པོད་ཉེར་གསུམ་པ་བརྡ་སྤྲོད་སྤྱི་དོན་སྐོར། གཙོ་སྒྲིག་པ་ཁྲོཾ་ཐར་འཇམ་བློ། སི་ཁྲོན་མི་རིགས་དཔེ་སྐུན་ཁང་།2014ལོ།  ཤོག་ངོ79

[9] 《བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ། །》  [G] པོད་དང་པོ་སུམ་རྟགས་སྐོར།  ཁྲོཾ་འཇམ་བློས་གཙོ་སྒྲིག་བྱས།  སི་ཁྲོན་མི་རིག་དཔེ་སྐུན་ཁང་། 2014ལོ།  ཤོག་ངོ15དང་34

[10] 《སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས།》[M]   སུ་ཏི་ཆོས་ཀྱི་འབྱུང་གནས།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1982ལོ། ཤོག་ངོ37

[11] མཆན། བརྡ་སྤྲོད་ཀྱི་གཞུང་དང་ལོ་རྒྱུས་ཡིག་ཚང་ཕལ་མོ་ཆེར་ཅ་ཆ་ཇ་གསུམ་གསར་དུ་བཟོས་པར་གསུངས་ཀྱང་།  མཁས་དབང་དགེ་ཆོས་ཀྱིས་གསར་དུ་བཟོས་པའི་ཡི་གེ་ཙ་ཚ་ཛ་གསུམ་ཡིན་པར་སྒྲུབ་པ་ལ་རྒྱུ་མཚན་ཆེ་བས་དེ་ལྟར་བཀོད་པ་ཡིན།

[12] 《བོད་ཀྱི་བརྡ་སྤྲོད་ཕྱོགས་སྒྲིག།》 [G]  པོད་དང་པོ་སུམ་རྟགས་སྐོར།  གཙོ་སྒྲིག་པ་ཁྲོཾ་འཇམ་བློ།  སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། 2014ལོ། ཤོག་ངོ111

[13] 《སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། 》  སུ་ཏི་ཆོས་ཀྱི་འབྱུང་གནས།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2012ལོ། ཤོག་ངོ101-104

[14] 《བོད་ཀྱི་བརྡ་སྤྲོད་ཕྱོགས་སྒྲིག། 》 [G] པོད་དང་པོ་སུམ་རྟགས་སྐོར།  གཙོ་སྒྲིག་པ་ཁྲོམ་འཇམ་བློ།  སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། 2014ལོ། ཤོག་ངོ12

[15] གསལ་བཤད།  ཁོང་གིས་བརྩམས་པའི་དཔྱད་རྩོམ་《ཏུན་ཧོང་ཡིགས་ཚགས་ནས་གསར་དུ་རྙེད་པའི་བརྡ་སྤྲོད་བསྟན་བཅོས་ལ་ཐོག་མར་དཔྱད་པ》ཞེས་པས་གསལ།

[16]《སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས།》    སུ་ཏི་ཆོས་ཀྱི་འབྱུང་གནས།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2012ལོར་པར།  ཤོག་ངོ84

[17]《བསྟན་འགྱུར།》    སྡེ་དགེ་པར་མ་སྒྲ་མདོ།(རེ)  སྣ་རིང་ཤོག་ངོ་46ཉིན།

[18] 《བོད་ཀྱི་བརྡ་སྤྲོད་ཕྱོགས་སྒྲིག། 》[G] པོད་ཉེར་གསུམ་བརྡ་སྤྲོད་སྤྱི་དོན་སྐོར།  གཙོ་སྒྲིག་པ་ཁྲོཾ་འཇམ་བློ།  སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། 2014ལོར་པར། ཤོག་ངོ87

[19] 《བོད་ཀྱི་བརྡ་སྤྲོད་ཕྱོགས་སྒྲིག།》  [G] པོད་ཉེར་གསུམ་བརྡ་སྤྲོད་སྤྱི་དོན།  གཙོ་སྒྲིག་པ་ཁྲོམ་འཇམ་བློ། སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།2014ལོར་པར། ཤོག་ངོ109

[20] 《དཔལ་ལྡན་ས་སྐྱ་པའི་གསུང་འབུམ།》[G]   པོད་གཉིས་པ། ས་པཎ་ཀུན་དགའ་རྒྱལ་མཚན་སོགས་ཀྱིས། སུམ་རྟགས་དང་དག་ཡིག  མི་རིགས་དཔེ་སྐྲུན་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2004ལོ།  ཤོག་ངོ262

[21] 《བོད་ཀྱི་བརྡ་སྤྲོད་ཕྱོགས་སྒྲིག》  [G] པོད་ཉེ་གསུམ་བརྡ་སྤྲོད་སྤྱི་དོན། གཙོ་སྒྲིག་པ་ཁྲོཾ་འཇམ་བློ།  སི་ཁྲོན་མི་རིགས་དཔེ་སྐུན་ཁང་། 2014ལོ།  ཤོག་ངོ90

[22] 《བོད་ཀྱི་བརྡ་སྤྲོད་ཕྱོགས་སྒྲིག 》 [G] པོད་ཉེ་གསུམ་བརྡ་སྤྲོད་སྤྱི་དོན།  གཙོ་སྒྲིག་པ་ཁྲོཾ་འཇམ་བློ། སི་ཁྲོན་མི་རིགས་དཔེ་སྐུན་ཁང་། 2014ལོ།  ཤོག་ངོ164

[23] 《བོད་ཀྱི་བརྡ་སྤྲོད་ཕྱོགས་སྒྲིག》[G]   པོད་དང་པོ་སུམ་རྟགས་སྐོར། གཙོ་སྒྲིག་པ་ཁྲོཾ་འཇམ་བློ།  སི་ཁྲོན་མི་རིགས་དཔེ་སྐུན་ཁང་། 2014ལོ།  ཤོག་ངོ146

[24] 《ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ།》(གླེགས་བམ་དང་བོ)  ས་པཎ་ཀུན་དགའ་རྒྱལ་མཚན།  བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1992ལོའི་པར་གཞི་དང་བོ། ཤོག་ངོ556

[25] 《སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། 》  སུ་ཏི་ཆོས་ཀྱི་འབྱུང་གནས།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2012ལོ། ཤོག་ངོ2

[26]  《ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ།》(གླེགས་བམ་དང་བོ)  ས་པཎ་ཀུན་དགའ་རྒྱལ་མཚན།  བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1992ལོའི་པར་གཞི་དང་བོ། ཤོག་ངོ556

[27]  《ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ།》(གླེགས་བམ་དང་བོ)  ས་པཎ་ཀུན་དགའ་རྒྱལ་མཚན།  བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1992ལོའི་པར་གཞི་དང་བོ། ཤོག་ངོ559

[28] 《བོད་ཀྱི་བརྡ་སྤྲོད་ཕྱོགས་སྒྲིག》[G]   པོད་དང་པོ་སུམ་རྟགས་སྐོར། གཙོ་སྒྲིག་པ་ཁྲོཾ་འཇམ་བློ།  སི་ཁྲོན་མི་རིགས་དཔེ་སྐུན་ཁང་། 2014ལོ།  ཤོག་ངོ33

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།