ལོ་ཆེན་བཻ་རོ་ཙ་ན་སྤྱུགས་ཡུལ་ལྷོ་ཚ་བ་རོང་ཡིན་པའི་སྐོར་གླེང་བ།

ནང་དོན་གནད་བསྡུས།

རྩོམ་འདིར་ཡུལ་དངོས་རྟོག་ཞིབ་རིག་པ་དང་ལོ་རྒྱུས་ཡིག་ཚང་རིག་པ་གཉིས་སྤྱད་དེ་ལོ་ཆེན་བཻ་རོ་ཙ་ན་རྒྱང་ཕུད་བཏང་ཡུལ་ཤར་རྒྱལ་རོང་མ་ཡིན་པར་ལྷོ་ཚ་བ་རོང་ཡིན་པ་གླེང་ཡོད།  དེ་ཡང་ས་བཅད་དང་པོར་ཡིག་ཆ་དག་གི་ཁྲོད་དུ་རྒྱལ་མོ་ཚ་བ་རོང་ཞེས་པའི་ཐ་སྙད་བདོག་ཚད་ཤར་རྒྱལ་རོང་ཁོ་ནར་གོ་ན་མི་འགྲིག་པ་གླེང་ཡོད།  ས་བཅད་གཉིས་པར་ལོ་ཆེན་གྱི་སློབ་མ་གཙོ་བོ་དག་གི་བཞུགས་ཡུལ་སྐོར་གླེང་ཡོད།  ས་བཅད་གསུམ་པར་ལོ་ཆེན་སྤྱུགས་ཡུལ་རྒྱལ་རོང་ཡིན་པ་འདོད་མཁན་ཐོག་མ་གང་ཡིན་སྐོར་གླེང་ཡོད།  ས་བཅད་བཞི་པར་གྲུབ་མཐའ་ཁག་གི་ལོ་རྒྱུས་ཡིག་ཆ་ནང་ལོ་ཆེན་སྤྱུགས་ཡུལ་ཚ་རོང་ཡིན་པར་འཁོད་པ་གླེང་ཡོད།  ས་བཅད་ལྔ་པར་ལྷོ་ཚ་བ་རོང་དུ་མདོ་བཞེར་རྒྱལ་པོའི་མཁར་ཤུལ་དང་རུས་རྒྱུད།  ལོ་ཆེན་གྱི་སྒྲུབ་ཁང་སོགས་འབྲེལ་ཡོད་གནས་ཚུལ་གང་འདྲ་ཡོད་པ་གསལ་པོར་བསྟན་ཡོད།   

བརྡ་ཆད་གཙོ་བོ།  ལོ་ཆེན་བཻ་རོ་ཙ་ན།  ལྷོ་ཚ་བ་རོང་ཆེན།  མདོ་བཞེར་རྒྱལ་པོ།  མཁར་ཤུལ།   

སྔོན་གླེང་།

སྤྱི་ལོ་༢༠༢༠ལོར་རང་དགོན་གྱིས་བགྲོ་གླེང་ཆེན་མོ་ཞིག་འཚོག་དགོས་པའི་བརྡ་ཁྱབ་སྤེལ་བ་དང་།  ཕྲན་རང་བགྲོ་གླེང་དེར་ཞུགས་དགོས་པའི་རྐྱེན་གྱིས་ཡུན་རིང་དཔེ་ཀློག་བྱས་ཏེ་ཞིབ་འཇུག་ཁ་བྱང་ཞིག་བཙལ་བ་ཡིན།  དེ་སྐབས་སུ་སྟེས་དབང་ཞིག་གམ་ཡང་ན་ལས་སྨོན་ཞིག་གིས་གུས་པ་ལོ་ཆེན་སྐོར་ལ་དོ་སྣང་བྱུང་སོང་།  ལོ་ཆེན་མཆོག་ནི་ཏུན་ཧོང་གཏེར་ཡིག[P.T.44]ནང་དུ་གསལ་ཡོད་ཅིང་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེའུ་བཙན(C.E 742-797)སྐབས་ཀྱི་མི་སྣ་ཞིག་ཡིན་པ་རྩོད་མེད་ཡིན་ལ།  བན་བོན་གྲུབ་མཐའ་གཉིས་ཀྱི་ལོ་རྒྱུས་ཁྲོད་དུ་གོ་གནས་གལ་ཆེན་བཟུང་ཡོད་པའི་མི་སྣ་ཞིག་ཀྱང་ཡིན་པ་རེད།  དེར་བརྟེན་ཁོང་དང་འབྲེལ་ཡོད་ཀྱི་དཔེ་ཆ་མང་པོ་ཞིག་འཚོལ་སྡུད་དང་ལྟ་ཀློག་དགོས་པ་སྨོས་མེད་རེད། དཔེ་ཀློག་གི་བརྒྱུད་རིམ་ཁྲོད་ནས་ཁོང་རྒྱང་ཕུད་བཏང་ཡུལ་རྒྱལ་རོང་ཡིན་མིན་ལ་དོགས་པ་སྐྱེས་སོང་།  དེ་མ་ཐག་ཏུ་གུས་པས་ཞིབ་འཇུག་གི་ཁྱབ་ཁོངས་ཆུང་དུ་བཏང་སྟེ་མུ་མཐུད་དཔེ་ཀློག་ལ་ཞུགས་པ་ཡིན།  དེའི་བར་སྐབས་དེར་རང་དགོན་ནས་བགྲོ་གླེང་ཆེན་མོའི་སྟ་གོན་ཚུལ་དུ་ཚོད་ལྟའི་བགྲོ་གླེང་ཞིག་བྱས་པར་དེའི་ཐོག་གུས་པས་ལོ་ཆེན་རྒྱང་ཕུད་བཏང་ཡུལ་རྒྱལ་རོང་ཡིན་མིན་ཐད་ནས་གཏམ་བཤད་སྤེལ་བ་ཡིན།  སྟབས་ལེགས་པ་ཞིག་ནི་ཚ་རོང་གི་མཆེད་གྲོགས་མང་པོས་ཁོ་ཚོའི་ཕ་ཡུལ་ལ་ལོ་ཆེན་དང་ཁོང་གི་སྦྱིན་བདག་མདོ་བཞེར་རྒྱལ་པོ་གཉིས་དང་འབྲེལ་བའི་ངག་རྒྱུན་དང་ས་ཚིགས།  མཁར་ཤུལ།  རུས་རྒྱུད།  མཚམས་ཁང་སོགས་ཡོད་ཚུལ་གསུངས་སོང་།  ང་རང་སྤྲོ་བས་བརྟས་ཏེ་སྡོད་མི་ཚུགས་པ་ལྟ་བུ་ཞིག་ཏུ་གྱུར་པ་དང་ལམ་སང་རང་གི་གཅེན་པོར་ཁ་པར་བཏང་སྟེ་ཚ་རོང་དུ་ཆས་རྒྱུ་བྱས་པ་ཡིན།  ང་རང་དངོས་སུ་ཚ་རོང་དུ་འབྱོར་ཅིང་ཡུལ་དངོས་རྟོག་ཞིབ་དང་།  ངག་རྒྱུན་བཅར་འདྲི།  ཡིག་ཆ་བསྡུ་རུབ་སོགས་བྱས།  ཡུལ་དངོས་ཀྱི་གནས་ཚུལ་དེ་དག་རྒྱུས་ལོན་བྱུང་བས་ཐེངས་འདིའི་ཞིབ་འཇུག་ལ་དོན་སྙིང་ཆེན་པོ་ལྡན་འདུག་སྙམ་པ་བྱུང་།  གང་ཡིན་ཟེར་ན།  བདེན་པ་གསལ་འདོན་དང་ཁྱབ་བསྒྲགས་བྱ་རྒྱུ་ནི་ཞིབ་འཇུག་པའི་གཡོལ་མེད་ཀྱི་འགན་འཁྲི་ཡིན་པས་ཕྱིར།  དེ་ནས་ཕྱིར་དགོན་དུ་འབྱོར་རྗེས་དཔྱད་རྩོམ་མཇུག་རྫོགས་པར་བྱས་ཤིང་དངོས་གཞིའི་བགྲོ་གླེང་ཐོག་ཏུ་སྒྲོག་སྦྱང་ཞུས་པ་ཡིན།

དེ་ནས་མུ་མཐུད་དེ་འབྲེལ་ཡོད་ཡིག་ཆ་འཚོལ་སྡུད་དང་གསོག་འཇོག་བྱས་པ་ཡིན་ལ།  ཞོར་དུ་དཔྱད་རྩོམ་འབྲི་སྟངས་སྐོར་ལ་སློབ་སྦྱོང་བྱས་པ་ཡིན།  ལྷག་ཏུ་དེང་རབས་ཞིབ་འཇུག་ཐབས་ལམ་ལ་སྤྲོ་བ་འཕེལ་ཅིང་དེ་དག་དང་འབྲེལ་བའི་འཆད་ཁྲིད་དང་རྩོམ་ཡིག་སོགས་ལ་ཐོས་བསམ་བྱས་པ་ཡིན།  དེའི་བརྒྱུད་རིམ་ནང་ནས་རང་གི་མི་འདང་བའི་ཆ་མང་པོ་ཞིག་མཐོང་ཞིང་དེ་དག་བཟོ་བཅོས་རྒྱག་རྒྱུར་འབད་བརྩོན་གང་ཐུབ་བྱས་པ་ཡིན།  སྤྱི་ལོ་༢༠༢༡ལོའི་དགུན་གཞུང་དུ་གུས་པ་སླར་ཡང་ཚ་རོང་དུ་སོང་སྟེ་ཟླ་བ་གཅིག་ཡས་མས་ཀྱི་དུས་ཡུན་སྤྱད་དེ་ས་གནས་མང་པོར་སོང་བ་དང་བཅར་འདྲི་སོགས་བྱས་ནས་དོགས་ཡོད་གནད་དོན་ཁག་ལ་ཉམས་ཞིབ་བྱས་པ་ཡིན།  དེ་ལྟར་ད་བར(༢༠༢༢-༩-༡༥)ལོ་ཆེན་དང་འབྲེལ་བའི་ཆོས་འབྱུང་དང་བརྩམས་ཆོས་མང་པོ་ཞིག་བཀླགས་པ་ཡིན།  རང་གི་སྔར་གྱི་ལྟ་ཚུལ་ལ་འགྱུར་བ་རབ་དང་རིམ་པ་ཞིག་ཐེབས་ཏེ་ཚན་པ་མང་པོ་ཞིག་བསྐྱར་འབྲི་བྱས་པ་ཡིན།  སྐབས་རེར་ང་རང་བསམ་གཞིག་གི་རྒྱ་རུ་ཚུད་དེ་གཉིད་ཆག་པ་དང་།  སྐབས་རེ་དཔེ་ཀློག་དང་རྩོམ་འབྲི་ལ་བྲེལ་ཏེ་ཁ་ཟས་བརྗེད་པའི་དུས་སྐབས་ཀྱང་མང་དུ་བྱུང་།  རྩོམ་ཚན་ཡག་པོ་རེ་ལེགས་གྲུབ་བྱུང་སྐབས་སྤྲོ་བ་བརྗོད་མི་ཤེས་པ་སྐྱེ་བ་དང་།  ཐ་སྙད་བཀོལ་སྟངས་དང་ཚིག་གི་སྦྱོར་བ་གོང་འོག་མི་འགྲིག་པ།  མཚོན་དོན་བསམ་བློ་གཏན་འབེབས་མི་ཐུབ་པའི་བར་སྐབས་རྣམས་སུ་རང་ཉིད་རང་ལ་ཡིད་ཆད་པ།  ཞེ་མེར་བ། སྒྱིད་ལུག་པའི་གནས་སྐབས་ཀྱང་ཡོང་གི་འདུག   འདི་དག་ནི་ཁོ་བོ་གཅིག་པུ་ཙམ་མ་ཡིན་པར་ཤེས་བྱ་རིག་གནས་གང་ཞིག་ལ་འཇུག་མཁན་ཐུན་མོང་ལ་མངའ་བའི་སྣང་ཚུལ་ཞིག་ཡིན་པ་གོར་མ་ཆག  ད་ཐེངས་བོད་ཡུལ་གང་སར་ཏོག་དབྱིབས་ནད་དུག་གིས་ཁྱབ་ཅིང་གང་སར་འགྲོ་སྐྱོད་བྱེད་མི་ཆོག་པའི་སྐབས་འདིར་ང་རང་གིས་རྩོམ་ཡིག་འདི་འགོ་ནས་མཇུག་བར་བསྐྱར་འབྲི་ཐེངས་གཅིག་བྱས་པ་ཡིན་ལ།  ལེའུ་ཚན་ཁ་ཤས་དོར་བ་དང་ཡིག་ཚོགས་ཉུང་དུ་གཏོང་ཅི་ཐུབ་བྱས་ཡོད།

དང་པོ།  རྒྱལ་མོ་ཚ་བ་རོང་ཞེས་པ་དེ་ཤར་རྒྱལ་རོང་ཁོ་ནར་གོ་ན་མི་འགྲིག་པ།

མདོ་བཞེར་མཁར་ཤུལ་གྱི་ཤར་ངོས།

ཕྱི་རབས་བོད་ཀྱི་མཁས་པ་དག་གིས་ལོ་རྒྱུས་ཡིག་ཆ་ཁག་ནས་བྱུང་བའི་རྒྱལ་མོ་ཚ་བ་རོང་ཞེས་པ་དེ་རྒྱལ་རོང་ལ་གོ་ཤར་ཤར་བྱས་ནས་རྩོམ་ཡིག་མང་དུ་བྲིས་ཡོད་པ་རེད།  འོན་ཏེ་བསམ་གཞིག་བྱ་དགོས་ས་ཞིག་ནི་གནའ་སྔ་མོའི་དུས་ནས་བོད་ཡུལ་གྱི་རོང་ཆེན་ཁག་ལ་རྒྱལ་མོ་ཞེས་པའི་ཐ་སྙད་སྦྱོར་སྲོལ་ཡོད་དེ། 《དབུ་ནག་མིའུ་འདྲ་ཆགས》ལས“འབྲི་ཆུ་རྒྱལ་མོའི་ཆུ་རོང་ན།”ཞེས་དང་།  “ཟླ་ཆུ་རྒྱལ་མོའི་ཁུག་སོ་ན།”“ཏི་ཆུ་རྒྱལ་མོའི་ཁྲིམས་ར་ན།”(༡)ཞེས་ཆུ་ཆེན་ཁག་བཞུར་སའི་རོང་ལ་རྒྱལ་མོ་ཞེས་པའི་མིང་བཏགས་ཡོད།  ལྷག་ཏུ་ལྷོ་ཡི་ཚ་བ་རོང་ལ་རྒྱལ་མོ་ཚ་བ་རོང་ཞེས་སྙད་བཞིན་ཡོད་དེ།  བོན་གྱི་གཏེར་སྟོན་སངས་རྒྱས་གླིང་པས(1705-1735)བརྩམས་པའི་རང་རྣམ《རྡོ་རྗེ་རིན་ཕྲེང》ལས“ལྷོ་ཕྱོགས་རྒྱལ་མོ་ཚ་བ་རོང་ཆེན་ཞེས།།   གསང་བ་གངས་དཀར་པདྨ་འབུམ་ཤོད་ལ།།   ཟབ་མོ་གསང་བའི་གཏེར་ཁ་དགུ་རུ་ཡོད།།”(༢)ཞེས་དང་།  གཞན་ཡང་ཁོང་གི་གཏེར་མ་མང་པོར་དེ་ལྟར་འཁོད་འདུག  དེའི་རྗེས་སུ་མཁའ་འགྲོ་བདེ་ཆེན་དབང་མོའི(1868-?)གཏེར་མ《མཁའ་འགྲོ་རྒྱ་མཚོའི་རྣམ་ཐར》ལས“ལོ་ཆེན་རྒྱ་བོད་ཞང་གསུམ་ཀུན་གྲགས་བ༔  བཀའ་གསང་རབ་འབྱམས་འབྱེད་པའི་ལྡེ་མིག་དེ༔   རྒྱལ་མོ་ལྷོ་ཡི་ཚ་བ་རོང་དུ་སྤྱུགས༔”(༣)ཞེས་དང་།  ཁྱུང་ཡུལ་དུ་འཁྲུངས་པའི་བོན་གྱི་བླ་མ་དབལ་འབར་སྟག་སླག་ཅན(1833-1908)གྱི་གཏེར་མ《ཞི་ཁྲོ་རྩ་གསུམ་ཀུན་འདུས》ལས“ཁྱད་པར་དུ་ཞི་ཁྲོ་རྩ་གསུམ་འདུས་པའི་སྒྲུབ་སྐོར་འདི་ཉིད་དང་།  དྲན་པའི་ཐུགས་ཀྱི་ཡང་བཅུད་བོན་སྡེ་གསུམ།  ཟབ་ཤོག་གསེར་གྱི་མདངས་ཅན་ལ།  མཁའ་འགྲོའི་བརྡ་ཡིག་གཡུང་དྲུང་རིས་ཅན་དུ་བྲིས་ནས།   འབྱུང་བ་རྣམ་བཞི་གང་གིས་མི་འཇིག་པ།   རྫུ་འཕྲུལ་འོད་ལྔ་དྲྭ་བའི་སྒྲོམ་བུར་བཅུག་སྟེ།  ལྷོ་ཕྱོགས་རྒྱལ་མོ་ངོ་མཚར་ཚ་བ་རོང་།  ཞིང་ཁམས་མཁའ་འགྲོའི་སྐུ་བརྙན་ལྟ་ཟུར་གཡས་ཕྱོགས།  གནས་མཆོག་བཀྲ་ཤིས་སྤུངས་པའི་རི་བོ་བྲག་རི་མཚོན་ཆ་བཤིབས་འདྲའི་གཡས་རྒྱབ།  འབྱུང་བ་བྲག་གི་ཐིམ་བར་གཏེར་དུ་སྦས”(༤)ཞེས་གསལ་ཡོད་པ་བཅས་ལོ་རྒྱུས་ཡིག་ཆ་ཁག་ལ་ཞིབ་ཏུ་མཇལ་ན་ལྷོ་ཡི་ཚ་བ་རོང་ལའང་རྒྱལ་མོ་ཚ་བ་རོང་ཞེས་རྗོད་ཀྱིན་ཡོད་པ་ཧ་ཅང་གསལ་པོར་ཤེས་ཐུབ། འོ་ན། ལྷོ་ཚ་བ་རོང་ལ་རྒྱལ་མོ་ཚ་བ་རོང་ཞེས་འབོད་པའི་རྒྱུ་མཚན་གང་ཡིན་ཟེར་ན།  དེ་ནི་ལྷོ་ཚ་བ་རོང་ནས་འབབ་པའི་ཆུ་བོ་རྒྱལ་མོ་དངུལ་ཆུ་དང་འབྲེལ་བ་ཡོད་པར་འདོད་བཞིན་ཡོད།  ཆུ་བོ་འདིར་རྒྱལ་མོ་དངུལ་ཆུ་ཞེས་འབོད་པའི་རྒྱུ་མཚན་གུས་པས་བརྩམས་པའི《རྒྱལ་མོ་དངུལ་ཆུ་ཞེས་པའི་མིང་གི་གོ་དོན་གླེང་བ》ཞེས་པའི་རྩོམ་ལོགས་སུ་(༥)བཀོད་ཡོད་པས་དེར་གཟིགས་རོགས།

