སུམ་པ་མ་ཤགས་ཆེན་པོའི་ངོ་གདོང་ལས་མཐོང་བའི་རྣམ་འགྱུར་འགའ།

0
1173

མཚམས་སྦྱོར། 

གུས་པས་དང་ཐོག་སུམ་པ་མ་ཤགས་ཆེན་པོ་མཇལ་དུས་འཕྲུལ་གཏག་པར་མ་ཞིག་ཡིན་གཤིས། ལེགས་བཤད་རང་གི་སྙན་པ་ལས་མ་ཕྱིའི་མཛེས་སྡུག་མིག་ལམ་དུ་མ་མངོན། འོན་ཀྱང་ཉེ་ལམ་དགེ་རྒན་ཆེན་མོ་གུར་མགོན་སྐྱབས་ལགས་ཀྱི་འཆད་འགྲེལ་དང་ལྷན་དུ།  མ་ཕྱིའི་དཔེ་རྙིང་གི་པར་རྣམས་དྲྭ་ལམ་གང་སར་མཐོང་བར་བྱས་བཞག་འདུག ། མ་ཕྱིའི་འདྲ་པར་མཇལ་དུས་ཡིག་རྙིང་རྒན་པོའི་མཛེས་ཉམས་ནི་སྙིང་དུ་སྡུག་པ་ཞིག་རེད། དེ་ནི་བསྟན་བཅོས་རང་གི་རྩ་བའི་མ་ཡིག་ཡིན་མིན་ཆ་མ་འཚལ་ཡང་།  ང་ཚོས་མཐོང་བའི་མ་ཕྱི་དང་པོ་ཡིན་རྐྱེན། བསྟན་བཅོས་རང་ཉིད་འཆད་རྩོད་རྩོམ་གསུམ་གྱི་ལམ་དུ་དྲངས་དུས། གལ་ཆེ་བའི་དཔྱད་གཞིའི་མ་ཕྱིར་གཟུང་དགོས་པ་ནི་སྨོས་སུ་མེད་ཅིང་། དཔེ་རྙིང་གི་མཛེས་ཉམས་མཇལ་བའི་ཡུལ་དུའང་བྱེད་ཆོག ། དེ་ལ་གུས་པས་ཡིག་རྙིང་རྒས་པོའི་རྣམ་འགྱུར་ལས་ཐོན་པའི་གསང་བ་བཞི་ལ་ཕྱིར་རྟོག་བྱས་པའི་རྟོག་རིས་ཐུང་ཐུང་ཞིག་བཤད་པ་ཡིན་ན།