གཉིས་པ།  ལོ་ཆེན་གྱི་སློབ་མ་གཙོ་བོ་དག་གི་བཞུགས་ཡུལ་སྐོར།

 བོད་ཀྱི་ལོ་རྒྱུས་ཡིག་ཆ་དང་ཆོས་འབྱུང་ཁག་ནས་ལོ་ཆེན་མཆོག་རྒྱང་ཕུད་བཏང་རྗེས་ཁོང་གིས་གཙོ་བོ་རོང་མི་འདྲ་བ་གསུམ་མམ་དགོན་པ་མི་འདྲ་བ་གསུམ་དུ་སློབ་མ་བསྐྱངས་པ་བཤད་ཡོད།  གཤམ་དུ་ང་ཚོས་དེ་དག་ལ་དཔྱད་ཞིབ་ཕྲན་ཙམ་བྱས་ན།  སྤྱིར《སྦ་བཞེད》སྣ་ཚོགས་ནང་དུ་ལོ་ཆེན་རྒྱང་ཕུད་བཏང་བ་ཙམ་ལས་དེ་ལས་གཞན་པའི་འབྲེལ་ཡོད་གནས་ཚུལ་གང་ཡང་འཁོད་མེད།  ཕྱིས་སུ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི(1813-1899)《རང་རྣམ》སོགས་སུ་ལོ་ཆེན་མཆོག་རྒྱལ་མོ་ཚ་བ་རོང་དུ་ཕེབས་དགོས་བྱུང་བ་དང་།  དེར་བྲག་ལ་མགོན་པོའི་དགོན་པར་གཡུ་སྒྲ་སྙིང་པོ་སྨིན་གྲོལ་མཛད།  ཚ་རོང་སྟག་རྩེ་མཁར་དུ་གསང་སྟོན་ཡེ་ཤེས་བླ་མ་ལ་རྫོགས་ཆེན་གསུངས།  སྟོན་ཁུངས་རོང་གི་བྲག་དམར་དགོན་རྫོང་དུ་སྤང་རྒན་སངས་རྒྱས་མགོན་པོ་ལ་རྣ་བརྒྱུད་རྡོ་རྗེ་ཟམ་པ་གནང་བ་(༦)བཤད་ཡོད། ཁོ་བོས་ད་ཕན་དངོས་མཐོང་འབྲེལ་ཡོད་ཡིག་ཆ་ལྟར་ན།  བཞེད་པ་འདི་དག་གི་ཁུངས་འགོས་ལོ་གཞོན་ནུ་དཔལ(1392-1481)གྱི《དེབ་ཐེར་སྔོན་པོ》ལ་ཐུག་འདུག  དེབ་སྔོན་ལས“ཁམས་སུ་སྔ་ཕྱི་རིམ་པ་གསུམ་དུ་བཤད་པར་གྲགས”(༧)ཞེས་གོང་གི་ས་གནས་གསུམ་ཀ་ཁམས་ཁུལ་གྱི་ས་ཆ་ཡིན་པ་བསྟན་ཡོད།  འོན་ཀྱང་།  མཁས་པ་ལྡེའུས་མཛད་པའི《རྒྱ་བོད་ཆོས་འབྱུང་རྒྱས་པ》ལས“བཻ་རོ་ཙ་ན་ལ་རོང་ཁ་གསུམ་ན།  སློབ་མ་གསུམ་ཡོད།  བལ་པོ་ཚ་བ་རོང་ན།  སྤང་མི་ཕམ་མགོན་པོ།  མོན་མོ་ཚ་བ་རོང་ན།  སྣུབས་ནམ་མཁའི་སྙིང་པོ།  རྒྱལ་མོ་ཚ་བ་རོང་ན་རྒྱལ་བུ་གཡུ་སྒྲ་སྙིང་པོ་དང་གསུམ་ལ”(༨)ཞེས་གོང་གི་ས་གནས་དེ་དག་ཁམས་ཁུལ་གྱི་ས་ཆ་རྐྱང་རྐྱང་མ་ཡིན་པར་གཅིག་བལ་པོ་དང་གཅིག་མོན་དུ་ཡོད་པ་གླེང་ཡོད།  གུ་རུ་བཀྲ་ཤིས་ཀྱིས་སྤྱི་ལོ་༡༨༠༧-༡༨༧༣གྱི་བར་དུ་བརྩམས་པའི《གུ་བཀྲའི་ཆོས་འབྱུང》ལས་སྟོང་ཁུངས་རོང་ནི་འཇང་ཡུལ་ཡིན་པ་(༩)བཤད་འདུག  གུས་པས་བཙན་ལྷ་ངག་དབང་ཚུལ་ཁྲིམས་སོགས་ཀྱིས་ཕྱོགས་སྒྲིག་བྱས་པའི་ཤར་རྒྱལ་རོང་གི་ལོ་རྒྱུས་ཡིག་ཆ་ཁག་མཇལ་རུང་།  རྒྱལ་མོ་ཚ་བ་རོང་དང་རྒྱལ་རོང་ཁྱད་མ་ཕྱེད་པར་ནོངས་ཏེ་དེབ་ཐེར་ཁག་ཏུ་ལོ་ཆེན་རྒྱལ་མོ་ཚ་བ་རོང་དུ་སྤྱུགས་ཞེས་འཁོད་ཚད《ཤར་རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས་དང་རིག་གནས་དཔེ་ཚོགས》ནང་དྲངས་ཡོད་པ་ལས།  དམིགས་བསལ་གོང་གི་དགོན་པ་གསུམ་དེ་རྒྱལ་རོང་དུ་ཡོད་པའི་སྐོར་གསལ་པོ་ཞིག་བཀོད་པ་མ་མཐོང་།  དེས་ན་འདིར་བསམ་གཞིག་དགོས་ངེས་ཀྱི་གནད་དོན་ཞིག་ནི་ལོ་ཆེན་ཁོང་གིས་ས་གནས་མི་འདྲ་བ་གསུམ་ལ་སློབ་མ་བསྐྱངས་ཞེས་པ་ཡང་སྙིང་དོན་དངོས་ཀྱི་གནས་ཚུལ་ཞིག་ཡིན་ནམ། ཡང་ན་མཁས་པ་ལྡེའུ་སོགས་ཀྱིས་ལོ་ཆེན་གྱི་ཆེ་བ་མཚོན་ཆེད་ཁོང་གི་རྣམ་ཐར་དང་ངག་རྒྱུན་ཁ་ཤས་ལ་གཞི་བྱས་ཏེ་རྒྱས་སྤྲོས་དང་མཆན་བཏགས་སྣ་ཚོགས་བྱས་ནས་གྲུབ་པ་ཞིག་ཡིན་མིན་ཐད་དོགས་གཞི་ཡོད་པ་དེ་རེད།  གཞན་ཡང་སྐབས་དེར་ཚ་རོང་སོགས་སུ་རྒྱལ་བློན་གྱི་མཁར་རྫོང་དང་།  བོན་གྱི་སྒྲུབ་གནས་ལྟ་བུ་ལས་ཆོས་ལུགས་ཀྱི་དགོན་པ་ཡོད་མེད་སོགས་བརྟག་དགོས་སྙམ་མོ།།

ཁོང་ལ་སྐབས་དེར་སློབ་མ་གྲགས་ཅན་ཁ་ཤས་བྱུང་ཡོད་པ་ནི་དོན་དངོས་དང་མཐུན་པ་ཞིག་རེད།  དཔེར་ན།  གཡུ་སྒྲ་སྙིང་པོ་དང་སྤངས་སངས་རྒྱས་མགོན་པོ། གསང་སྟོན་ཡེ་ཤེས་བླ་མ་ལྟ་བུ་རེད།  སློབ་མ་འདི་དག་གི་བཞུགས་གནས་དང་ཡབ་གཞིས་གང་ཞིག་ཡིན་མིན་ཐད་ནས་དཔྱད་གཞི་ཁ་ཤས་ངོ་སྤྲོད་ཞུས་ན། གུས་པས་ཡུན་རིང་ཚ་རོང་གི་ལོ་རྒྱུས་ལ་ཞིབ་འཇུག་དང་ཡུལ་དངོས་རྟོག་ཞིབ་བྱས་པ་ལྟར་ན།  གཡུ་སྒྲ་སྙིང་པོ་ནི་ཚ་བ་མདོ་བཞེར་རྒྱལ་པོའི་སྲས་ཡིན་ལ།  མདོ་བཞེར་རྒྱལ་པོའི་གནས་ཡུལ་ནི་ལྷོ་ཚ་བ་རོང་སྦས་ཡུལ་པད་མ་འབུམ་གླིང་ངམ།  དེང་གི་སྲིད་འཛིན་ས་ཁུལ་གྱི་དབང་དུ་བྱས་ན་བོད་ལྗོངས་ཆབ་མདོ་ས་ཁུལ་ཚ་རོང་མཛོ་སྒང་རྫོང་ཁོངས་གླིང་ཁ་སྨད་མ་ཤང་(下林卡乡)གི་དབྱིབས་པ་གྲོང་ཚོ་ཡིན།  གྲོང་ཚོའི་དཀྱིལ་སྟོད་ཀྱི་རི་འབུར་ཐོག་ཏུ་མདོ་བཞེར་རྒྱལ་པོའི་མཁར་ཤུལ་ཡོད་པ་དང་། གྲོང་དབུས་སུ་ད་ལྟ་དྲག་པོ་རྫོང་ཞེས་ཙི་ཏ་(ཞང་སྐད་དེ་སྙིང་ལ་ཟེར)འདྲ་བའི་བྲག་རི་ངོ་མཚར་ཅན་ཞིག་གི་ཐོག་ཏུ་དགོན་པ་ཞིག་ཆགས་ཡོད།  ཕལ་ཆེར་གནས་འདི་ནི་སྔོན་མ་གཡུ་སྒྲ་སྙིང་པོས་གདམས་པ་ཞུས་ས་དེ་ཡིན་ནམ་སྙམ་ཡོད།  ཚ་རོང་གི་རྒན་རབས་རྣམས་ཀྱི་ངག་རྒྱུན་ལྟར་ན།  ཚ་རོང་མཛོ་སྒང་ཕྱོགས་འདི་སྔོན་མ་གླིང་གི་སྐབས་སུ་སྟག་རོང་ཁྲོ་ཐུང་གི་མངའ་འབངས་ཡིན་པ་བཤད་སྲོལ་འདུག  དེས་ན་ཚ་རོང་སྟག་རྩེ་མཁར་དེ་ཡང་སྔོན་མ་འདིར་ཕྱོགས་སུ་ཡོད་པ་མིན་ནམ་སྙམ།  སྟོང་ཁུངས་རོང་ས་གནས་གང་ཞིག་ཡིན་མིན་ཐད་མཁས་པ་དག་གི་བཞེད་སྲོལ་མི་འདྲ་བ་ཁ་ཤས་ཡོད་ཀྱང་འགོས་ལོ་གཞོན་ནུ་དཔལ་སོགས་ལོ་རྒྱུས་སྨྲ་བ་ཕལ་ཆེར་གྱིས་གོང་གི་ས་གནས་གསུམ་ཀ་བོད་ཡུལ་ཁམས་ཁུལ་ཡིན་པ་བཞེད་ཡོད།《བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་རིག་གནས་ལོ་རྒྱུས་དཔྱད་གཞི》ནང་དུ་འཇམ་རྒྱལ་ཀུན་དགའ་ཚུལ་ཁྲིམས་རྒྱ་མཚོས་བཤད་ཅིང་།  འཇམ་དབྱངས་ཡོན་ཏན་རྒྱ་མཚོས་ཡི་གེར་བཀོད་པའི་ཆབ་མདོ་འཇོ་མདའ་རྫོང་ཁོངས་སུ་གཏོགས་པ«སྐུ་ཚེ་ཡུལ་གྱི་ལོ་རྒྱུས»ཞེས་པར་ཡུལ་གྲུ་དེ་ནི་སྤངས་རྒན་སངས་རྒྱས་མགོན་པོའི་འཁྲུངས་གཞིས་ཡིན་པ་དང་།  ཁོང་དང་ལོ་ཆེན་མཇལ་སའི་ས་གནས་ཀྱང་ཡུལ་ཕྱོགས་དེར་ཡིན་པ་(༡༠)བསྙད་ཡོད། ལོ་རྒྱུས་ཡིག་ཆ་དེ་ནི་སྔོན་མའི་ངག་རྒྱུན་གང་ཡོད་པ་དེ་ཡི་གེར་བཏབ་པ་ཞིག་རེད་འདུག  ཡིག་ཆ་དེར་ད་དུང་ལོ་ཆེན་དང་འབྲེལ་བའི་ངག་རྒྱུན་ཁ་ཤས་བཀོད་འདུག  གཞན་ཡང་འཇོ་མདའ་རྫོང་ཁོངས་སུ་སྤངས་སྟོད་དང་སྤངས་སྨད།  སྤངས་རྒན་ཁུག་སོགས་ས་གནས་དང་སྡེ་མིང་ཡོད་ལ།  སྤངས་རྒན་དགོན་(༡༡)ཞེས་པའི་བོན་ལུགས་ཀྱི་དགོན་པ་ཞིག་ཀྱང་བཞུགས་འདུག  དེ་ལྟར་ས་གནས་ཀྱི་ངག་རྒྱུན་དང་སྡེ་དགོན་གྱི་མིང་སོགས་ལ་བརྟགས་ན་ཕལ་ཆེར་སྟོན་ཁུངས་རོང་གི་བྲག་དམར་མགོན་རྫོང་ཞེས་པ་དེ་འདིའི་ཕྱོགས་སུ་ཡོད་པ་མིན་ནམ་སྙམ།  ཏག་ཏག་འཇོ་མདའ་ནས་ཚ་རོང་བར་ས་ཐག་ཀྱང་དེ་འདྲ་རིང་པོ་མིན་ནོ།།

གསུམ་པ། ལོ་ཆེན་སྤྱུགས་ཡུལ་རྒྱལ་རོང་ཡིན་པ་འདོད་མཁན་ཐོག་མ་གང་ཡིན་སྐོར།

 དེང་སང་བརྒྱ་ཁ་གཅིག་གྲགས་ཚུལ་དུ་ཕལ་ཆེར་གྱིས་ལོ་ཆེན་རྒྱང་ཕུད་བཏང་ཡུལ་རྒྱལ་རོང་ཡིན་པ་བཤད་ཀྱིན་འདུག  དེར་རྒྱུ་མཚན་ཁ་ཤས་འདུག་སྟེ། གཅིག་ནས་རྒྱལ་རོང་ཕྱོགས་སུ་ལོ་ཆེན་དང་འབྲེལ་བའི་ངག་རྒྱུན་ཡོད་པ།  གཉིས་ནས་ལྷོ་ཚ་བ་རོང་ཡིན་པའི་ཐད་ནས་དོགས་སློང་བྱེད་མཁན་མང་པོ་མ་བྱུང་བ།  གསུམ་ནས་མཁས་དབང་དམུ་དགེ་བསམ་གཏན་རྒྱ་མཚོ(1914-1993)སོགས་ཀྱི་ཤུགས་རྐྱེན་ལས་བྱུང་བ་ཞིག་རེད།  དེ་དག་ལ་བསམ་ཚུལ་ཁ་ཤས་ཞུས་ན།  རྒྱལ་རོང་གི་ལོ་རྒྱུས་ཞིབ་འཇུག་པ་མཆོད་རྟེན(雀丹)སོགས་ཀྱིས་ལོ་ཆེན་རྒྱལ་རོང་ཕྱོགས་སུ་ཕེབས་མྱོང་བ་དང་དེར་ཁོང་གི་སྒྲུབ་ཕུག་བདོག་པ་རྒྱུ་མཚན་བྱས་ནས་ཁོང་སྤྱུགས་ཡུལ་རྒྱལ་རོང་ཡིན་པར་བསྒྲུབས་པ་ནི་གཏན་ཚིགས་ཡང་དག་ཅིག་མ་ཡིན་ཏེ།  ལོ་ཆེན་ཁོང་ཚ་རོང་དང་རྒྱལ་རོང་སོགས་ཁམས་ཁུལ་གྱི་ས་ཆ་མང་པོར་བྱོན་འདུག་ལ།  རྒྱ་ནག་གླང་ཆེན་འགྱིང་རི་སོགས་སུ་བྱོན་པ་ཁྱོད་ཚོས་ཀྱང་བཤད་པས།  དེ་ལྟར་ན་ཁོང་སྤྱུགས་ཡུལ་རྒྱ་ནག་ཡིན་པར་ཐལ།  ཁོང་རྒྱ་ནག་ཏུ་ཕེབས་མྱོང་ཞིང་སྒྲུབ་པ་ཡང་གནང་མྱོང་བའི་ཕྱིར།  དེས་ན་བཞེད་པ་འདི་དག་ལ་བོད་ཀྱི་ལོ་རྒྱུས་ཡིག་ཆ་མང་པོར་མཐོང་རྒྱ་མ་བསྐྱེད་པ་དང་ཚ་རོང་གི་ས་གནས་དངོས་ལ་རྒྱུས་མངའ་མེད་པ།  གཏན་ཚིགས་རིག་པའི་གཞུང་ལུགས་ལ་གོ་རྟོགས་མེད་པ་སོགས་ཀྱི་སྐྱོན་འདུག་སྙམ།  གཉིས་པ་ལ་སྤྱིར་བོད་ཀྱི་ལོ་རྒྱུས་ཁྲོད་དུ་ལོ་ཆེན་སྤྱུགས་ཡུལ་རྒྱལ་རོང་ཡིན་པར་འདོད་པ་ལ་དགག་པ་རྒྱག་མཁན་བྱུང་མྱོང་སྟེ།  དཔེར་ན།  སོག་ཟློག་པ་བློ་གྲོས་རྒྱལ་མཚན(1552-1624)ལྟ་བུ་རེད། འོན་ཀྱང་།  ཕྱིས་ཀྱི་ལོ་རྒྱུས་སྨྲ་བ་ཚོས་ཁོང་གི་གསུང་ལ་དོ་སྣང་ཆེན་པོ་གནང་མི་འདུག  ལྷག་ཏུ་མཁས་དབང་དམུ་དགེ་བསམ་གཏན་ལགས་ཀྱིས་སོག་ཟློག་པའི་བཞུགས་ཡུལ་མདོ་སྨད་དང་ཁ་ཐག་རིང་བས་རྒྱུས་མ་ལོན་པ་རེད(༡༢)་ཅེས་རང་གི་འདོད་སྟངས་དང་མ་མཐུན་པས་སྣང་མེད་དུ་བཏང་ཡོད།

ལོ་ཆེན་སྤྱུགས་སའི་སྦལ་དོང་།

གསུམ་པ་ལ་མཁས་དབང་དམུ་དགེ་བསམ་གཏན་ལགས་ཀྱིས《བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང》བརྩམས་པ་དང་།  བཙན་ལྷ་ངག་དབང་ཚུལ་ཁྲིམས་དང་ཧྲེ་ཝན་ཀྲེ(佘万治)གཉིས་ནས་རྒྱ་ཡིག་ཏུ་བསྒྱུར་བ་སོགས་ལོ་རྒྱུས་ཡིག་ཆ་འདིས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པའི་ཁྲོད་དུ་ཤུགས་རྐྱེན་ཆེན་པོ་ཐེབས་པ་མ་ཟད།  ལྷག་ཏུ་ལོ་ཆེན་སྐོར་གྱི་ཞིབ་འཇུག་ཆེད་དེབ་(༡༣)དང་རྒྱལ་རོང་གི་ལོ་རྒྱུས་གསར་བརྩམས་ཁག་ལ་ཤུགས་རྐྱེན་ཕོག་ཡོད།  ཁོང་གིས《བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང》ནང་དུ་ལོ་ཆེན་རྒྱང་ཕུད་བཏང་ཡུལ་རྒྱལ་རོང་ཡིན་པ་རྒྱས་(༡༤)བཤད་བྱས་ཡོད།  དེ་ལ་བརྟེན་ནས་ཕྱིས་སུ་ལོ་ཆེན་སྤྱུགས་ཡུལ་རྒྱལ་རོང་ཡིན་པར་འདོད་མཁན་ཆར་ཤུལ་གྱི་ཤ་མོང་རྡོལ་བ་ལྟར་དུ་གྱུར།  ལྟ་ཚུལ་དེ་དག་ཕལ་ཆེར་ཁོང་གི་ལྟ་བའི་རྗེས་སུ་འགྲོ་ལྡོག་བྱེད་པ་རེད།  དམུ་དགེ་བསམ་གཏན་ལགས་ཀྱི་ལྟ་ཚུལ་འདིའི་གཞི་བཅོལ་ས་གཉིས་ཡོད་པ་ལས་གཅིག་ནི་རྒྱལ་རོང་ཕྱོགས་སུ་ལོ་ཆེན་གྱི་སྒྲུབ་ཕུག་སོགས་ཡོད་པ་དང་།  གཉིས་ནི་དཔེ་ཆ་ལ་གཞི་བཅོལ་བ་རེད།  སྔ་མས་བསྒྲུབ་མི་ཐུབ་པ་གོང་དུ་སོང་ལ། ཕྱི་མ་ལ་ཁོང་གིས་དཔྱད་གཞི་མཛད་པའི་དཔེ་ཆ་ནི་གྱི་ལུང་བཀྲ་ཤིས་རྒྱ་མཚོ(1804-1874)དང་གྱི་ལུང་ཐུགས་མཆོག་རྡོ་རྗེ་(1806-1864)ཟུང་གིས་བརྩམས་པའི《རུས་མཛོད་མེ་ཏོག་སྐྱེད་ཚལ》དང་། དཀོན་མཆོག་བསྟན་པ་རབ་རྒྱས(1801- 1866)ཀྱིས་བརྩམས་པའི《མདོ་སྨད་ཆོས་འབྱུང》གཉིས་རེད།  དཔེ་ཆ་འདི་གཉིས་ཀ་དུས་རབས་བཅུ་དགུ་པའི་ནང་བྱུང་བ་ཞིག་རེད།  འདི་གཉིས་ནང་འཁོད་པའི་གནད་འདིའི་སྐོར་གྱི་བརྗོད་བྱ་སྟོན་སྟངས་དང་ཚིག་འགྲོས་ལ་གཞིགས་ན།  ཕན་ཚུན་གཞི་གཅིག་ལ་བཅོལ་བའི་དོགས་གཞི་འདུག་ལ།《མདོ་སྨད་ཆོས་འབྱུང》གྱི་ལུང་ཁུངས་ཁྲོད་དུ《རུས་མཛོད་མེ་ཏོག་སྐྱེད་ཚལ》མ་གསལ་བས།  ཕལ་ཆེར་རུས་མཛོད་མེ་ཏོག་སྐྱེ་ཚལ་རྩོམ་མཁན་གྱིས་འདིའི་ཐད་མདོ་སྨད་ཆོས་འབྱུང་ལ་གཞི་བྱས་པ་ཡིན་ནམ་སྙམ། སྐབས་འདིར་བསམ་གཞིག་གནང་དགོས་ངེས་ཤིག་ནི《མདོ་སྨད་ཆོས་འབྱུང》ལས“དེ་ནས་ཉིན་ལམ་གཉིས་ན་ལྷོ་ཚ་བ་རོང་།   དེར་བཻ་རོའི་སྒྲུབ་ཁང་ཡོད་ལ།   ལོ་ཆེན་ཉིད་དགོས་དབང་གིས་ཚ་བ་རོང་དུ་བྱོན་པར་བཤད་པའི་གནས་དངོས་གཞི་འདི་ཉིད་ཡིན་ནམ་བརྟག”(༡༦)ཅེས།  དང་ཐོག་ལོ་ཆེན་སྤྱུགས་ཡུལ་རྒྱལ་རོང་ཡིན་པ་བཤད་ནའང་གཤམ་ནས་ཡང་ལོ་ཆེན་སྤྱུགས་ཡུལ་ཚ་རོང་ཡིན་མིན་བརྟག་དགོས་ཞེས་གསུངས་ཡོད།  དེས་ན་ཁོང་གིས་ཀྱང་ལོ་ཆེན་སྤྱུགས་ཡུལ་གང་ཞིག་ཡིན་མིན་ཐད་སྒྲོ་འདོགས་ཆོད་མེད་པ་ཤེས་ཐུབ།  འདི་གནད་འགག་ཆེན་པོ་ཞིག་རེད།  དེས་ན་ཡང་སྙིང་སོག་ཟློག་པས་རང་གི་བཞུགས་ཡུལ་མདོ་སྨད་དང་ཁ་ཐག་རིང་བས་རྒྱུས་མ་ལོན་ཏེ་ལོ་ཆེན་སྤྱུགས་ཡུལ་ཚ་རོང་ཡིན་པར་བཤད་པའམ།  ཡང་ན་དམུ་དགེ་བསམ་གཏན་ལགས་ལྷོ་ཚ་བ་རོང་ལ་ཆ་རྒྱུས་མེད་པས་ལོ་ཆེན་སྤྱུགས་ཡུལ་རྒྱལ་རོང་ཡིན་པར་ཐག་བཅད་པ་གང་ཡིན་བརྟག་དགོས།  གལ་སྲིད་མཁས་དབང་དམུ་དགེ་བསམ་གཏན་ལགས་ཚ་རོང་དུ་ཕེབས་རྒྱུ་བྱུང་སྟེ་མདོ་ཞིག་རྒྱལ་པོའི་མཁར་ཤུལ་དང་ཡུལ་མིའི་ངག་རྒྱུན།  ལོ་ཆེན་གྱི་སྒྲུབ་ཕུག   སྦལ་དོང་སོགས་འབྲེལ་ཡོད་གནས་ཚུལ་ཁག་མིག་མཐོང་ལག་ཟིན་བྱུང་ཡོད་ན་ཏན་ཏན་ཁོང་གིས་བསྐྱར་དུ་གནད་དོན་འདིར་བསམ་གཞིག་གནང་ངེས་སྙམ།

འདིར་ཁ་ཅིག་གིས་སོག་ཟློག་པའི«དགག་ལན་ངེས་དོན་འབྲུག་སྒྲ»ནང་དུ་དཔལ་འཛིན་གྱི་རྒྱལ་རོང་སྤྱུགས་པར་བཤད་པ་ལ་དགག་པ་བཀྱོན་ཡོད་པ་མིན་ནམ།  དེས་ན་དཔལ་འཛིན་གྱིས་ལོ་ཆེན་སྤྱུགས་ཡུལ་རྒྱལ་རོང་ཡིན་པར་བཞེད་པ་ཡིན་དགོས་པའི་ཕྱིར་ཟེར་ན།  སོག་ཟློག་པས«དགག་ལན་ངེས་དོན་འབྲུག་སྒྲ»ནང་དུ་དཔལ་འཛིན་ལ་དེ་ལྟར་དགག་པ་བཀྱོན་པ་བདེན་ཀྱང་དཔལ་འཛིན་གྱིས་བརྩམས་པའི《ཆོས་དང་ཆོས་མ་ཡིན་པའི་རྣམ་འབྱེད》ནང་དུ“གཞན་ལ་གསང་བར་འཆད་ན་ཡང་།།  གསང་ཞིང་ལྐོག་ཏུ་བསྟན་པའི་རྒྱུས།།  མཁའ་སྙིང་བཻ་རོ་ཙ་ན་གཉིས།།   ལྷོ་བྲག་རྒྱལ་མོ་རོང་དུ་སྤྱུགས།།”(༡༧)ཞེས་ནམ་སྙིང་ལྷོ་བྲག་ཏུ་སྤྱུགས་པ་དང་།  ལོ་ཆེན་རྒྱལ་མོ་རོང་དུ་སྤྱུགས་པར་གསུངས་པ་ལས།  ཤར་རྒྱལ་རོང་ཡིན་པ་གསལ་པོར་མ་གསུངས་ཤིང་རྒྱལ་མོ་རོང་ནི་རྒྱལ་མོ་ཚ་བ་རོང་གི་བསྡུས་ཚིག་ཡིན་ལ།  རྒྱལ་མོ་ཚ་བ་རོང་ཡིན་ན་རྒྱལ་རོང་ཡིན་པས་མ་ཁྱབ་པའི་ཕྱིར་ཏེ།  ལྷོ་ཚ་བ་རོང་ལ་ཡང་རྒྱལ་མོ་ཚ་བ་རོང་ཞེས་བཤད་པ་སྔར་གྱི་ཡིག་ཚང་ན་མང་བའི་ཕྱིར་རོ།།

བཞི་པ།  ལོ་རྒྱུས་ཡིག་ཚང་ནང་ལོ་ཆེན་སྤྱུགས་ཡུལ་ཚ་རོང་ཡིན་པ་འཁོད་པ།

 གཅིག  ཐུབ་བསྟན་གྱི་བསྟན་འབྱུང་ཁག་ཏུ་འཁོད་པ།  

བོད་ཀྱི་ལོ་རྒྱུས་ཡིག་ཆ་ཅུང་སྔ་བར་གྲགས་པ《སྦ་བཞེད》ལས་ལོ་ཆེན་སྤྱུགས་ཡུལ་ཚ་བ་རོང་ཡིན་པ་(༡༨)བསྟན་ཡོད།  སོག་ཟློག་པ་བློ་གྲོས་རྒྱལ་མཚན(1552-1624)གྱིས་སྦ་བཞེད་རྒྱབ་རྟེན་བྱས་ཏེ་ལོ་ཆེན་སྤྱུགས་ཡུལ་རྒྱལ་རོང་མ་ཡིན་པར་ཚ་རོང་ཡིན་པ་ཁ་གསལ་པོར་(༡༩)གསུངས་ཡོད།  མཁས་པ་ཁོང་ནི་རྒྱལ་མོ་ཚ་བ་རོང་ཞེས་པ་དེ་ཚ་རོང་ལ་གོ་དགོས་པ་དང་།  རྒྱལ་རོང་དང་ཚ་རོང་གཉིས་ཁ་ཁ་ཡིན་པ།  ལོ་ཆེན་སྤྱུགས་ཡུལ་རྒྱལ་རོང་མ་ཡིན་པར་བསྒྲུབས་པ་སོགས་ལོ་རྒྱུས་གནད་དོན་འདི་དག་ལ་གསལ་ཁ་འདོན་མཁན་ཐོག་མ་དེ་ཆགས་ཡོད་སྙམ། གཞན་ཡང་ཉང་ཉི་མ་འོད་ཟེར(1124-1204)གྱིས་བརྩམས་པའི《ཉང་རལ་ཆོས་འབྱུང》(༢༠)དང་མཁས་པ་ལྡེའུས་མཛད་པའི《རྒྱ་བོད་ཆོས་འབྱུང་རྒྱས་པ》སོགས་ལས་ཚ་བ་རོང་ཡིན་པ་(༢༡)བཤད་འདུག  དཔའ་བོ་གཙུག་ལག་ཕྲེང་བས(1505- 1566)བརྩམས་པའི《ཆོས་འབྱུང་མཁས་པའི་དགའ་སྟོན》ནང་དུ་སྦ་བཞེད་ཀྱི་ལུང་ཚིག་ཐད་ཀར་དྲངས་ཏེ་ཚ་བ་རོང་ཡིན་པ་བཞེད་ཡོད།  དེ་བཞིན《ཀློང་ཆེན་ཆོས་འབྱུང》སོགས་དཔེ་ཆ་མང་པོར་ཚ་བ་རོང་ངམ་རྒྱལ་མོ་ཚ་བ་རོང་དུ་སྤྱུགས་ཞེས་བཀོད་པ་ལས་རྒྱལ་རོང་དུ་སྤྱུགས་པ་བཀོད་མེད།   དེང་སང་ཞིབ་འཇུག་པ་འགས་ལོ་ཆེན་སྤྱུགས་ཡུལ་རྒྱལ་རོང་ཡིན་པ་སྒྲུབ་བྱེད་ལ《བཻ་རོའི་འདྲ་འབག་ཆེན་མོ》བྱེད་བཞིན་འདུག་མོད།  དཔེ་ཆ་འདིར“ཚ་བའི་རོང་དུ་བཻ་རོ་བདག་སྤྱུགས་པས།།   སྐལ་ལྡན་མཆོག་ཏུ་གྱུར་པ་ཁྱོད་སྨིན་བྱས།།  ཚ་བ་རོང་གི་རྒྱལ་ཁམས་དཀར་པོར་བསྒྱུར།།”ཞེས་ཚ་བ་རོང་ཞེས་མང་དུ་ཐོན་ཡོད་པ་ལས་རྒྱལ་རོང་ཡིན་པ་གསལ་པོར་བཤད་པ་མེད།  ལྷག་ཏུ“འགྲོ་ནི་ཚ་བའི་རོང་དུ་འགྲོ།།  ནུབ་ནི་བོད་ཀྱི་ཉི་མ་ནུབ།།  བོད་ན་གཟའ་དང་སྐར་མ་ཙམ་ཡང་མེད།།  བོད་ཡུལ་མུན་པའི་གླིང་དུ་གྱུར་པ་སྙིང་རེ་ཚིམ།།  བསྟན་པ་ཚ་བ་རོང་དུ་ཤར།།  ཚ་བའི་རོང་དང་རྒྱལ་མོའི་ཡུལ།།   སྟོང་ཁམས་རོང་གི་མི་རྣམས་ཀུན།།  ཁྲི་གདུགས་ཤར་རོ་བཀུར་སྟི་དང་།།   རིམ་གྲོ་མ་ཆུང་ཞིག་གསུངས་ཏེ་སེ་གོལ་ལན་གསུམ་བརྡབ་ཏེ།  བྱ་ལྷག་ནམ་མཁའ་ལ་འཕུར་བ་ལྟར་ཚ་བའི་རོང་དུ་གཤེགས་སོ།།”(༢༢)ཞེས་ཚ་རོང་དང་རྒྱལ་མོ་རོང་གཉིས་ཁ་ཁ་ཡིན་པ་མ་ཟད་ཐོག་མར་ཚ་རོང་དུ་གཤེགས་པ་གསུངས་ཡོད། ལོ་རྒྱུས་ཡིག་ཆ་ཁག་ནས་ཤར་རྒྱལ་མོ་རོང་ལ་རྒྱལ་རོང་ཞེས་བརྗོད་པ་ལས་ཚ་རོང་ཞེས་བརྗོད་པ་ལྟོས་བཅས་ཀྱིས་ཉུང་ལ།《བདུད་འཇོམས་ཆོས་འབྱུང》ལས“ཤར་རྒྱལ་མོ་རོང་།   ལྷོ་ཚ་བ་རོང་།  མོན་དང་།  ནུབ་ཀོང་པོ་སོགས”ཞེས་དང་།  བོན་གྱི་ལོ་རྒྱུས་ཡིག་ཆ《ཁྱུང་པོའི་རྒྱལ་རྒྱུད་ཤེལ་དཀར་མེ་ལོང》ལས“ཤར་རྒྱལ་མོ་རོང་ཆེན།  བྱང་ཨ་སྟག་རོང་ཆེན།  ནུབ་རྐོང་པོ་རོང་ཆེན།   ལྷོ་ཚ་བ་རོང་ཆེན།”(༢༣)ཞེས་བྱུང་བ་སོགས་ལ་བལྟས་ན་ལྷོ་ཡི་ཚ་བ་རོང་ལ་ད་གཟོད་ཚ་རོང་ངམ་ཚ་བ་རོང་ཞེས་བཤད་པ་རྒྱུག་ཆེ་བ་ཤེས་ཐུབ།   དེང་སང་ཡང་ལྷོ་ཡི་ཚ་བ་རོང་ལ་ཚ་རོང་ཞེས་འབོད་པ་ལས་ཤར་རྒྱལ་མོ་རོང་ལ་ཚ་རོང་ཞེས་འབོད་མཁན་ཕལ་ཆེར་མེད་པ་རེད།