དང་པོ། དབུ་ཁྱུད་ཀྱི་གསང་བ། 

སྤྱིར་དབུ་ཁྱུད་ཀྱི་སྐོར་ལ་མཁས་དབང་དགེ་ཆོས་གཙོས་པའི་མཁས་བླུན་མང་པོས་དཔྱད་པ་གང་འཚམ་གནང་ཡོད་པ་ནི་ཀུན་པོས་མཁྱེན་གསལ་ལྟར་དུ་ལགས་ཤིང་། དེ་ལས་དགེ་ཆོས་ཀྱི་ལུགས་ནི་མང་པོའི་རྣ་བར་སྙན་ཞིང་ཡིད་ལ་བབ་གཤིས། རྗེས་འབྲང་བ་ཧ་ཅང་མང་མོད། འོན་ཀྱང་དགེ་ཆོས་རང་གིས་བཞེད་པ་བཞིན་དུ། རྣམ་པ་ཀུན་ཏུ་ལོང་བས་གླང་འཇུག་གི་ཚུལ་དུ་བྱས་ན་མི་རུང་བ་ཡང་རེ་གཉིས་ཡོད་དོ་སྙམ་ཞེས་གསུངས་པ་ཇི་ལྟར།  ཨོཾ་ཡིག་རིམ་འགྱུར་གྱི་དབུ་ཁྱུད་ཀྱི་བཤད་པ་འདི་ཡང་། ཤ་གཟུགས་ཤ་རྐྱང་གི་རྣམ་པ་ཞིག་ཀྱང་མ་ཡིན་ཏེ། ད་དུང་རྗེས་འབྲང་བ་དག་གིས་གསལ་བཤད་ཀྱི་སྒྲུབ་བྱེད་གང་འཚམ་གནང་དགོས་པ་ནི་གདོན་མི་བྱ་བ་ཡིན། ཨོཾ་ཡིག་རིམ་འགྱུར་གྱི་དབུ་ཁྱུད་ཀྱི་བཤད་པ་འདི་ཉིད། གུས་པའི་ཡིད་ལ་འཆར་མ་བདེ་བའི་རྣམ་པ་ཞིག་ནི། གལ་ཏེ་དང་ཀྱོག་ཨོཾ་རིས་ཡིན་པའི་དབང་དུ་བཏང་ན་དེ་ནི་བཀླག་ཏུ་ཡོད་པའི་ཡི་གེ་ཡིན་རྐྱེན། ཨོཾ་ཞེས་བཀླག་པའི་སྲོལ་ཡང་བྱུང་དགོས་ཏེ། བྱིན་རླབས་དང་གལ་འགངས་ཆེ་བའི་ཨོཾ་དངོས་ནི་ཨོཾ་གྱི་སྒྲ་གདངས་ལས་གཟུགས་རིས་མ་ཡིན་ཞིང་། དེ་ཉིད་ཆེད་དུ་དབུ་འདྲེན་གྱི་དོད་དུ་བེད་སྤྱོད་མཛད་ཡོད་པའི་ཕྱིར་དང་། རང་རེའི་གནའ་དེང་མཁས་པ་རྣམས་ལ་ཡོངས་སུ་གྲགས་པའི་དབུ་ཁྱུད་ནི་རྐྱེན་གྱི་ཡི་གེ་སྟེ། གང་ནས་དབུ་གཟུང་སའི་གནས་མཚོན་པའི་རྐྱེན་གྱི་གཟུགས་རིས་ཁྱད་པར་བ། ངག་ནས་བཀླག་ཏུ་མེད་པའི་ཡི་གེ་བཏགས་པ་བར་བཤད་པ་དང་ཡང་འགལ་ལོ། །

མཚན་ལ་ཡང་དབུ་ཁྱུད་དང་དང་ཀྱོག་ཅེས་ངག་ནས་བཀླག་ཏུ་མེད་པའི་གཟུགས་རིས་ཀྱི་མིང་ཙམ་ལས་བརྒལ་ཏེ། དབུ་ཨོཾ་སོགས་སུ་སྨོས་རིགས་ཤིང་དགོས་པ་གང་ཞིག་ལ། དེ་ལྟར་སྨོས་ཤིང་སྦྱར་བའི་བདེན་དཔང་མེད་པ་འདི་ཡང་ཡིད་དུ་འཆར་མ་བདེ་བ་ཞིག་ཨི་ཡིན་ན་སྙམ།