གཉིས།  བོན་གྱི་ལོ་རྒྱུས་ཡིག་ཆ་ནང་འཁོད་པ།  

གཤམ་དུ་བོན་གྱི་ལོ་རྒྱུས་ཁག་ཏུ་ཇི་ལྟར་གསལ་ཡོད་ཚུལ་མཐར་ཆགས་སུ་དགོད་པ་ལ།  ཤར་རྒྱལ་མོ་རོང་དུ་སྐུ་འཁྲུངས་པའི་བོན་གྱི་མཁས་པ་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན(1242-1336)གྱིས་བརྩམས་པའི《གཏེར་གྱི་ཁ་བྱང》ལས“བློན་གདུག་པ་ཅན་གྱིས་རྗེ་ལ་སྙན་ཕྲ་གསོལ་ཏེ།  བོན་སྤྱད་དབང་མ་བྱུང་བ་བོན་བསྣུབས། སློབ་དཔོན་བྷེ་རོ་ཙ་ན་ཚ་བ་རོང་དུ་སྤྱུགས་སོ།།”(༢༤)ཞེས་གསལ་ཡོད།  གཏེར་སྟོན་རྡོ་རྗེ་གླིང་པའམ་གཡུང་དྲུང་གླིང་པས(1346-1405)སྤྱི་ལོ་༡༣༧༠ལོར་གཏེར་བཞེས་པའི《རྫོགས་ཆེན་གསེར་ཐུར》ལས“དེར་རྒྱལ་པོས་ཚ་བ་རོང་དུ་སྤྱུག་ཅེས་སོ།”ཞེས་དང་།  “བྷེ་རོ་ཙ་ན་གར་སོང་དྲིས་པས།  ཚ་བ་རོང་དུ་སྤྱུགས་སོ་ཟེར།”(༢༥)ཞེས་དཔེ་ཆ་འདི་ཉིད་ལས་ལོ་ཆེན་སྤྱུགས་ཡུལ་ཚ་རོང་ཡིན་པ་གསལ་པོར་བསྟན་ཡོད།  གཏེར་སྟོན་འདི་ཉིད་ཀྱིས་ཁོང་ལོ་ཆེན་གྱི་ཡང་སྲིད་ཡིན་པ་ཁས་བླངས་ཡོད་ལ།  བན་བོན་རིས་མེད་ཀྱི་ལྟ་གྲུབ་སྐྱོང་མཁན་ཞིག་རེད།  ཁོང་གི་གཏེར་ལ་བན་བོན་གཉིས་ཀྱི་དཔེ་ཆ་ཡོད་འདུག  བོན་གྱི་མཁས་པ་སྤ་བསྟན་རྒྱལ་བཟང་པོས་སྤྱི་ལོ༡༣༨༤ལོར་བརྩམས་པར་གྲགས་པའི《བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན》ལས“བ་གོར་བེ་རོ་ཙ་ན་ལོ་པཎ་གྱི་ཕུད་དུ་ཁུར་བ་ཡང་།  བན་བློན་གྱི་མིག་ཏུ་མ་ཤོང་སྟེ།  ཐབས་ཀྱིས་ཚ་བ་རོང་དུ་སྤྱུགས་པས།   བསྣུབས་ཀྱང་མི་བསྣུབས་གཡུང་དྲུང་བོན།  དྲངས་ཀྱང་མི་འདྲོངས་དམ་པའི་ཆོས།   མཐའ་མི་གོས་སྔོན་གོན་ལ་སྲོག་སྐྱབས་འཚོལ་གསུངས་ནས་གཤེགས་སོ།།”(༢༦)ཞེས་ལོ་ཆེན་སྤྱུགས་ཡུལ་ཚ་བ་རོང་ཡིན་པ་བསྟན་ཡོད།

དུས་རབས་བཅོ་ལྔ་པའི་མཇུག་ཏུ་བྱོན་པའི་བོན་གྱི་གཏེར་སྟོན་ཁྱུང་པོ་བཀྲ་ཤིས་རྒྱལ་མཚན་གྱིས་རང་བཙན་ཁ་བ་དཀར་པོ་ནས་གཏེར་ཐོན་པའི་དཔེ་ཆ《དྲན་པ་ཨ་དཀར་དགོངས་འདུས》ལས“བོན་རྣམས་རིན་ཆེན་གཏེར་དུ་སྦས།   གཤེན་པོ་ཐམས་ཅད་ས་མཐར་བྲོས།  ང་རང་ཚ་བ་རོང་དུ་སྤྱུག”ཅེས་གསལ་ལ།  ཡང་དེ་ཉིད་ལས  “རྐོང་པོ་རི་གསུམ་འདུས་པའི་གནས་སངས་རྒྱས་ཐུགས་ལས་སྤྲུལ་པའི་བོན་རི་ཆེན་པོ།  མཚན་མར་སྣང་ཞིང་སྣང་མེད་འོད་ལས་གྲུབ།  སྒྲུབ་པའི་གནས་དེར་སྲོད་ལ་ཉམས་ལེན་གྱིས།  སེམས་ལ་དཔའ་བའི་དྲོད་རྟགས་དེ་ནས་འཆར།  དེ་དུས་བར་ཆད་བདུད་ཅིག་བྱང་ནས་འབྱུང་།  སྲོག་ལ་གནོད་པར་མི་ནུས་ཉམས་ལ་གནོད།  དེ་ཚེ་བྱོལ་ལ་ཚ་བ་རོང་དུ་སོང་།  མུན་རི་ཁ་བའི་རི་ལ་ཉམས་ལེན་མཛོད།  དེ་དུས་རྒྱལ་བའི་དགོངས་པ་མངོན་དུ་འཆར།  ཨ་དཀར་འོད་ཀྱི་སྒྲུབ་པས་འགྲོ་དོན་མཛོད།  བར་ཆད་བདུད་ཅིག་དབང་ཆེན་རྒྱལ་པོས་བྱེད།  དེ་དུས་མ་འོངས་འགྲོ་ལ་སེམས་བསྐྱེད་ནས།  སྨོན་ལམ་ཐོབ་ལ་གདམས་པ་གཏེར་དུ་སྦོས།  མི་འཁྱར་མི་འཆུག་གཏེར་བདག་རྣམས་ལ་བཅོལ།  དེ་ནས་རྒྱལ་རོང་དམུ་རྡོའི་རི་ལ་སྒོམ།  བསྟན་པའི་དོན་དང་རང་གཞན་དོན་ཆེན་མཛོད།  གནས་མཆོག་དེ་ན་ཁྱེད་སངས་རྒྱ་བར་འགྱུར།”འདི་ནི་དྲན་པ་ནམ་མཁས་ལོ་ཆེན་མཆོག་ལ་ཞལ་གདམ་དུ་གསུངས་པའི་ཚིག་ཅིག་ཡིན།   ཡང་དེ་ཉིད་ལས“དེ་ནས་ཆུ་བོ་བཀྴཱའི་བརྒྱུད་ལ་འོངས་ཏེ།   ལམ་ཁར་ལས་ཅན་རེ་རེ་ལ་འབྲེལ་བ་བཞག་སྟེ་སྨོན་ལམ་བཏབ་ནས་བྱོན།   རྐོང་པོ་རོང་དུ་ལྷ་རི་གྱང་དོའི་གཡས་ཕྱོགས་བོན་རི་ཆེན་པོའི་གསང་ཕུག་གནམ་སྐར་ཅན་དུ་ལོ་གཅིག་བཞུགས་ནས་ཉམས་བསྐྱངས་ནས་རྟོགས་པ་མཁའ་ལྟར་གྲོལ།   གཤེན་རི་རྒྱལ་མཚན་ཁྱུང་གཤོག་ལྡིང་བ་ནས།   མཁའ་ལ་འཕུར་ཏེ་ཚ་བ་རོང་དུ་འོངས།”(༢༧)ཞེས་གསལ་ཡོད།  དཔེ་ཆ་འདིར་ལོ་རྒྱུས་ཡིག་ཆ་གཞན་དུ་མ་གསལ་བའི་གནས་ཚུལ་གསར་པ་ཞིག་ཡོད་པ་ནི་ལོ་ཆེན་མཆོག་དང་པོ་ནུབ་ཀོང་པོ་རོང་དུ་ཕེབས་ཤིང་།  ད་ལྟ་ཀོང་པོ་ཉིང་ཁྲི་གྲོང་རྡལ་དུ་ཡོད་པའི་གཡུང་དྲུང་བོན་གྱི་གནས་རི་གྲགས་ཅན་ཀོང་པོ་བོན་རིའི་མདུན་དུ་ལོ་གཅིག་གི་རིང་སྒྲུབ་པ་ཉམས་ལེན་བྱས་པ་གསལ་འདུག  འདི་ནི་གནད་འགག་ཅིག་རེད།   ལོ་རྒྱུས་ཕལ་ཆེར་ནང་ཁོང་ཚ་རོང་དུ་སྤྱུགས་པ་ལས་བསམ་ཡས་ནས་ཚ་རོང་དུ་བྱོན་པའི་བརྒྱུད་རིམ་གསལ་པོར་བཀོད་མེད།  དཔེ་ཆ་འདི་རུ་དེའི་སྐོར་གསལ་པོར་འཁོད་འདུག   དབུས་བསམ་ཡས་ནས་ཡར་ཀླུང་གཙང་པོ་རྫོང་ཁག་བཞི(ཟངས་རི་རྫོང་།  རྒྱ་ཚ་རྫོང་།  སྣང་རྫོང་།  སྨན་གླིང་རྫོང་།)བརྒྱུད་དེ་ཀོང་པོ་ཉིང་ཁྲིར་བབས་ཡོད། ཁོང་ཡར་ཀླུང་གཙང་པོ་བརྒྱུད་ནས་རིམ་བཞིན་མར་སོང་བ་རེད།  དེ་ལྟར་འགྲོ་དགོས་པའི་རྒྱུ་མཚན་ནི་གཅིག་ནས་ལྷོ་རྒྱུད་ནས་མདོ་ཁམས་ཕྱོགས་སུ་ལམ་ཐག་ཉེ་བ།  གཉིས་ནས་གནམ་གཤིས་ཀྱི་དགོས་མཁོ་ཡིན་སྲིད།  དབུས་ནས་བྱང་ལམ་བརྒྱུད་དེ་མར་འགྲོ་དགོས་ན་གྲང་ངར་ལྷག་ཏུ་རྒོད་ཅིང་ལ་རྒན་དུ་མ་ཞིག་ཀྱང་བརྒལ་དགོས་པས་རེད།   གསུམ་ནས་གནའ་དུས་སུ་དབུས་ནས་མདོ་ཁམས་སུ་འགྲོ་བའི་ལམ་ཆེན་གཙོ་བོ་དེ་ལྷོ་བརྒྱུད་ནས་ཡིན་ཏེ།   ལོ་རྒྱུས་མི་སྣ་མང་པོ་ཞིག་དབུས་ནས་ཀོང་པོ།  ཀོང་པོ་ནས་སྤོ་བོ་བརྒྱུད་ཚ་བ་རོང་སོགས་མདོ་ཁམས་སུ་ཕེབས་པ་གསལ་ཡོད་པ་རེད།  ཡིག་ཆ་འདིར་ལོ་ཆེན་མཆོག་ཀོང་པོ་རོང་ནས་མུ་མཐུད་ཚ་བ་རོང་དུ་བྱོན་ཏེ་མུན་རི་ཁ་བའི་བྲག་ཅེས་པའི་གནས་སུ་ཉམས་ལེན་གནང་ཡོད་པ་གསལ་ཡོད།  ཚ་བ་རོང་དུ་གང་འཚམ་བཞུགས་རྗེས་རྒྱལ་རོང་དམུ་རྡོ་རི་ལ་ཕེབས་ཏེ་སྒོམ་སྒྲུབ་ཉམས་ལེན་བྱས་ཤིང་།  ཡུལ་དེར་དགོངས་པ་གཤེགས་པ་བཀོད་ཡོད།  ལོ་རྒྱུས་ཞིབ་འཇུག་པ་དོན་གྲུབ་ལྷ་རྒྱལ་ལགས་ཀྱིས《གཡུང་དྲུང་བོན་གྱི་གྲུབ་མཐའ་སྤྱི་བཤད》ནང་དུ་ལོ་ཆེན་གྱིས་རྒྱལ་མོ་དམུ་རྡོ་ལྷ་གཉན་དུ་ལོ་གསུམ་སྒྲུབ་པ་མཛད་པ་དང་དེར་སྐུ་གཤེགས་པ་(༢༨)བཀོད་གནང་འདུག  དེར་བརྟེན་ཡིག་ཆ་འདི་ནི་ལོ་ཆེན་གྱི་སྐོར་འཁོད་པ་དག་ལས་དམིགས་བསལ་ཞིག་ཡིན་པ་འདོད་ཡོད།   གཞན་ཡང་ལོ་ཆེན་མཆོག་དང་པོ་ཚ་བ་རོང་དུ་རྒྱང་ཕུད་བཏང་།  དེ་ནས་རིམ་བཞིན་རྒྱལ་རོང་དུ་ཕེབས་པ་ལོ་རྒྱུས་འགའ་ཞིག་ཏུ་སྣང་ལ།  བན་བོན་གཉིས་ཀྱི་ལོ་རྒྱུས་ལ་རྒྱུས་མངའ་ཆེ་ཞིང་།  དེང་རབས་ཞིབ་འཇུག་གི་ཐབས་ལམ་ལ་མཁྱེན་རྒྱ་ལྡན་པ། ལྷག་ཏུ་ལོ་ཆེན་སྐོར་འཁོད་པའི་ཡིག་ཆ་མང་པོར་གཟིགས་རྟོག་གནང་མྱོང་བ།  རྒྱལ་རོང་སོགས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་འཐུས་ཚང་གནང་མྱོང་མཁན་ལོ་རྒྱུས་སྨྲ་བ་མཁན་པོ་ཚེ་རིང་ནོར་བུ་ལགས་ནས“ཕྲན་རང་གི་ལྟ་ཚུལ་ལ་དང་པོ་ལྷོ་ཚ་བ་རོང་དུ་ཡུལ་ཕུད་ཅིང་རིམ་བཞིན་ཤར་ཚ་བ་རོང་དུ་ཕེབས་པར་བསམ།”(༢༩)ཞེས་དགོངས་ཚུལ་གནད་ལ་ཁེལ་བ་ཞིག་བཏོན་ཡོད།  གུས་པས་ཀྱང་ལོ་ཆེན་དང་པོ་ཚ་བ་རོང་དུ་བྱོན་ཅིང་དེ་ནས་རིམ་བཞིན་རྒྱལ་རོང་དུ་བྱོན་པ་འདོད་ཀྱིན་ཡོད།  དེང་སང་ལོ་རྒྱུས་སྨྲ་བ་མང་པོ་ཞིག་གིས་རྒྱལ་རོང་དུ་ལོ་ཆེན་དང་འབྲེལ་བའི་གནས་ཚུལ་བདོག་པ་འཁྲུལ་གཞི་བྱས་ཏེ་ལོ་ཆེན་སྤྱུགས་ཡུལ་རྒྱལ་རོང་ཡིན་པར་ཟློ་བཞིན་པ་ནི་ལོ་རྒྱུས་ཀྱི་གནད་དོན་འདི་དག་ཧ་མ་གོ་བས་ནོངས་སོ།།

དུས་རབས་བཅོ་བརྒྱད་པའི་སྟོད་དུ་བྱུང་བའི་བོན་གྱི་གཏེར་སྟོན་སངས་རྒྱས་གླིང་པ(1705- 1735)མཆོག་གི་གཏེར་མ《གུ་རུའི་རྣམ་ཐར་ཀུན་སྣང་གསལ་སྒྲོན》དུས་རབས་བཅུ་དགུ་པའི་ནང་བྱོན་པའི་བོན་གྱི་གཏེར་སྟོན་བདེ་ཆེན་གླིང་པའི(1833-1892)རང་རྣམ《ཡང་གསང་རྣམ་ཐར་ཀླུ་དབང་གཙུག་ནོར》གཏེར་སྟོན་གསང་སྔགས་གླིང་པའི(1864-?)གཏེར་མ《དྲན་པའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན》མཁའ་འགྲོ་དབང་གི་སྒྲོན་མ(1868-?)དགུང་ལོ་དྲུག་ཅུ་བཞེས་པའི་མེ་ཡོས(༡༩༢༧)ལོར་ཤོག་སེར་བོད་ཡིག་ཏུ་ཕབ་པའི《མཁའ་འགྲོ་བཀའ་ཐང》ཤར་རྫ་བཀྲ་ཤིས་རྒྱལ་མཚན(1859-1934)ལགས་ཀྱིས་བརྩམས་པའི《ལེགས་བཤད་མཛོད》སོགས་བོན་གྱི་ལོ་རྒྱུས་ཡིག་ཚང་མང་པོར་ལོ་ཆེན་སྤྱུགས་ཡུལ་ལྷོ་ཚ་བ་རོང་ཡིན་པ་གསལ་པོར་བསྟན་ཡོད།  འདིར་དྲངས་པའི་ཡིག་ཆ་མང་པོ་ཞིག་ད་སྔོན་ལོ་ཆེན་སྐོར་ལ་ཞིབ་འཇུག་གནང་མཁན་དག་གི་ཕྱག་ཏུ་སོན་མི་འདུག

ལྔ་པ།  མདོ་བཞེར་རྒྱལ་པོའི་སྐོར།

ཐུབ་བསྟན་ཆོས་འབྱུང《པད་མ་བཀའ་ཐང》སོགས་དང་བོན་གྱི་བསྟན་འབྱུང《ཀུན་སྣང་གསལ་སྒྲོན》སོགས་སུ་ལོ་ཆེན་སྤྱུགས་ཡུལ་གྱི་སྐབས་དེའི་རྒྱལ་པོ་ནི་ཚ་བ་མདོ་བཞེར་རྒྱལ་པོ་ཡིན་པ་བཤད་ཡོད།  བཤམ་དུ་འདིའི་སྐོར་ནས་ཕྲན་ཙམ་གླེང་ན།  བོན་གྱི་བསྟན་འབྱུང《ཀུན་སྣང་གསལ་སྒྲོན》དང《དྲན་པའི་རྣམ་ཐར》《མེ་སྟོན་ཉི་མ་རྒྱལ་མཚན(1816-1897)གྱི་རང་རྣམ》སོགས་སུ་རྒྱལ་པོ་འདིའི་གནས་ཡུལ་ནི་ལྷོ་ཚ་བ་རོང་ཡིན་པ་བཤད་ཡོད།  《མདོ་སྨད་ཆོས་འབྱུང》སོགས་སུ་ཤར་རྒྱལ་རོང་ཡིན་པ་བཤད་ཡོད།  དེ་དག་རེ་རེ་ནས་འདིར་དགོད་རྒྱུ་མ་ཡིན་པར་གཙོ་བོ་རང་གི་འདོད་སྟངས་སམ་དཔྱད་འབྲས་གླེང་རྒྱུ་ཡིན།

མཆོད་རྟེན་པ་ར།

གཅིག  དཔྱད་གཞི་ནང་དུ་གང་འདྲ་འཁོད་པ།  

བོན་གྱི་གཏེར་སྟོན་སངས་རྒྱས་གླིང་པའི(1705-1735)གཏེར་མ《ཀུན་སྣང་གསལ་སྒྲོན》ལས“རྒྱ་བོད་ཞང་གསུམ་ཀུན་གྲགས་ལོ་ཆེན་ང༔  ལྷོ་ཕྱོགས་ཚ་བ་རོང་ཆེན་དུ་སྤྱུགས༔  ཚ་བ་མདོ་ཞིག་རྒྱལ་པོའི་མཆོད་གནས་བྱས༔”(༣༠)ཞེས་ལོ་ཆེན་སྤྱུགས་ཡུལ་ལྷོ་ཚ་བ་རོང་ཡིན་པ་གསལ་པོར་བཀོད་ཡོད།  དེའི་རྗེས་ཀྱི་ཡིག་ཆ་ཁ་ཤས་ནང་དུ་དེ་བཞིན་གསལ་ཡོད་ཀྱང་འདིར་དེ་ཙམ་གྱིས་ཆོག་པར་ཞུ།

གཉིས།  མདོ་བཞེར་རྒྱལ་པོའི་མཁར་རྫོང་སྐོར།  

མཁར་རྫོང་འདི་ནི་མདོ་ཁམས་ལྷོ་ཚ་བ་རོང་པད་མ་འབུམ་གླིང་གི་ཡུལ་དབུས།  གནམ་ལ་འཁོར་ལོ་རྩེ་བརྒྱད་དང་ས་ལ་པད་མ་འདབ་བརྒྱད་སོགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་ཡུལ་གྲུ།  རྒྱལ་མོ་དངུལ་ཆུ་འབབ་པའི་གཡས་ཟུར་དེང་གི་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་གི་ཁོངས་སུ་གཏོགས་པ།  གླིང་ཁ་སྨད་མ་ཤང་དབྱིབས་པ་གྲོང་གི་དཀྱིལ་སྟོད་དུ་ཆགས་ཡོད།  རྫོང་ནས་ལྷོ་ངོས་སུ་སྤྱི་ལེ༡༥༦སར་ཡོད་ལ་རླངས་འཁོར་ཆུང་བ་གཏོང་སྟེ་སོང་ན་ཆུ་ཚོད་དྲུག་བདུན་གཡས་གཡོན་ཐོག་ཏུ་སླེབ་ཐུབ།  གྲོང་སྟོད་ཀྱི་རི་འབུར་ཞིག་གི་ཐོག་ཏུ་རྫོང་མཁར་གྱི་ཞིག་རོ་མངོན་གསལ་དོད་པོ་མཐོང་རྒྱུ་འདུག་ཅིང་ཡུལ་དེའི་རྒན་རབས་ཀྱིས་བཤད་པ་ལྟར་ན། དེ་ནི་ཚ་བ་མདོ་བཞེར་རྒྱལ་པོའི་མཁར་ཤུལ་རེད་ཟེར།  བོན་གྱི་གཏེར་སྟོན་བདེ་ཆེན་གླིང་པའི(1833-1892)རང་རྣམ《ཐབས་ཤེས་ཉི་ཟླའི་རྒྱན》ལས“དེ་ཚེ་ཚ་བ་མདོ་བཞེར་རྒྱལ་པོའི་ཕོ་བྲང་ཡོད་སའི་གྱང་རལ་ཆེན་པོ་ལ།  བོང་བུས་སེང་སླག་གྱོན་པའི་ཟོབ་པོ་ཞིག་གིས་ས་དཔྱད་ལ་གནོད་པར་དེ་བཤིག་དགོས་ཟེར་བར་ཡུལ་མི་ཀུན་འདུས་ནས་བཤིག་ཚེ་གྱང་འགྱེལ་བས་མི་མང་སྣད་ཡར་བྱས”(༣༡)ཞེས་གཏེར་སྟོན་ཁོང་ཡུལ་འདིར་བཞུགས་སྐབས་བླ་རྫུན་ཞིག་གིས་ས་གནད་བཅོས་པར་ཁ་གཡར་ཏེ་མཁར་ཤུལ་གྱི་གྱང་རོ་མང་པོ་གཏོར་བཤིག་བྱས་པ་འཁོད་ཡོད།  དུས་སྐབས་དེ་ནི་གཏེར་སྟོན་བདེ་ཆེན་གླིང་པ་དགུང་གྲངས་སོ་བཞི་བཞེས་པའི་སྐབས་ཏེ་བོད་རབ་བྱུང་བཅུ་བཞི་པའི་མེ་སྟག(༡༨༦༦)ལོར་ཡིན།  ཁོང་ཉག་དམག་གིས་སྡེ་དགེ་བཅོམ་སྐབས་ཡུལ་འདིར་ཉེན་གཡོལ་དུ་ཕེབས་པ་རེད།  དེས་ན་ལོ་ཉིས་བརྒྱ་མ་ཟིན་ཙམ་གྱི་གོང་དུ་མཁར་ཤུལ་འདིར་གཏོར་སྐྱོན་ཚབ་ཆེན་ཐེབས་པ་ཤེས་ཐུབ།  ད་ལྟ་ཡང་མཁར་ཤུལ་གཡས་གཡོན་སོགས་སུ་རྩིག་ཤུལ་མང་བ་དང་མཁར་ཤུལ་གྱི་གྱང་རོ་མཐོང་རྒྱུ་འདུག་པ་སོགས་ལ་བརྟགས་ན་གནའ་བོའི་དུས་སུ་མཁར་རྫོང་གཞི་རྒྱ་ཆེན་པོ་ཡོད་པ་དང་།  དུས་ཡུན་རིང་པོར་མདོ་བཞེར་རྒྱལ་རབས་མ་ཉམས་པར་གནས་ཡོད་པ་ཚོད་བགམ་བྱ་ཐུབ།

གསུམ།  མདོ་བཞེར་རྒྱལ་པོའི་རུས་རྒྱུད་སྐོར།  

ཁམས་ཁྱུང་ཡུལ་རྔ་ལ་ནོར་མ་ནང་དུ་སྐུ་མཆོག་མངོན་པར་བཞད་པའི་བོན་གྱི་རྣལ་འབྱོར་བ་ཆེན་པོ་མེ་སྟོན་ཉི་མ་རྒྱལ་མཚན་ལགས་ཀྱི《རང་རྣམ》ལས“དེ་དུས་མཆོག་ཆེན་སངས་རྒྱས་གླིང་པ་ཉིད།།  པད་མ་འབུམ་གླིང་དབྱིབས་ཀློང་འཕགས་སུ་ཡི།།   གདུང་ལས་འཁྲུངས་ནས་དགུང་ལོ་སོ་གཅིག་ནས།།  རིགས་ལྔ་མཁའ་འགྲོས་སྤྱན་དྲངས་མཁའ་སྤྱོད་གཤེགས།།   འགྲོ་ལ་རྗེས་ཆགས་ཡང་སྲིད་མི་ཕམ་མགོན།།   མེ་འབྲུག་ལོ་ལ་པད་མ་འབུམ་གླིང་གི།   ཚ་བ་མདོ་ཞིག་རྒྱལ་པོའི་གདུང་ལས་འཁྲུངས།།”(༣༢)ཞེས་རབ་བྱུང་བཅུ་གཉིས་པའི་མེ་འབྲུག(༡༧༣༦)ལོར་སངས་གླིང་སྐུ་ཕྲེང་གཉིས་པ་མི་ཕམ་མགོན་པོ་ཚ་བ་མདོ་བཞེར་རྒྱལ་པོའི་གདུང་ལས་འཁྲུངས་པ་བསྟན་ཡོད།   མི་ཕམ་མགོན་པོ(1736-1756)ལགས་ཀྱི་འཁྲུངས་གཞིས་དེང་སང་མདོ་བཞེར་མཁར་ཤུལ་ཡོད་སའི་མར་ཙམ་གྱི་དགུ་པ་གྲོང་དུ་ཡོད།   དུད་ཚང་དེའི་མིང་ལ་དགུ་སྟ་དགའ་སྒང་ཟེར་བ་དང་ད་ལྟ་ཕུན་ཚོགས་ལྷ་རྒྱལ་ཞུ་བའི་རྒན་རབས་ཤིག་བཞུགས་འདུག  གུས་པས་ཁོང་ལ་འབྲེལ་ཡོད་ལོ་རྒྱུས་མང་པོ་བཅར་འདྲི་ཞུས་པ་ཡིན།  ཡང་མེ་སྟོན《རང་རྣམ》ལས“དེ་ཉིད་དགུང་ལོ་ཉེར་ལྔ་བཞེས་པའི་སྐབས།།  ཉི་གྲགས་སྤྲུལ་སྐུ་ཚེ་དབང་རྒྱལ་པོ་ཞེས།།  ལྕགས་གླང་ལོ་ལ་ཚ་བའི་གདུང་ལ་འཁྲུངས།།”ཞེས་དང་།  “མེ་རྟ་ལོ་ལ་ཕུན་ཚོགས་དར་རྒྱས་བྱུང་།།  དེ་དང་དུས་མཉམ་ཚུལ་རྒྱལ་རྣམ་སྤྲུལ་མཆོག༑ ཡོན་ཏན་དཔལ་བཟང་ཉི་སྤྲུལ་ནུ་བོར་འཁྲུངས།།”(༣༣)ཞེས་ལྕགས་གླང་ལོ་སྟེ་སྤྱི་ལོ་༡༧༨༡ལོར་ཉི་མ་གྲགས་པའི་ཡང་སྲིད་ཚེ་དབང་རྒྱལ་པོ་དང་།  རབ་བྱུང་བཅུ་གསུམ་པའི་མེ་རྟ་༡༧༨༦ལོར་ལ་དབྱིལ་དམུ་བཙུན་ཚུལ་རྒྱལ་ལགས་ཀྱི་ཡང་སྲིད་ཡོན་ཏན་དཔལ་བཟང་གཉིས་སྔ་ཕྱི་རིམ་བཞིན་ཚ་བ་མདོ་བཞེར་རྒྱལ་པོའི་གདུང་ལས་འཁྲུངས་ཡོད།  སྐབས་དེར་ཚ་རོང་དབྱིབས་པ་གྲོང་དུ་རྨེའུ་གདུང་རབས་ཀྱིས་ཆོས་སྲིད་ཀྱི་གོ་གནས་གལ་ཆེན་བཟུང་ཡོད་རུང་ད་དུང་བླ་སྤྲུལ་མང་པོ་ཞིག་གི་ཡང་སྲིད་མདོ་བཞེར་རྒྱལ་པོའི་ཁྱིམ་རྒྱུད་དུ་ངོས་འཛིན་བྱས་པ་དེས།  དུས་སྐབས་དེར་མདོ་བཞེར་རྒྱལ་པོའི་གོ་གནས་དང་ཐོབ་ཐང་སྔར་ལྟར་མེད་ཀྱང་ད་དུང་མི་རྣམས་ཀྱིས་གདུང་རིགས་དེར་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད་པ་རྟོགས་ཐུབ།  འདིའི་སྐོར་རྒྱས་པ་གུས་པས་བརྩམས་པའི《སངས་རྒྱས་གླིང་པའི་ཡང་སྲིད་མི་ཕམ་མགོན་པོའི་ལོ་རྒྱུས་ལ་དཔྱད་པ》(༣༤)ཞེས་པར་བྲིས་ཡོད།

བཞི།  ལོ་ཆེན་ཚ་རོང་དུ་ཕེབས་པའི་ངག་རྒྱུན་སྐོར།  

ཚ་རོང་དངུལ་ཆུ་རྒྱུད་ཀྱི་ཡུལ་སྡེ་ཕལ་ཆེར་ལ་ལོ་ཆེན་དང་འབྲེལ་བའི་ངག་རྒྱུན་བཤད་རྒྱུ་འདུག  དེ་ཡང་རྒྱལ་མོ་དངུལ་ཆུའི་སྟོད་ཕྱོགས་དེང་གི་མཛོ་སྒང་རྫོང་སྟོབས་འབར་ཤང་གི་དཀྱིལ་ཡངས་གྲོང་གི་རྒྱབ་ཕྱོགས་སྒྲོལ་འགག་ཅེས་པའི་གནས་རི་དེར་བཻ་རོའི་མཚམས་ཁང་ཡོད་པ་དང་།  དཀྱིལ་ཡངས་གྲོང་དཀྱིལ་དུ་དུད་ཚང་གི་མིང་ལ་བཻ་རོ་ཚང་ཞེས་པ་འདུག་ཅིང་།  བཤད་སྲོལ་ལ་མི་ཚང་དེ་ནི་ལོ་ཆེན་གྱི་སྦྱིན་བདག་གལ་ཆེན་ཞིག་ཡིན་པས་རིམ་བཞིན་དུད་དེར་བཻ་རོ་ཚང་ཞེས་འབོད་སྲོལ་བྱུང་བར་བཤད།  དེ་ནས་མར་རིམ་བཞིན་སོང་ན་དངུལ་ཆུ་རྒྱུད་གླིང་ཁ་བར་མ་ཤང་གི་ལ་དབྱིལ་གྲོང་དུ་དྲག་པོ་ཁྱུང་རི་ཞེས་པའི་རི་བོ་ཟུར་གསུམ་ཞིག་འདུག་ཅིང་།  རྒན་རབས་ཚོས་གནས་འདི་ལོ་ཆེན་གྱིས་གནས་སྒོ་ཕྱེས་པ་ངོས་འཛིན་བྱེད་བཞིན་འདུག  ཡུལ་དེར་བཻ་རོའི་སྒྲུབ་ཕུག  བཻ་རོའི་རྟ་སྒ།  བཻ་རོའི་སྐུ་རྗེས་སོགས་མཇལ་རྒྱུ་འདུག  དེ་ནས་མར་སོང་ན་རབ་པ་གྲོང་ཚོ་དུ་ཡང་ངག་རྒྱུན་མང་པོ་ཞིག་ཡོད་དེ། དཔེར་ན། ལོ་ཆེན་དང་པོ་ཡུལ་འདིའི་རི་བོ་བྱི་བ་རྫ་རུ་སྒོམ་སྒྲུབ་གནང་ཞིང་།  སྐབས་དེར་ཁོང་གིས་ཡུལ་དེའི་གནས་བདག་གི་གསོལ་ཁ་ཞིག་ཀྱང་བརྩམས་གནང་འདུག  གསོལ་ཡིག་དེ་ད་ལྟ་ཡང་བཞུགས་པ་མ་ཟད་གྲོང་མི་རྣམས་ཀྱིས་འདོན་བཞིན་འདུག  ཁོང་གནས་དེར་སྒོམ་སྒྲུབ་གནང་སྟེ་བཞུགས་སྐབས་ཡུལ་འདིའི་རྔོན་པ་གསུམ་གྱིས་མཐོང་སྟེ་ཡུལ་དེའི་ལྡིང་དཔོན་ལ་ཞུས། ལྡིང་དཔོན་གྱིས་ལས་མི་མངགས་ནས་ཁོང་འཛིན་བཟུང་བྱས་པ་དང་དུད་ཚང་རྒན་མོ་མ་བུ(མ་དང་བུ་མོ)ཞིག་གི་བ་རྡང་ནང་བཀག་ཉར་བྱས།  ལྡིང་དཔོན་གྱིས་བང་མི་མངགས་ཏེ་མདོ་བཞེར་རྒྱལ་པོར་སྙན་གསན་ཞུས།  ལོ་ཆེན་ས་གནས་དེར་ཉིན་གསུམ་བཀག་ཉར་བྱས་ཤིང་དེའི་རིང་ཁྱིམ་བདག་རྒས་མོ་དེས་ཁོང་ལ་ཉིན་མ་རེར་འོ་མ་ཕོར་པ་གང་རེ་དྲངས་པ་བཤད་སྲོལ་འདུག   ལོ་ཆེན་གྱིས་རྒན་མོ་མ་བུ་ལ་ཁྱེད་གཉིས་དངོས་པོ་གང་ལ་དགའ།  སླ་ང་དགའ་འམ་གེ་རྟ(དངོས་རྫས་བླུག་སའི་སྣོད་མགོ་སྦྲེལ་བ་ཞིག་ཡིན།)དགའ་ཞེས་དྲིས་པས་རྒན་མོ་མ་བུས་གེ་རྟ་ལ་དགའ་ཞེས་ལན་བཏབ་ཅིང་། དེར་ལོ་ཆེན་ལ་གནོད་འཚེ་བྱས་པའི་བཀའ་ཆད་ཀྱིས་ཤྭ་འོད་བརྒྱུགས་ཏེ་རོབ་འགག་ལ་ཁའི་ཕར་ནང་ཚུར་ནང་གི་གྲོང་ཚོ་གཉིས་བཞག་ནས་སྡེ་གཞན་མང་པོ་ཞིག་འཇིག་པ་བཤད་སྲོལ་འདུག  ད་ལྟ་ཡང་ས་གནས་འདིར་ཤྭ་འོད་བརྒྱུགས་པའི་ཤུལ་འདུག  དེ་ནས་མདོ་བཞེར་རྒྱལ་པོའི་བཀའ་ལྟར་དེང་གི་གླིང་ཁ་སྨད་མ་ཤང་ཁོངས་སོ་པ་གསུམ་པ་ཡོད་སར་མར་ཁྲིད་ཅིང་སྦལ་དོང་དུ་འཕངས་པ་སོགས་ས་གནས་དེར་ཁྲིམས་གཅོད་སྣ་ཚོགས་བཏང་བ་རེད། ཇི་ལྟར་མནར་གཅོད་བཏང་རུང་ཁོང་ལ་གནོད་པ་གང་ཡང་མ་ཐུབ་པས་རྒྱལ་བློན་རྣམས་ཡ་མཚན་སྐྱེས་ཏེ་ཁོང་གི་སློབ་མར་གྱུར་པ་བཤད།  དེ་ལྟར་དངུལ་ཆུ་རྒྱུད་ཀྱི་ཡུལ་སྡེ་མང་པོར་ལོ་ཆེན་དང་མདོ་བཞེར་རྒྱལ་པོ་གཉིས་དང་འབྲེལ་བའི་ངག་རྒྱུན་སྣ་ཚོགས་འདུག  གྲུབ་མཐའ་དང་ཆབ་སྲིད་ཀྱི་དགོས་མཁོའི་དབང་གིས་བཅོས་སླད་མ་བྱས་པའི་ངག་རྒྱུན་སྣ་ཚོགས་དམངས་ཁྲོད་དུ་མ་ཉམས་པར་གནས་པ་འདི་ཧ་ཅང་ངོ་མཚར་བ་ཞིག་དང་ལྐོག་ཏུ་གྱུར་པའི་ལོ་རྒྱུས་ཀྱི་གནད་དོན་གལ་ཆེན་ཞིག་ལོས་ཡིན།

བཞི།   ལོ་ཆེན་གྱི་སྒྲུབ་ཕུག་སོགས་ཀྱི་སྐོར།  

སྒྲུབ་ཕུག་འདིའི་སྐོར་དཀོན་མཆོག་བསྟན་པ་རབ་རྒྱས(1801-1866)ཀྱིས་བརྩམས་པའི《མདོ་སྨད་ཆོས་འབྱུང》ནང་གསལ་བ་གོང་དུ་དྲངས་ཡོད།  སྒྲུབ་ཕུག་འདི་ནི་མཁར་ཤུལ་གྱི་གཡོན་ཕྱོགས་རྒྱལ་མོ་དངུལ་ཆུའི་འགྲམ་རྒྱུད་གཡེན་འདུལ་ཁྲུས་གླིང་ཞེས་པར་གནས་ཡོད།  ད་ལྟ་ཡང་ཡུལ་མི་ཚོས་རྩ་ཆེན་བྱེད་བཞིན་ཡོད་པ་མ་ཟད།  དུས་རིམ་སྔ་ཕྱི་བར་གསུམ་ལ་སྒོམ་སྒྲུབ་གནང་མཁན་བར་མ་ཆད་པར་བཞུགས་འདུག  དུས་ཕྱིས་སུ་ཁྱུང་སེར་གདུང་འཛིན་དྲང་སྲོང་གཙུག་ཕུད་ཚུལ་ཁྲིམས(?-1953)ལགས་སྐུ་ཚེ་གང་པོར་གནས་འདིར་ཉམས་ལེན་གནང་སྟེ་བཞུགས་འདུག སྒྲུབ་ཕུག་གི་འགྲམ་དུ་ལོ་ཆེན་གྱི་ཞབས་རྗེས་དང་མདོ་བཞེར་རྒྱལ་པོས་ལོ་ཆེན་སྤྱུགས་སའི་སྦལ་དོང་ངོ་མཚར་བ་མཇལ་རྒྱུ་འདུག  ས་གནས་འདི་ན་གཞུང་ཞིག་ཏུ་ཡོད་ལ་སྔོན་མ་སྦལ་དོང་ཡོད་ས་དེར་སྦལ་པ་ཧ་ཅང་མང་ཞིང་བལྟས་པ་ཙམ་གྱིས་འཇིགས་སྐྲག་སྐྱེ་བ་ཡོད་པར་བཤད།  གཞན་ཡང་མཁར་ཤུལ་གྱི་གཡོན་ཕྱོགས་ལུང་པ་ནང་དུ་མཆོད་རྟེན་གཉིས་མཇལ་རྒྱུ་འདུག་ཅིང་།  གཅིག་ནི་ཝ་ར་སྟེ་མདོ་ཞིག་རྒྱལ་པོས་བཞེངས་པ་དང་གཞན་དེ་ནི་པ་ར་སྟེ་ལོ་ཆེན་གྱིས་བཞེངས་པ་ཡིན་ཞེས་བཤད་སྲོལ་འདུག  མཆོད་རྟེན་འདི་གཉིས་སྐོར་གཏེར་སྟོན་བདེ་ཆེན་གླིང་པའི་རང་རྣམ《ཐབས་ཤེས་ཉི་ཟླའི་རྒྱན》ལས།  ཁོང་ཚ་རོང་དྲག་རྫོང་དུ་བཞུགས་སྐབས“བྲག་རྫོང་གནས་ཀྱི་བར་བསྐོར་དུ་རྐང་ཐང་དུ་སོང་ནས་ངེད་དཔོན་གཡོག་བཅས་ཏེ་སྔར་མདོ་བཞེར་རྒྱལ་པོ་དང་།  ལོ་ཙཱ་བ་གན་ཇག་ཐང་ཏ་གཉིས་ཀྱིས་བཞེངས་པའི་མཆོད་རྟེན་པ་ར་ཝ་ར་གཉིས་ལ་གསོལ་བཏབ་སྨོན་ལམ་བྱས་ནས་ཡུད་ཙམ་བསྡད་པས་སྔར་གྱི་བག་ཆགས་བསམ་གྱིས་མི་ཁྱབ་པ་ལྷང་ལྷང་དྲན་པའི་སྐྱོ་ཤས་དྲག་པོ་བྱུང་བས་ཡུལ་ཕར་ཚུར་བལྟས་ཚེ་མིག་ཆུ་ཞོམ་པས་གཞན་ལ་འཕྲུལ་ཞིག་བྱས་སོ།།”ཞེས་གསལ་ཡོད།  མཆོད་རྟེན་པ་ར་ནི་སྤྱི་ལོ༡༩༩༢ཡས་མས་ཐོག་ཏུ་བསྐྱར་བཞེངས་བྱས་ཤིང་།  ༡༩༩༨ལོར་བླ་མ་རྣམ་སྲས་ལགས་ནས་ཉམས་གསོ་གནང་ཡོད་འདུག་པས་ད་ལྟ་ཡང་མཆོད་རྟེན་ཆ་ཚང་བ་ཞིག་འདུག  གཞན་མཆོད་རྟེན་ཝ་ར་ནི་འཇིག་ཤུལ་གྱི་ས་འབུར་ཙམ་ལས་གང་ཡང་མི་འདུག  འབྲེལ་ཡོད་ལོ་རྒྱུས་ལྟར་ན། པ་ར་ནི་ལོ་ཆེན་གྱིས་གཟུགས་མེད་ལྷ་འདྲེ་ལ་བསྐོས་མཛད་དེ་བཞེངས་ཤིང་།  དེའི་རྒྱ་ཁྱོན་མཐའ་སྐོར་ལ་ཕོ་འདོམ་སུམ་བརྒྱ་དང་དཔངས་ཀྱི་ཚད་ལ་ཕོ་འདོམ་ལྔ་བཅུ་ཡོད་པ།  ཝ་ར་ནི་མདོ་བཞེར་ཡབ་སྲས་ཀྱིས་མི་ལ་བསྐོས་མཛད་དེ་བཞེངས་ཤིང་རྒྱ་ཁྱོན་མཐའ་སྐོར་ལ་ཕོ་འདོམ་བཅོ་ལྔ།  དཔངས་ལ་ཕོ་འདོམ་བདུན་ཡོད་པར་བཤད་ཀྱང་ཡུལ་དངོས་ཀྱི་མཆོད་རྟེན་གཉིས་ལ་ཁྱད་དེ་འདྲ་ཡོད་པ་མ་མཐོང་།  དེར་ཡ་མཚན་རྒྱུ་ཆེར་མེད་དེ།  བོད་ཀྱི་ལོ་རྒྱུས་ཡིག་ཆ་ནང་དོན་དངོས་ནས་འབྲུ་ཙམ་ཞིག་ཡིན་པའི་དབང་དུ་བཏང་རུང་།  ལོ་རྒྱུས་རྩོམ་མཁན་ཚོས་རི་རབ་ཙམ་ཞིག་བཟོ་རྒྱུར་གོམས་ལོབས་སུ་གྱུར་ཡོད།  ལྷག་ཏུ་སྐབས་འདིར་ལོ་ཆེན་གྱི་ཆེ་བ་བརྗོད་ཆེད་མཆོད་རྟེན་པ་ར་ཡང་ཁོང་གིས་གཟུགས་མེད་ལྷ་འདྲེ་བསྐོས་མཛད་དེ་བཞེངས་པ་སོགས་སྒྲོ་བཏགས་མང་པོ་བྱས་ཡོད་པ་མངོན་གསལ་རེད།  མཆོད་རྟེན་འདི་གཉིས་ལ་ལོ་རྒྱུས་རང་བཞིན་གྱི་རིན་ཐང་ཧ་ཅང་ཆེ་མོད།  ཡུལ་འདིར་སྔོན་མ་འགྲོ་ལམ་མི་བདེ་བ་སོགས་ཀྱིས་རྐྱེན་བྱས་གནས་འདིའི་ལོ་རྒྱུས་དག་གསང་བ་ལྐོག་གྱུར་ལྟ་བུ་ཞིག་ཏུ་གྱུར་འདུག འདི་དག་ངེས་པར་དུ་ས་གནས་དེ་གའི་རིག་གནས་ཅུས(文化局)སོགས་ལས་ཁུངས་ཁག་གིས་སྲུང་སྐྱོབ་དང་མཐོང་ཆེན་བྱ་རྒྱུ་གལ་ཆེ། གཞན་ཡང་མཁར་ཤུལ་ཡོད་ས་དེར་ལོ་ཆེན་གྱི་བཞུགས་ཁྲི་སོགས་འདུག  དེར་ཉ་སྟོང་དུས་བཟང་སྐབས་སུ་ཡུལ་མི་ཚོས་ཚོགས་འཁོར་གཏོང་སྲོལ་འདུག  དེའི་མར་གྱི་སྡེ་འདབས་སུ་བཻ་རོའི་ཚཱ་ཁང་ཟེར་བ་འདུག

ལྔ།  མདོ་བཞེར་རྒྱལ་པོའི་ས་ཁོངས་དང་ཡུལ་སྡེ།  

ཡུལ་མི་ཚོས་བཤད་པ་ལྟར་ན།  རྒྱལ་མོ་དངུལ་ཆུའི་སྟོད་ཕྱོགས་སུ་སྡེ་ཆེན་བཞི་དང་སྨད་ཕྱོགས་སུ་སྡེ་ཆེན་བཅོ་བརྒྱད་ཡོད་པ་ལས་སྟོད་སྡེ་བཞི་ཀ་མདོ་བཞེར་རྒྱལ་པོའི་མངའ་ཁོངས་ཡིན་ཟེར།  དེ་ཡང་རྒྱལ་པོ་ཁོང་གི་མཁར་རྫོང་ཚ་རོང་རྒྱལ་མོ་དངུལ་ཆུའི་འགྲམ་དུ་ཡོད་པས་མིང་ལ་ཚ་བ་མདོ་བཞེར་རྒྱལ་པོ་འབོད་པ་དང་།  དབང་སྒྱུར་གཙོ་བོ་བྱེད་ས་ཡང་དངུལ་རྒྱུད་དུ་ཡིན་པ་འདྲ།  མངའ་ཁོངས་ཀྱི་ས་མཚམས་ཐད་ཡུལ་མི་ཚོས“སྟོད་ཀྱི་སེར་ཕུ་གངས་ལ་མན་ཆད།  སྨད་ཀྱི་ཛོ་དམར་པོ་དྭངས་ལ་ཡན་ཆད”ཡིན་པར་བཤད།  སེར་ཕུ་གངས་ལ་ནི་དཔའ་ཤོད་རྫོང་དང་མཛོ་སྒང་རྫོང་གཉིས་ཀྱི་བར་མཚམས་དེང་གི་ཚ་བ་སྒང་ཚ་གམ་པ་ལ་ཡི་མར་འགྲམ་དེར་ཡོད།  ཛོ་དམར་པོ་དྭངས་ལ་ནི་དབྱིབས་པ་གྲོང་ནས་མར་དངུལ་ཆུ་དེད་ནས་འགྲོ་སྐབས་ཛོ་པ་ཞེས་པའི་གྲོང་ཚོ་ཞིག་འདུག་ཅིང་།  གྲོང་ཚོ་དེ་ནི་མཛོ་སྒང་རྫོང་དང་རྫ་ཡུལ་རྫོང་གཉིས་ཀྱི་ས་མཚམས་སུ་ཡོད་ལ་དམར་པོ་དྭངས་ལ་ནི་གྲོང་པ་དེའི་ལུང་ཕུ་ལ་ཡོད་པར་འཆད་ཀྱིན་འདུག  དེ་ལྟར་དཔྱད་ན་དེང་གི་མཛོ་སྒང་རྫོང་གི་ལྷོ་ནུབ་ཕྱོགས་སུ་གནས་པའི་སྟོབས་འབར་ཤང་དང་གླིང་ཁ་བར་མ་ཤང་།  ལྷོ་ཕྱོགས་ཀྱི་གླིང་ཁ་སྨད་མ་ཤང་དང་རབ་ཆེན་ཤང་བཅས་དངུལ་ཆུ་རྒྱུད་ཀྱི་ཤང་ཁག་བཞི་ཡི་ཡུལ་སྡེ་རྣམས་མདོ་བཞེར་རྒྱལ་པོའི་མངའ་རིས་སུ་གཏོགས་པ་ཚོད་བགམ་བྱ་ཐུབ་ལ།  གནའ་དུས་ཀྱི་སྡེ་ཆེན་བཞི་ཟེར་བ་དེ་དེང་གི་ཤང་ཁག་འདི་བཞི་ལ་བཞག་ན་ཆོག་སྙམ་ཞིང་། དེང་གི་མཛོ་སྒང་རྫོང་ལ་གྲོང་རྡལ་གསུམ་དང་ཤང་བདུན་ཡོད་པ་ལས་གསུམ་ཆ་གཅིག་ལྷག་ཙམ་ཟིན་ཡོད།  མདོ་བཞེར་རྒྱལ་པོར་ཆབ་སྲིད་ཀྱི་སྒྲོམ་གཞི་འཐུས་ཚང་ཞིག་ཡོད་འདུག་སྟེ།  དཔེར་ན།  གཏན་འབེབས་ཀྱི་ཁྲིམས་ལུགས།  ཕྱི་བར་ནང་གསུམ་གྱི་ས་སྲུང་སྡོད་ས་སོགས་ཡོད་པ་འཆད་ཀྱིན་འདུག་པས་ཡིན།  དེ་ཡང་སོ་པ་དང་པོ་སྡོད་ས་ནི་དེང་གི་གླིང་ཁ་བར་མ་ཤང་གི་རོབ་འགག་ལ་ཁ་ཟེར་བ་དེ་ཡིན་པར་བཤད།  དེ་ནས་མར་སྤྱི་ལེ་བཅུ་ཡན་མན་གྱི་ས་རུ་སླེབས་ན་སོ་བ་གཉིས་པ་སྡོད་སའི་ས་ཚིགས་འབྲུག་གཏོང་ལ་ཁ་མཐོང་རྒྱུ་འདུག  དེ་ནས་མར་རིམ་བཞིན་སོང་ན་གླིང་ཁ་སྨད་མ་ཤང་གི་ཁོངས་གཏོགས་མདོ་བཞེར་རྒྱལ་པོའི་མཁར་ཤུལ་དང་ཐག་ཉེ་བའི་སར་སོ་པ་གསུམ་པའི་ས་ཚིགས་གོང་ཁེ་ལ་ཁ་མཇལ་རྒྱུ་འདུག  ས་ཚིགས་འདི་དག་དུས་རབས་རིམ་བྱུང་ནང་དམག་གི་སོ་སྲུང་སྡོད་ས་བྱས་ཏེ་མཁར་བརྩེགས་མྱོང་བ་ཡིན་ཙམ།  ད་ལྟ་ཡང་གྱང་དང་རྩིག་པའི་ཤུལ་གསལ་པོར་མཐོང་རྒྱུ་འདུག  མི་རྣམས་ཀྱིས་ས་ཚིགས་ཀྱི་གྱང་རོ་འདི་དག་ལ་མདོ་བཞེར་རྒྱལ་པོའི་སོ་པ་སྡོད་ས་དང་འཇང་ཁང་སོགས་མིང་སྣ་ཚོགས་འབོད་བཞིན་འདུག་མོད།  གུས་པས་བལྟས་ན་མི་འགལ་ཏེ་གནའ་དུས་མདོ་བཞེར་རྒྱལ་པོའི་སོ་སྲུང་སྡོད་ས་ཡིན་པ་ལ།  ཕྱིས་སུ་འཇང་དམག་ཡུལ་འདིར་ལྷགས་སྐབས་སོ་བ་སྡོད་ས་བྱས་པས་འཇང་ཁང་ཞེས་འབོད་སྲོལ་བྱུང་བ་ཡིན་ཆོག་སྙམ།