དེ་བཞིན་དུ་དབུ་ཁྱུད་ཨོཾ་ཡིག་ཡིན་ན་བོད་ཡིག་རང་གི་ཨོཾ་དུ་མ་བྲིས་པའི་རྒྱུ་མཚན་ཅི། བྲམ་ཟེ་རྣམས་ཀྱི་འགངས་ཆེན་དུ་བརྩི་བའི་གཞི་རྟེན་རྒྱ་གར་གྱི་ཨོཾ་ཡིག་ཡིན་པའི་རྐྱེན་གྱིས་ཡིན་ཟེར་ན། རྒྱ་གར་བ་རང་གིས་ཀྱང་ཨོཾ་ ॐ ཡིག་འདི་ལ་འབྲི་ཚུལ་འདྲ་མིན་གྱི་བཤའ་བཅོས་ཅི་ཡང་ཐེབས་མེད་པའི་རྒྱུ་མཚན་ཡོད་དགོས་པ་ཞིག་དང་། པྲ་ཧྨ་དང་གུཔྟའི་ཡིག་གཟུགས་གང་གི་སྐབས་ཡིན་ནའང་འདྲ། རྒྱ་གར་བ་རང་གི་ཨ་ अདང་་ཨོཾ་ ॐ ཡིག་འདི་རྣམས་ཀྱི་ཡིག་གཟུགས་གཅིག་པ་ཡིན་དགོས་པ་གང་ཞིག་ལ་དེ་འདྲའི་རྣམ་པ་མེད་སྟབས། རྒྱ་གར་གྱི་བྲམ་ཟེ་དག་གིས་ཨོཾ་ལ་འགངས་ཆེན་དུ་བརྩི་བ་རྒྱུ་མཚན་དུ་བྱས་ཏེ་རང་གིས་ཨོཾ་ཡིག་ ॐ འདི་ལ་རྨོངས་དད་བྱས་པའི་ལྟ་ཚུལ་ཙམ་ལས་མེད་ཅིང་། མི་རིགས་རང་གི་ཐུན་མིན་གྱི་ཡིག་གཟུགས་ཨ་དང་ཨོཾ་གྱི་འབྲི་སྲོལ་ཕྱེས་ནས། རྒྱ་གར་བའི་ཨོཾ་ཡིག་གསང་ཐབས་ཀྱི་བེད་སྤྱད་ཡོད་པའི་ལྟ་ཚུལ་འདི་ནི། ཟམ་པ་བཙུགས་ནས་ཆུ་བོ་རྐང་གིས་བཅད་པའི་རྣམ་པ་ཞིག་ལས་འཆར་དུ་མ་བཏུབ་ལ། རྒྱ་གར་བ་རང་གི་ཡི་གེ་ལ་ཡིག་མགོའི་གཟུགས་རིས་ལོགས་སུ་ཡོད་ཅིང་། ཁོ་ཅག་གི་དད་མོས་དང་འབྲེལ་བའི་ཨོཾ་ཡིག་དབུ་ཤོག་དང་ཡིག་མགོར་བེད་སྤྱད་པའི་ཨོཾॐའདི་རང་། བོན་ཁམས་ཁ་བ་རི་པའི་དད་མོས་ཀྱི་འདུ་ཤེས། མཛེས་དཔྱོད་ཀྱི་ལྟ་ཚུལ་དང་འབྲེལ་བ་མེད་པའི་ཨོཾ་ ॐ གྱི་ཡིག་རིས་འདི་ཉིད། ཡིག་མགོའི་དབུ་ཁྱུད་རང་དུ་ནང་འདྲེན་མཛད་པའི་བཤད་པ་འདི་ནི། བསྟན་པ་ཕྱི་དར་གྱི་དུས་ནས་བཟུང་སྟེ་མཁས་དབང་དགེ་ཆོས་ཡན་གྱི་བོད་མི་ཕལ་ཆེར་བའི་དག་གིས། བོད་ཀྱི་ལེགས་བྱང་ཡོད་ཚད་རྒྱ་གར་ལ་གཏུག་དགོས་པའི་སྣང་བ་དང་། ཐུག་ན་དགའ་བའི་བསམ་སྤྱོད་རང་སྟེང་ནས་བལྟས་ན་འགྲིག་པར་སེམས་ཀྱང་། བཙན་པོའི་དུས་སུ་སྐུ་རྟེན་གྱི་ལྷ་སྐུ་རྒྱ་དཀར་ནག་གང་གི་ལུགས་སུ་བགྱི་ཞེས་བཀའ་གྲོས་བགྱིས་ཤིང་། མཁན་ཆེན་ཞི་བ་འཚོ་ཡིས་སངས་རྒྱས་རྒྱ་གར་དུ་བྱོན་པ་ཡིན་པས་རྒྱ་གར་ལུགས་སུ་བགྱི་དགོས་པའི་རེ་བའི་དགོངས་འཆར་ཕུལ་ཡང་། བཙན་པོས་བཀའ་དགོངས་མ་གནང་ཞིང་། བོད་རང་གི་དད་མོས་མཛེས་དཔྱོད་ཀྱི་འདུ་ཤེས་དང་འཚམ་པའི་ལྷ་རྣམས་བོད་ཀྱི་མི་ལ་དཔེ་བྱ་དགོས་པར་བཞེད་དེ་བཞེངས་པའི་ལོ་རྒྱུས་དག་ལ་དཔག་ན། མུ་སྟེགས་བྲམ་ཟེ་རྣམས་ཀྱིས་འགངས་ཆེན་དུ་བརྩི་གཤིས། ཡིག་མགོ་སོགས་ན་ཨོཾ་རིང་པོ་འདི་རྟག་ཏུ་ཡོང་། ཞེས་རྒྱ་གར་གྱི་ཨོཾ་ཡིག་བོད་ཀྱི་ཡིག་མགོར་ནང་འདྲེན་གནང་བའི་སྒྲུབ་བྱེད་འདི་ཡང་། རྣ་བར་སྙན་ཞིང་ཡིད་ལ་འཆར་བདེ་བའི་རྣམ་པ་ཞིག་ཏུའང་མ་བྱུང་ལ། དགེ་ཆོས་རང་གིས། རྒྱ་དཔེ་སྔོན་མ་རྣམས་ཀྱི་དབུ་ཤོག་གི་དང་པོ་ལ་ཨོཾ་ཞིག་བྲིས་པ་མ་གཏོགས་གཞན་སྡེབ་རེ་རེའི་མགོ་ལ་ཏིང་ཀྱོག་སོགས་བྲིས་པ་ཡང་མི་སྣང་བས་ཁ་འཐོར་ཚེ་སྡེབ་ཀྱི་ཉིན་སྲིབ་གང་ཡིན་ཡང་མི་ཤེས། ཤོག་བུ་ལ་བྲིས་པའི་རྒྱ་དཔེ་རྣམས་ནི་ཤོག་བུའི་ཉིན་ལ་གུར་ཀུམ་གྱིས་ཁ་བསྒྱུར་ཏེ་སེར་པོ་དང་སྲིབ་ཕྱོགས་རང་མདོག་བཞག་པ་ཤ་སྟག་སྣང་། ཞེས་གསུངས་པ་འདི་ཡང་། ཡི་གེའི་དབུ་གང་ནས་འཛུགས་པའི་བརྡ་རྟགས་ཀྱི་དབུ་ཁྱུད། རྒྱ་དཔེ་རྣམས་ཀྱི་སྡེབ་དང་པོ་ལ་རྒྱ་གར་བ་རང་གི་དད་མོས་དང་འབྲེལ་བའི་ཨོཾ་ཡིག་རེ་འབྲི་བའི་སྲོལ་ཡོད་པ་ལས་བྱུང་བར་བཤད་པའི་འགལ་ཟླ་སྟེ། རྒྱ་གར་བས་དབུ་ཤོག་ལ་ཨོཾ་ཡིག་རེ་འབྲི་བའི་རྣམ་གཞག་དང་། བོད་རང་གིས་ཡི་གེའི་དབུ་གང་ནས་འཛུགས་པའི་དབུ་ཁྱུད་སྦྱོར་ཚུལ་གྱི་རྣམ་གཞག་གཉིས་པོ་རྦད་དེ་མི་འདྲ་བའི་རྣམ་དབྱེ་བསྟན་ཡོད།