དྲུག མདོ་བཞེར་རྒྱལ་པོ་དང་འཇང་དམག་འཐབ་པའི་སྐོར།  

ཡུལ་ཕྱོགས་འདིའི་མི་རྣམས་ལ་མདོ་བཞེར་རྒྱལ་པོ་དང་འབྲེལ་བའི་ངག་རྒྱུན་སྣ་ཚོགས་བཤད་རྒྱུ་འདུག  དཔེར་ན། སྔོན་མ་ཡུལ་འདིར་འཇང་ས་དམ་གྱི་དམག་སླེབས་པ་དང་།  མདོ་བཞེར་རྒྱལ་པོས་ཐབས་ཇུས་ཀྱིས་འཇང་དམག་ཕྱིར་བཟློག་པ་བཤད་སྲོལ་འདུག  སྤྱིར་ན་འཇང་དང་བོད་གཉིས་བཙན་པོའི་རྒྱལ་རབས་སྐབས་དང་བོད་སིལ་བུའི་དུས་སོགས་སུ་དམག་འཁྲུག་མང་དུ་བྱུང་འདུག་ཅིང་། ལྷག་ཏུ་བོད་རྒྱལ་ཁྲི་ལྡེ་གཙུག་བརྟན(704-754)དང་། བློན་པོ་ཅུང་བཟང་དང་སྐྱེས་བཟང་ལྡོང་ཙབ་གཉིས་ཀྱི་དུས་དང་། འཇང་རྒྱལ་ལྔ་པ་ཀག་ལ་བོང(阁罗凤712-779)གི་དུས་སྐབས་ཏེ་སྤྱི་ལོ་༧༥༢གཡས་གཡོན་དུ་འཇང་གིས་བོད་ལ་མགོ་བཏགས་ཞུས་པ་དང་།  བོད་ཀྱིས་ཀག་ལ་བོང་ལ་བཙན་པོའི་གཅུང་ཞེས་པའི་ཆོ་ལོ་དང་། མིང་ལ་ཤར་གྱི་གོང་མ་ཞེས་བཏགས་ཏེ་གསེར་གྱི་ཐམ་ག་སྤྲད་པ་རེད།  བོད་བཙན་པོའི་རྒྱལ་རབས་ཀྱི་སྲིད་དབང་འཐོར་ཞིག་སོང་རྗེས་དུས་རབས་བཅུ་པ་གཡས་གཡོན་དུ་མདོ་ཁམས་ཕྱོགས་ཀྱི་བོད་རིགས་དང་འཇང་ས་དམ་གཉིས་བར་དམག་འཁྲུག་ཐེངས་མ་ཁ་ཤས་བྱུང་མྱོང་བ་འདྲ་སྟེ།  རླངས་བྱང་ཆུབ་འདྲེ་བཀོལ(968-1076)གྱིས་བརྩམས་པའི《རླངས་ཀྱི་པོ་ཏི་བསེ་རུ་ཆེ་དགེ་ཡིག་ཚང་དང་།  མི་རྒྱུད་གྲོལ་ཐབས》ལས“རླངས་དོ་དེས་ལྷ་རུ་གཡུ་དགུང་པོ་དེ་མཆོད་ནས།  ལྗང་ལ་དམག་བྱས། ལྗང་གི་ཐོག་མདའ་ནག་པོ་དེ་བཏོགས།  ལྗང་མི་དུག་ཅན་གྱི་མིག་དེ་ཕྱུངས།  དེའི་དཔའ་རྟགས་སུ་ལྗང་གི་རལ་གྲི་ངོ་གྲོ་དེ་དང་། འོད་འབར་མ་དེ་ཐོབ་པས།  དེ་བས་ནག་པོ་ལྗང་གི་འདུལ་དཔོན་ཡང་ལྷ་རིགས་རླངས་ཡིན།”(༣༥)ཞེས་གསལ་བ་དང་།  གེ་སར་སྒྲུང་ཡིག་སོགས་ལས་གླིང་དང་འཇང་ས་དམ་བར་དམག་འཁྲུག་བྱུང་བ་འཁོད་པ་དག་གིས་དཔོག་ཐུབ།  དེའི་རྗེས་སུ་འཇང་དམག་གིས་བོད་ཡུལ་ཤར་ཕྱོགས་སུ་དཔུང་འཇུག་བྱས་པའི་སྐོར་བོན་གྱི་བླ་མ་སྤྲུལ་སྐུ་བློ་ལྡན་སྙིང་པོས(1360-1406)བརྩམས་པའི་མ་འོངས་ལུང་བསྟན་དཔེ་ཆ《གསལ་བའི་མེ་ལོང》ལས“ཁྱད་པར་འཇང་གི་རྒྱལ་པོས་མདོ་སྨད་བརླག། བར་དུ་ཟུར་ཉམས་ཙམ་ཡང་ལན་གསུམ་འབྱུང་།།”(༣༦)ཞེས་འཇང་དམག་མདོ་སྨད་དུ་ལྷགས་པའི་སྐོར་དང་།  ཡང་ཁོང་གི་བརྩམས་ཆོས《མ་འོངས་ལུང་བསྟན་གསལ་བྱེད་ཉི་མའི་འཁོར་ལོ》ལས“སྒང་རོང་བར་དུ་ཧོར་དང་འཇང་རྐོང་འཁྲུག།  སྨར་ཁམས་སྒང་དུ་འཇང་བོད་ཧོར་གསུམ་འཁྲུགས།། དུས་ངན་དེ་ལ་བོད་ཁམས་བདེ་བ་མེད།།”(༣༧)ཅེས་འཇང་དམག་སྨར་ཁམས་སྒང་དུ་བསླེབ་སྲིད་པའི་སྐོར་བཀོད་ཡོད།  ལུང་བསྟན་དཔེ་ཆ་འདི་དག་ནི་བོད་ཀྱི་གནའ་སྲོལ་ལྟར་ན།  བླ་མ་དེའི་མངོན་ཤེས་ལ་བརྟེན་ནས་མ་འོངས་པར་འབྱུང་སྲིད་པའི་གནས་ཚུལ་མང་པོ་ཞིག་མཁྱེན་ཏེ་སྔོན་བསྒྲགས་བྱས་པར་ངོས་འཛིན་བྱེད།  དོན་དུ་སྐབས་དེའི་སྤྱི་ཚོགས་གནས་བབ་དང་ཆབ་སྲིད་འཕོ་འགྱུར་ལ་བརྟགས་ཏེ་མ་འོངས་པའི་དོན་དག་ཁ་ཤས་ལ་སྔོན་དཔག་བྱས་པའི་སྐད་ཆ་ཞིག་ཡིན་ནམ་སྙམ།  བསམ་ཡུལ་ལས་འདས་པ་ཞིག་ནི་ཁོང་གིས་གསུངས་པ་ལྟར།  བོད་ཀྱི་གཙང་པ་རྒྱལ་རབས་ཀྱི་སྐབས་དང་རྒྱ་ནག་མིང་རྒྱལ་རབས(1368-1644)ཀྱི་སྐབས་སུ་འཇང་ས་དམ་དམག་བོད་ཡུལ་དུ་ལྷགས་པ་རེད།  འཕགས་པ་སངས་རྒྱས(1507-1566)དགུང་ལོ་ཉེར་ལྔ་གཡས་གཡོན་ལ་སོན་སྐབས་འཇང་ས་དམ་གྱི་དམག་དཔུང་ཁམས་ལི་ཐང་དུ་འབྱོར་བ་ཁོང་གི་ལོ་རྒྱུས་ནང་གསལ་བ་དང་།  འཇང་ས་དམ་རྒྱལ་པོ་མོའུ་ཙིང(木增 1587-1646)ཞེས་པས་བོད་ཡུལ་རྒྱལ་ཐང་ངམ་སེམས་ཀྱི་ཉི་ཟླ་སོགས་སུ་དམག་དྲངས་པ་རྒྱལ་མོ་འབྲུག་པས་བརྩམས་པའི《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ》ནང་གསལ་ཡོད། འཇང་རྒྱལ་འདིས་འཇང་ས་དམ(丽江)གཡས་གཡོན་གྱི་མཐའ་མཚམས་ཡུལ་སྡེ་མང་པོ་དབང་དུ་བསྡུས་པ་ཡིན་ལ།  བོད་ཡུལ་རྒྱལ་ཐང་དང་ཆབ་མདོའི་ཁོངས་གཏོགས་སྨར་ཁམས་སོགས་སུ་དཔུང་འཇུག་བྱས་པ་འཇང་གི་ལོ་རྒྱུས་ནང་གསལ་ཡོད།  ཕལ་ཆེར་འདི་སྐབས་སུ་ཁམས་ཚ་བ་རོང་དུ་དཔུང་འཇུག་བྱས་ཡོད་པ་འདྲ་སྟེ།  ཚ་རོང་དངུལ་ཆུ་རྒྱུད་དེང་གི་མཛོ་སྒང་རྫོང་ཁོངས་སུ་གཏོགས་པ་གླིང་ཁ་བར་མ་ཤང་དུ་མཁར་རྫོང་གི་གྱང་རོ་བཞི་ཙམ་འདུག་ཅིང་།  དེ་དག་ལ་ཡུལ་མི་ཚོས་འཇང་ཁང་ཞེས་འབོད་བཞིན་འདུག

བདུན།  གཡུ་སྒྲ་སྙིང་པོའི་སྐོར།  

གཡུ་སྒྲ་སྙིང་པོའི་སྒྲུབ་ཁང་།

སྤྱིར་ལོ་རྒྱུས་ཡིག་ཆ་དག་གི་ཁྲོད་དུ་གཡུ་སྒྲ་སྙིང་པོ་མདོ་བཞེར་རྒྱལ་པོའི་སྲས་ཡིན་པར་འདོད་མཁན་ཞིག་དང་།  སྤྲང་ཕྲུག་ཏུ་འདོད་མཁན་ཞིག་བཅས་བཞེད་པ་མི་འདྲ་བ་གཉིས་ཡོད།  དེའི་ཐོག་ཏུ་དེང་སང་རྒྱལ་སྲས་དང་སྤྲང་ཕྲུག་གཉིས་ཀྱི་གཞི་མཐུན་དུ་ཁས་འཆེ་མཁན་ཁ་ཤས་ཐོན་ཡོད།  དེ་ལས་ཉང་རལ(1124-1192)ཆོས་འབྱུང་དུ་མདོ་ཞིག་རྒྱལ་པོའི་སྲས་ཡིན་པ་བསྟན་(༣༨)ཡོད།  ལྡེའུ་ཆོས་འབྱུང་དང་རྗེ་བཙུན་ཏཱ་ར་ན་ཐས(1575-1634)བརྩམས་པའི《མྱང་ཆོས་འབྱུང》གཉིས་ལས་ཁོང་རྒྱལ་སྲས་ཙམ་མ་ཟད་རྒྱལ་པོ་ཡིན་པ་(༣༩)བསྟན་ཡོད།《རུས་མཛོད་མེ་ཏོག་སྐྱེད་ཚལ》དང་སྨོན་ལམ་བོད་ཡིག་ཚིག་མཛོད་སོགས་ལས་ཁོང་ཉིད་མདོ་བཞེར་རྒྱལ་པོའི་སྲས་ཡིན་པ་བཤད་ཡོད།  དཔའ་བོ་གཙུག་ལག་ཕྲེང་བས(1503-1565)བརྩམས་པའི《ཆོས་འབྱུང་མཁས་པའི་དགའ་སྟོན》ནང་དུ “ཁ་ཅིག་རྒྱལ་མོ་གཡུ་སྒྲ་སྙིང་པོ་ཞེས་རྟེན་རྒྱལ་པོའི་སྲས་མོར་འདོད་པ་དང་།  ཡང་རྒྱལ་པོའི་སྲས་ཡིན་པ་ལ་བཻ་རོས་དོང་ནས་ནམ་མཁའ་ཆེའི་རྒྱུད་ཁ་ཐོན་མཛད་པ་བློ་ལ་ཟིན་ནས་ཕྱིས་བཻ་རོས་ཡབ་ཡུལ་ལས་བསླངས་བྱ་བ་དང་།   གཙང་ལེགས་གྲུབ་ཀྱི་སྐྱེ་བའི་སྤྲང་ཕྲུག་ཏུ་འདོད་པ་དང་།   དེ་ཡང་བུད་མེད་དུ་འདོད་པ་སོགས་མང་དུ་སྣང་ཡང་ལོ་རྒྱུས་ཀྱི་བབས་རྣམས་བསྒྲིགས་ན་རྒྱལ་མོ་ནི་ཡུལ་གྱི་མིང་དང་རིགས་རྒྱལ་པོའི་སྲས་ཡིན་ལ་མཚན་གཡུ་སྒྲ་སྙིང་པོ་ཡིན”(༤༠)ཞེས་བཞེད། ཨོ་རྒྱན་གླིང་པའི(1323-1360)གཏེར་མ《པད་མ་བཀའ་ཐང》དང་།  དེས་ཤུགས་རྐྱེན་ཐེབས་པའི་ཐུབ་བསྟན་ཆོས་འབྱུང་ཁ་ཤས་དང་བོན་གྱི་ཀུན་སྣང་གསལ་སྒྲོན་དང་དྲན་པའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན་སོགས་ལས་ཁོང་སྤྲང་ཕྲུག་ཡིན་པར་བཤད།  ཞིབ་འཇུག་པ་དཔལ་ལྷུན་དགྲ་འདུལ་དང་པད་མ་རྒྱལ་འབོད་པ་གཉིས་ཀྱིས་གཡུ་སྒྲ་སྙིང་པོ་ཁོང་རྒྱལ་སྲས་དང་སྤྲང་ཕྲུག་གཉིས་ཀྱི་གཞི་མཐུན་དུ་(༤༡)ཁས་བླངས་ཡོད།  ཁོ་གཉིས་ཀྱིས་གཞི་བཅོལ་ས་ནི་མཆོད་རྟེན(雀丹)ལགས་ཀྱིས་རྒྱ་ཡིག་ལམ་ནས་བརྩམས་པའི《རྒྱལ་རོང་བོད་རིགས་ལོ་རྒྱུས་རགས་བཤད》ཅེས་པ་འདི་རེད།  དཔེ་ཆ་འདིར་གཡུ་སྒྲ་སྙིང་པོ་ནི་དང་པོ་རྔ་བ་འབར་ཁམས་རྫོང་གི་མི་ཡིན་པ་དང་།  ཡུལ་དེའི་རྒྱལ་པོའི་སྲས་ཡིན་པ་ལ་ཁྱིམ་ཚང་ལ་གོད་ཆག་བྱུང་སྟེ་ཕྱིས་སུ་ཆུ་ཆེན་རྫོང་དུ་ཡོང་སྟེ་ལོ་ཆེན་གྱི་སློབ་བུར་གྱུར་པ་བཀོད་ཡོད།   འོན་ཀྱང་།  ཁོང་གིས་འདིའི་སྐོར་དཔྱད་གཞི་གང་ལ་ཁུངས་བཅོལ་བ་གསལ་པོར་སྨྲས་མེད་པས་གནས་ཚུལ་འདིའི་སྐོར་ལོ་རྒྱུས་དངོས་ལ་ཇི་ཙམ་བཅར་ཐུབ་མིན་བཤད་དཀའ་བ་ཞིག་རེད།  གུས་པས་བསམ་བློ་བཏང་ན།  གཅིག་ནས་ལོ་རྒྱུས་ཡིག་ཚང་སྔ་བ་དག་གིས་གཡུ་སྒྲ་སྙིང་པོ་ཁོང་སྤྲང་ཕྲུག་ཡིན་པ་བསྟན་མེད་པ་དང་།  གཉིས་ནས་ཁོང་རྒྱལ་སྲས་དང་སྤྲང་ཕྲུག་གཉིས་ཀ་ཡིན་པ་བོད་ཀྱི་ལོ་རྒྱུས་ཁྲོད་དུ་བྱུང་མ་མྱོང་བ།   གསུམ་ནས་སྐབས་དེའི་སྤྱི་ཚོགས་གནས་བབ་དང་ཆབ་སྲིད་སྒྲོམ་གཞིར་བརྟགས་ན་རྒྱལ་སྲས་ཤིག་གིས་གང་འདོད་དུ་ཕོ་བྲང་དང་བཙོན་ཁང་གི་སྒོ་ཁར་ཉུལ་ཏེ་ཟབ་གདམ་དེ་དག་ཉན་པའི་སྐལ་བ་ཡོད་པ་ལས།  དབུལ་པོའི་བྱིས་པ་ཞིག་ལ་དེ་ལྟ་བུའི་གོ་སྐབས་མེད་པ་སུས་ཀྱང་ཤེས་སླ་བས་གཡུ་སྒྲ་སྙིང་པོ་ལགས་ནི་མདོ་བཞེར་རྒྱལ་པོའི་སྲས་ཡིན་པ་བསྙོན་དུ་མེད། ཚ་རོང་དུ་མདོ་བཞེར་རྒྱལ་པོའི་མཁར་ཤུལ་ཡོད་སའི་རྒྱབ་རི་ཁྱུང་མཆོག་རབ་གསལ་གྱི་རི་ངོས་སུ་གཡུ་སྒྲ་སྙིང་པོའི་སྒྲུབ་ཕུག་མཇལ་རྒྱུ་ཡོད།  རྒན་རབས་དག་གིས་སྔོན་མ་དེར་བྲག་ཕུག་ཅུང་ཆེན་པོ་ཡོད་ཚུལ་གསུངས་ཀྱི་འདུག  ད་ལྟ་རི་ངོས་ནས་ས་རྡོ་ཉིལ་བས་བྲག་ཕུག་ཆུང་ངུ་ཞིག་ལས་མི་འདུག  སྒྲུབ་ཕུག་འདིའི་སྐོར་བོན་གྱི་གཏེར་སྟོན་སངས་རྒྱས་གླིང་པའི(1705-1735)《རང་རྣམ》ནང་དུ(༤༢)བཀོད་འདུག  གཏེར་སྟོན་ཁོང་གིས་སྒྲུབ་ཕུག་འདི་རུ་བདུན་གཅིག་རིང་ཆེད་དུ་ཉམས་ལེན་མཛད་པ་མ་ཟད།  ད་དུང་སྒྲུབ་ཕུག་ནང་ནས་གཡུ་སྒྲ་སྙིང་པོའི་གདུང་རུས་སོགས་གཏེར་ལ་བཞེས་པ་བཀོད་འདུག  བོད་རབ་བྱུང་བཅུ་བཞི་པའི་ཤིང་གླང(༡༨༦༥)ལོར་གཏེར་སྟོན་བདེ་ཆེན་གླིང་པ་མཆོག་གིས་ཆེད་དུ་སྒྲུབ་ཕུག་འདིར་ཡི་དམ་འབྲུག་གསས་ཆིབས་པའི་སྒྲུབ་པ་གནང་སྟེ་བཞུགས་འདུག  ཁོང་གིས་སྒྲུབ་ཕུག་འདི་ནི་ཞང་ཞུང་མེ་རི་བོན་སྐོར་གྱི་སྒྲུབ་གནས་དང་འགུ་རུས་བྱིན་གྱིས་བརླབས་པ།  གཡུ་སྒྲ་སྙིང་པོ་གྲུབ་པ་ཐོབ་སའི་ཁྱད་འཕགས་ཀྱི་ས་གནས་ཤིག་ཡིན་པ་བསྙད་ཡོད།  བོད་ཀྱི་ཆོས་འབྱུང་མང་པོ་ཞིག་གི་ནང་གཡུ་སྒྲ་སྙིང་པོ་ཚ་རོང་ནས་བསམ་ཡས་སུ་བྱོན་ནས་ཆོས་རྩོད་བྱས་ཏེ་སྐད་གྲགས་བཞག་པ་སོགས་ཀྱི་གཏམ་རྒྱུད་མང་པོ་བདོག་ཀྱང་། གཏེར་སྟོན་སངས་གླིང་མཆོག་གི《རང་རྣམ》ནང་དུ་གཡུ་སྒྲ་སྙིང་པོ་སྒྲུབ་ཕུག་འདི་རང་དུ་སྐུ་གཤེགས་ཞེས་བཀོད་འདུག  ཡུལ་འདིའི་མར་ཙམ་ན་ཟླ་གནས་གླང་ཆེན་རྒྱལ་པོ་ཞེས་པའི་བོན་གྱི་གནས་རི་ཞིག་ཡོད་འདུག་ཅིང་། དེའི་ཉེ་འགྲམ་གཡུ་རི་ཞེས་པའི་རི་བོ་ཞིག་གི་རྩེ་མོར་གཡུ་སྒྲ་སྙིང་པོའི་སྒྲུབ་ཕུག་ཡོད་པ་ཡུལ་མི་ཚོས་གུས་པར་བཤད་ཀྱང་ཡུལ་དངོས་སུ་འགྲོ་མ་ཐུབ།