བོད་ཀྱི་གནའ་དཔེ་ལ་ལའི་དབུ་ཤོག་གི་ངོས་སུ་དབུ་ལྷའི་ཚུལ་དུ་ཁྱུང་རེ་འབྲི་བའི་སྲོལ་ཡོད་པ་འདི་ནི། རྒྱ་དཔེའི་སྡེབ་དང་པོར་ཨོཾ་ཡིག་རེ་འབྲི་བའི་སྲོལ་དང་འདྲ་བ། མི་རིགས་རང་རང་གི་དད་མོས་དང་འབྲེལ་བ་ཡོད་པ་གདོན་མི་བྱ་བ་ཡིན།

དེ་ལ་འགའ་ཞིག་གིས་བསྟན་པ་ཕྱི་དར་གྱི་བོད་དཔེ་འགའ་རེར། དབུ་ཤོག་གི་ངོས་སུ་ཨོཾ་ཡིག །ཡིག་མགོའི་དབུ་རྒྱན་དུ་ཨ་དང་ཨོཾ་རེ་བྲིས་ཡོད་པ་མངོན་སུམ་དུ་ཚད་མས་གྲུབ་གཤིས། ཁྱོད་ཀྱིས་བཤད་པ་དག་ནི་མ་བརྟགས་གྱ་ཚོམ་དུ་སྨྲ་བར་ཟད་དོ་ཞེ་ན། གུས་པས་དེ་ལྟར་འབྲི་སྲོལ་དར་མྱོང་ཡོད་མེད་ཀྱི་གཏམ་གླེང་བྱེད་ཀྱི་མེད་ལ། མགོ་ཁུངས་རྒྱ་དཀར་ནག་གི་ཡིན་མིན་ཐོག་ནས་རིན་ཐང་འཇལ་བའི་ལྟ་བས་ཡོངས་སུ་ཟིང་ཞིང་། ཐ་ན་བོད་རང་གི་ཐུན་མིན་གྱི་བསྟན་བཅོས་མི་ཆོས་རིག་པའི་ལེགས་བཤད་རྣམས་ཀྱི་མིང་ཙམ་ཡང་ཡིད་ནས་ཡལ་བའི་དུས་རབས་ཏེ། བསྟན་པ་ཕྱི་དར་གྱི་དུས་སུ་ཨ་དང་ཨོཾ་དག་ཡི་གེའི་དབུ་རྒྱན་དུ་སྦྱར་བའི་རྒྱ་དཔེ་ལ་དཔེ་བླངས་པའི་བོད་དཔེ་སྲིད་ཀྱང་།  ལུགས་ལྡོག་གི་རིམ་འགྱུར་བཤད་པའི་རིགས་པ་ཡང་མི་སྲིད་པས། ཕྱིས་བྱུང་གི་དཔུང་རྟགས་ཁྱེར་ནས་སྔོན་གྱི་མཁོ་ཁུངས་འཚོལ་ནུས་མིན་ལ་བསམ་གཞིག་བྱེད་མ་མྱོང་བས་རེ་ཞིག་བཞག །