དྲུག་པ།  ཐུགས་རྗེ་ཆེ་ཞུ་ཡུལ།  

རྩོམ་འདི་ལེགས་གྲུབ་ཡོང་བར་ལམ་སྟོན་གནང་མཁན་རྩ་བའི་བླ་མ་བསྟན་འཛིན་གཙུག་ཕུད་འོད་ཟེར་མཆོག  དཔྱད་གཞིའི་ཡིག་ཆ་མཁོ་འདོན་པ་མཁན་པོ་ཚུལ་ཁྲིམས་རབ་རྒྱས་རྣམ་དག་དང་བླ་མ་གཡུང་དྲུང་མགོན་པོ། མཁན་པོ་ཤེས་རབ་ཚུལ་ཁྲིམས། དགེ་བཤེས་བསྟན་འཛིན་མཁྱེན་རབ།  གྲོགས་པོ་ཚེ་རིང་བརྟན་གསར། རྩོམ་གྲོགས་བསམ་གཏན་ཚུལ་ཁྲིམས།  ཡུལ་དངོས་སུ་རྟོག་ཞིབ་བྱེད་དུ་སྐྱོད་སྐབས་ཐུགས་ཁུར་ཆེ་བཞེས་གནང་མཁན་མཆེད་གྲོགས་ཚ་རོང་བསྟན་པ་འབྲུག་གྲགས།  ཚ་རོང་དབང་ཆེན།  ཡུལ་དངོས་ཞིབ་འཇུག་ལ་འགྲོ་སྐབས་ཀྱི་ལས་རོགས་གཅེན་པོ་ལྷ་བསྟན།  ཚ་བ་རོང་ནས་མཐུན་རྐྱེན་རོགས་རམ་གནང་མཁན་གྱི་མཆེད་གྲོགས་དང་ཡུལ་མི་རྣམ་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན།

དཔྱད་གཞིའི་ཡིག་ཆ།

[༡]《ཁུ་བྱུག་སྔོན་མོའི་སྒྲ་དབྱངས》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲན་ཁང་ནས་2017ལོར་པར་བསྐྲུན་བྱས། ཤོག་ངོས་19 གསལ།

[༡] སངས་རྒྱས་གླིང་པ།《སངས་རྒྱས་གླིང་པའི་སྐྱེས་རབས་གཏེར་འབྱུང་ལོ་རྒྱུས་རྡོ་རྗེ་རིན་ཆེན་ཕྲེང་བ》རྩེ་དྲུག་དགོན་དུ་བཞུགས་པའི་ཡིག་རྙིང་བྲིས་མ་ཞིག་ཡིན།  ཤོག་ངོས།  (404)གསལ།

[༣] མཁའ་འགྲོ་བདེ་ཆེན་དབང་མོའི་གཏེར་མ།《མཁའ་འགྲོ་རྒྱ་མཚོའི་རྣམ་ཐར》བཀའ་རྟེན་དཔར་མ།   རྩེ་དྲུག་དགོན་དུ་བཞུགས།  ཤོག་ངོས། (484)གསལ།

[༤] དབལ་འབར་སྟག་སླག་ཅན་གྱི་གཏེར་མ། 《ཞི་ཁྲོ་རབ་འབྱམས་རྩ་གསུམ་ཀུན་འདུས》དབུ་མེད་དཔར་མ།  རྩེ་དྲུག་དགོན་དུ་བཞུགས།

[༥] གཙུག་གཤེན་རྒྱལ་མཚན།  《རྒྱལ་མོ་དངུལ་ཆུ་ཞེས་པའི་མིང་གི་གོ་དོན་གླེང་བ》མཚོ་སྔོན་པོ་དྲ་བ།  དྲ་གནས།(http://m.amdotibet.cn/special/whlt/2022-08-29/14194.html)

[༦] ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།《ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་རྣམ་ཐར》[M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། 18གསལ།

[༧] འགོས་ལོ་གཞོན་ནུ་དཔལ།《དེབ་ཐེར་སྔོན་པོ》[M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  1984ལོར་བསྐྲུན།  ཤོག་ངོས།  215གསལ།

[༨] མཁས་པ་ལྡེའུ།《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》[M] བོད་ལྗོངས་བོད་ཡིག་ཡིག་རྙིང་དཔེ་སྐྲུན་ཁང་། 2012ལོར་བསྐྲུན།  ཤོག་ངོས315གསལ།

[༩] གུ་རུ་བཀྲ་ཤིས།《གུ་བཀྲའི་ཆོས་འབྱུང》[M] ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2011ལོར་བསྐྲུན།   ཤོག་ངོས།187གསལ།

[༡༠] བོད་ལྗོངས་ཆབ་མདོ་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་།《བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་རིག་གནས་ལོ་རྒྱུས་དཔྱད་གཞི》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2014ལོར་བསྐྲུན།  ཤོག་ངོས། 299 གསལ།

[༡༡] སྤངས་རྒན་དགོན།  བོད་ལྗོངས་ཆབ་མདོ་ས་ཁུལ་འཇོ་མདའ་རྫོངས་སུ་ཡོད་པའི་བོན་ལུགས་ཀྱི་དགོན་པ་ཞིག་ཡིན།  ཁྱུང་དཀར་གདུང་འཛིན་བླ་མ་ཉི་མ་རྒྱལ་མཚན་ཞུ་བས་སྤྱི་ལོ༧༥༩ལོར་ཕྱག་བཏབ་པར་བསྙད།  དགོན་གྱི་མིང་ལ་དཔོན་དང་སྤོངས་སོགས་སྣ་ཁ་ཁ་ཤས་འབྲི་སྲོལ་འདུག་ཀྱང་དགེ་བཤེས་ཤེས་རབ་གྲགས་པས་བཏུས་རྩོམ་བྱས་པའི《ཞང་བོད་གདན་རབས》སྤངས་ཞེས་བྲིས་འདུག

[༡༢) དམུ་དགེ་བསམ་གཏན་རྒྱ་མཚོ།《བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང》[M] མི་རིགས་དཔེ་སྐྲུན་ཁང་། 2017ལོར་བསྐྲུན། ཤོག་ངོས། 231གསལ།

[༡༣] དཔལ་ལྷུན་དགྲ་འདུལ་གྱིས་བརྩམས་པའི《བོད་ཀྱི་ལོ་རྒྱུས་ཐོག་གི་སྐྱེས་མཆོག་པ་གོར་བཻ་རོ་ཙ་ནའི་སྐོར་གྱི་དཔྱད་བརྗོད》ཞེས་པ་༢༠༡༣ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་ཐེངས་གཉིས་པ་བཏབ་པ་དང་༑ པད་མ་རྒྱལ་གྱིས་བརྩམས་པའི《སློབ་དཔོན་བཻ་རོ་ཙ་ན་ཞིབ་འཇུག》ཞེས་པ་༢༠༡༧ལོར་མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་ནས་པར་ཐེངས་གཉིས་པ་བཏབ་པ་གཉིས་རེད།

[༡༤] དམུ་དགེ་བསམ་གཏན་རྒྱ་མཚོ།《བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང》[M] མི་རིགས་དཔེ་སྐྲུན་ཁང་། 2017ལོར་བསྐྲུན། ཤོག་ངོས། 231གསལ།

[༡༥] བཙན་ལྷ་ངག་དབང་ཚུལ་ཁྲིམས།《རྒྱལ་རོང་ལོ་རྒྱུས་མི་སྣ་གྲགས་ཅན་སྐོར(སྟོད་ཆ)》སི་ཁྲོན་དུས་དེབ་ཚོགས་པ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།2017ལོར་བསྐྲུན། ཤོག་ངོས། ༡༥-༡༦བར་གསལ།

[༡༦] དཀོན་མཆོག་བསྟན་པ་རབ་རྒྱས།《མདོ་སྨད་ཆོས་འབྱུང་དེབ་ཐེར་རྒྱ་མཚོ》[M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2015 ལོར་བསྐྲུན། 779 གསལ།

[༡༧] འབྲི་གུང་དཔལ་འཛིན།《ཆོས་དང་ཆོས་མ་ཡིན་པའི་རྣམ་པར་འབྱེད་པ་རྣམ་པར་དབྱེ་བའི་རབ་ཏུ་བྱེད་པ》སོག་ཟློག་པའི་ངེས་དོན་འབྲུག་སྒྲ་ནང་དྲངས་ཡོད།

[༡༨] བདེ་སྐྱིད་ཀྱིས་བསྒྲིགས། 《སྦ་བཞེད་ཕྱོགས་བསྒྲིགས》[G] མི་རིགས་དཔེ་སྐྲུན་ཁང་། 2009ལོར་བསྐྲུན། ཤོག་ངོས། 55གསལ།

[༡༩] སོག་ཟློག་པ་བློ་གྲོས་རྒྱལ་མཚན།  《དགག་ལན་ངེས་དོན་འབྲུག་སྒྲ》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1998ལོར་བསྐྲུན།  ཤོག་ངོས། 7 གསལ།

[༢༠] ཉང་ཉི་མ་འོད་ཟེར།《ཉང་རལ་ཆོས་འབྱུང》བོད་ལྗོངས་བོད་ཡིག་ཡིག་རྙིང་དཔེ་སྐྲུན་ཁང་།  2012ལོར་བསྐྲུན། ཤོག་ངོས། 309དང་303གསལ།

[༢༡] མཁས་པ་ལྡེའུ།《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》[M] བོད་ལྗོངས་བོད་ཡིག་ཡིག་རྙིང་དཔེ་སྐྲུན་ཁང་། 2012ལོར་བསྐྲུན།  ཤོག་ངོས། 315-318བར་གསལ།

[༢༢] གཡུ་སྒྲ་སྙིང་པོས་བརྩམས་པར་གྲགས།《བཻ་རོའི་རྣམ་ཐར་འདྲ་འབག་ཆེན་མོ》

[༢༣]《ཁྱུང་པོའི་རྒྱལ་རྒྱུད་ཤེལ་དཀར་མེ་ལོང》[G] ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2018ལོར་བསྐྲུན། ཤོག་ངོས། 807གསལ།

[༢༤] དྲང་སྲོང་རྣམ་རྒྱལ། 《བོན་གྱི་དཔེ་དཀོན་ཕྱོགས་བསྒྲིགས》ཤོག་ངོས། 123-124བར་གསལ།

[༢༥] གཡུང་དྲུང་གླིང་པ།《རྫོགས་ཆེན་གསེར་ཐུར》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  བོན་གྱི་བཀའ་བརྟེན། ཤོག་ངོས།  ༡༩གསལ།

[༢༦] སྤ་སྟོན་བསྟན་རྒྱལ་བཟང་པོ། 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན》ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས།  སྨད་ཆ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ཤོག་ངོས།168གསལ།

[༢༧] ཁྱུང་པོ་བཀྲ་ཤིས་རྒྱལ་མཚན། 《དྲན་པ་ཨ་དཀར་དགོངས་འདུས》གླེགས་བམ།  དཔར་མ།   རྩེ་དྲུག་དགོན་དུ་བཞུགས།   ཤོག་ངོས། 344གསལ།

[༢༨] དོན་གྲུབ་ལྷ་རྒྱལ།《གཡུང་དྲུང་བོན་གྱི་གྲུབ་མཐའ་སྤྱི་བཤད། 》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།   ཤོག་ངོས། 200 གསལ།

[༢༩] ཚེ་རིང་ནོར་བུ།《བོན་གྱི་ལོ་རྒྱུས་ཡིག་ཚང་ཞིབ་འཇུག(སྨད་ཆ)》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2021ལོར་དཔར།  ཤོག་ངོས། 37གསལ།

[༣༠] སངས་རྒྱས་གླིང་པའི་གཏེར་མ།《གུ་རུའི་རྣམ་ཐར་བསྟན་འབྱུང་ཡིད་བཞིན་རིན་པོ་ཆེ་ཀུན་སྣང་གསལ་བའི་སྒྲོན་མེ》བོན་གྱི་བཀའ་བརྟེན་ཕྱོགས་བསྒྲིགས།  དབུ་མེད་དཔར་མ།  ཤོག་ངོས། 323གསལ།

[༣༡] བདེ་ཆེན་གླིང་པ།《ཕྱི་ཡི་རྣམ་ཐར་ངོ་མཚར་པད་མའི་དགའ་ཚལ་ཐབས་ཤེས་ཉི་ཟླའི་རྒྱན》དཔར་མ།  དབུ་མེད་གླེགས་བམ།  རྩེ་དྲུག་དགོན་དུ་བཞུགས།  ཤོག་ངོས།663གསལ།

[༣༢] མེ་སྟོན་ཉི་མ་རྒྱལ་མཚན།《སྲིད་པའི་དཀའ་ཐུབ་པ་གྲུབ་དབང་མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ》[G] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  མེ་སྟོན་གདན་ས་མཐོང་གྲོལ་རི་ཁྲོད་དགོན་གྱིས་བསྒྲིགས། ཤོག་ངོས། 85 གསལ།

[༣༣] མེ་སྟོན་ཉི་མ་རྒྱལ་མཚན།《སྲིད་པའི་དཀའ་ཐུབ་པ་གྲུབ་དབང་མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ》[G] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  མེ་སྟོན་གདན་ས་མཐོང་གྲོལ་རི་ཁྲོད་དགོན་གྱིས་བསྒྲིགས། ཤོག་ངོས། 85 གསལ།

[༣༤] གཙུག་གཤེན་རྒྱལ་མཚན།《སངས་རྒྱས་གླིང་པའི་ཡང་སྲིད་མི་ཕམ་མགོན་པོའི་ལོ་རྒྱུས་ལ་དཔྱད་པ》གཡུང་དྲུང་བོན་དྲ་རྒྱ། དྲགནས། ( https://theyungdrungbon.com/2021/05/bon-236/)

[༣༥] རླངས་བྱང་ཆུབ་འདྲེ་བཀོལ《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ》[G] བོད་ལྗོངས་བོད་ཡིག་ཡིག་རྙིང་དཔེ་སྐྲུན་ཁང་། 2013ལོར་བསྐྲུན། ཤོག་ངོས། 34གསལ།

[༣༦] འོད་ཟེར་སྦྱིན་པ།《གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས》པོད(༦༥)པ། «ལུང་བསྟན་ཁ་བྱང་སྐོར» ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  ཤོག་ངོས།367གསལ།

[༣༧] འོད་ཟེར་སྦྱིན་པ།《གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས》པོད(༦༥)པ། «ལུང་བསྟན་ཁ་བྱང་སྐོར» ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  ཤོག་ངོས།425གསལ།

[༣༨] ཉང་ཉི་མ་འོད་ཟེར།《ཉང་རལ་ཆོས་འབྱུང》བོད་ལྗོངས་བོད་ཡིག་ཡིག་རྙིང་དཔེ་སྐྲུན་ཁང་།  2012ལོར་བསྐྲུན། ཤོག་ངོས། 299གསལ།

[༣༩] མཁས་པ་ལྡེའུ།《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》[M] བོད་ལྗོངས་བོད་ཡིག་ཡིག་རྙིང་དཔེ་སྐྲུན་ཁང་། 2012ལོར་བསྐྲུན།  ཤོག་ངོས། 307 གསལ།  ཇོ་ནང་ཏཱ་ར་ན་ཐ།  《མྱང་ཆོས་འབྱུང》[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011ལོར་བསྐྲུན།  ཤོག་ངོས། 315གསལ།

[༤༠] དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》[M] མི་རིགས་དཔེ་སྐྲུན་ཁང་།   2006ལོར་བསྐྲུན། 305གསལ།

[༤༡] པད་མ་རྒྱལ།《སློབ་དཔོན་བཻ་རོ་ཙ་ན་ཞིབ་འཇུག》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  2017ལོར་བསྐྲུན།  ཤོག་ངོས། 107 གསལ།  དཔལ་ལྷུན་དགྲ་འདུལ།《བོད་ཀྱི་ལོ་རྒྱུས་ཐོག་གི་སྐྱེས་མཆོག་པ་གོར་བཻ་རོ་ཙ་ནའི་སྐོར་གྱི་དཔྱད་བརྗོད》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།  ཤོག་ངོས། 108གསལ།

[༤༢] སངས་རྒྱས་གླིང་པ།《སངས་རྒྱས་གླིང་པའི་སྐྱེས་རབས་གཏེར་འབྱུང་ལོ་རྒྱུས་རྡོ་རྗེ་རིན་ཆེན་ཕྲེང་བ》དབུ་མེད་བྲིས་མ་དཔེ་རྙིང་ཞིག་ཡིན། རྩེ་དྲུག་དགོན་དུ་བཞུགས། ཤོག་ངོས།280གསལ།

– – – – –

Loading

2 མཆན།

  1. ག་བ་ག་བ་་་་
    དེ་ལ་ཁུངས་ལུང་སྤུ་རྩེ་ཙམ་ཡོད་པ་མ་རེད། ལོ་རྒྱུས་ལོག་འགྲེལ་རང་རེད།
    ཤར་རྒྱལ་མོ་ཚ་བ་རོང་དུ་ལོ་ཆེན་བཻ་རོས་བཏབ་པའི་དགོན་པ་དང་སྒྲུབ་ཕུག་ཡོད་ཅིང་། ཁོང་གི་སློབ་མ་རྒྱལ་རོང་བ་གཡུ་སྒྲ་སྙིང་པོའི་མི་རྩ་མི་ཁུངས་ཚང་མ་ད་རུང་ངོས་འཛིན་རྒྱུ་ཡོད་པར་མ་ཟད། ལོ་ཆེན་བཻ་རོ་ཙཱ་ནའི་སྦྱིན་བདག་རྒྱལ་མོ་ཚ་བ་རོང་གི་རྒྱལ་པོ་མདོ་གཞེར་ནག་པོའི་དབང་བསྒྱུར་བྱ་ཡུལ་དང་། མི་རྩ་མི་བདག་ཚང་མ་དུས་དེང་སང་གི་བར་གྲ་མ་ཉམས་གྲུ་མ་ཆག་པར་ཡོད་པ་རེད།

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།