གཞན་ཡང་རྙིང་མའི་གཏེར་ཆོས་རྣམས་ཀྱི་མགོ་ལ་༁ྃ་འདི་འདྲ་འདུག་པ་འདི་ཡང་ཨོཾ་ཡིག་ཏུ་འདུག་ལ། ཞེས་གསུངས་པ་འདི་ནི་རྒྱ་བོད་ཀྱི་ཡི་གེ་གང་ཞིག་མཚུངས་གཞིར་བཞག་ནས་འདྲ་བ་བཤད་པ་ཆ་མ་འཚལ་ཡང་། མཐོང་ཚོད་ལ་བོད་ཡིག་རང་དུ་བཞེད་པ་མིན་འགྲོ་སྙམ་པ་ཞིག་ཏུ་ལགས་ན། མུ་སྟེགས་བྲམ་ཟེ་རྣམས་ལ་བསྟིང་སླད་ཀྱི་ཚུལ་དུ་ཨོཾ་ཡིག་ཁ་ཆག་སྣ་རལ་དུ་བཏང་བའམ། ཡང་ན་རྒྱ་གར་ཨོཾ་ཡིག་གི་ཟབ་གསང་གི་ཡོན་ཏན་རྒྱ་ཆེ་བའི་སྟོབས་ཀྱིས། བོད་ཡིག་ཨོཾ་ཡིག་གི་ཁྱག་གི་མེད་པའི་མཚོན་དོན་དུ་ཐོག་གི་དབྱངས་བཅད། རྗེས་སྨྱུག་ཁམ་གྱི་དྲང་འཐེན་བཅད་པའི་གསང་བ་འདྲ་བཤད་དུ་མེད་ན། ཡིད་ལ་འཆར་བདེ་བའི་རྣམ་པ་ཞིག་ཏུ་མ་སོང་ལ། རི་མོ་འདི་ཉིད་ཨོཾ་ཡིག་ཡིན་དགོས་པའི་བསམ་པས་ཕར་བལྟས་ནས་ཨོཾ་ཡིག་ཏུ་འདུག་ཅེས་བཤད་པ་ལས། རི་མོ་རང་ངོས་ནས་ཨོཾ་ཡིག་གི་རྣམ་པ་ཚུར་གཏད་དེ་ཨོཾ་ཡིག་ཡིག་ཏུ་འདུག་ཅེས་པ་ཞིག་ནི་མ་ཡིན་པར་སེམས་ཏེ། རི་མོ་འདི་ལ་འདྲ་མིན་ཅི་རིགས་པ་ཞིག་ཡོད་པར་མ་ཟད། སྐབས་དང་ལན་རེར་གཡུང་དྲུང་ཕྱེད་མ་ལ་གདན་ཞབས་ཀྱུས་མཚན་པ་ཡང་མཐོང་རྒྱུ་ཡོད།

འབྲི་ཚུལ་གྱི་རྣམ་པ་ཅུང་ཟད་མང་ཞིང་རྩིས་འཕྲུལ་གྱི་གཟུགས་རིས་ལ་ཡིད་བརྟན་འཕེར་བ་དེ་ཙམ་མེད་སྟབས། དབུ་ཁྱུད་༂འདི་ལ་རེ་ཞིག་མང་པོ་བཤད་པར་མི་འོས་ཀྱང་། དབུ་ཁྱུད་༂འདི་ནི་ཨོཾ་ལས་བྱུང་བར་འདོད་པ་དག་གིས། ཨཱོྃ་རིང་སྐུ་ལྔ་མ་རུ་གྲགས་པའི་ཨཱོྃ་༂རུ་བསྡུས་པའི་དབུ་ཁྱུད་ཅིག་ཏུ་འདོད་སྲིད་ཀྱང་། སྣར་ཐང་ལོ་ཙཱ་བ་དང་སི་ཏུ་པཎ་ཆེན་སོགས་ཀྱིས་ཀེ་ཤ་ཅན་ཡིན་མིན་ལ་མ་ལྟོས་པར། མཚམས་སྦྱོར་གྱི་ཡི་གེ་ཨེ་ཨོ་སོགས་ལ་འ་འདོགས་སྦྱར་མི་རིགས་པ་བཞེད་པ་ཙམ་དུ་མ་ཟད། རིག་འཛིན་ཀུན་གྲོལ་གྲགས་པས་ཨོཾ་ལ་རིང་ཆ་འ་འདོགས་དང་ཟླ་ཚེས་སྦྱར་བ་ལེགས་སྦྱར་ལ་མེད་པར་བཤད་ཅིང་། ཨཱོྃ་ཡིག་འདི་ནི་བོད་དང་ཞང་ཞུང་གི་ལུགས་ཡིན་པར་བཤད་པ་ཙམ་དུ་མ་ཟད། འ་ཡིག་ནི་བོད་རང་གི་ཐུན་གྱི་ཡི་གེ་ཞིག་སྟེ། རྒྱ་ཡིག་ལྔ་བཅུ་སོགས་སུ་མ་འདུས་ཤིང་། སྔགས་ཡིག་དངོས་ཀྱི་ཡི་གེར་སྦྱར་མི་རིགས་པ་སྔགས་ཀློག་གི་བསྟན་བཅོས་རྣམས་སུ་འཁོད་ཡོད་གཤིས། འའི་ཁྱད་པར་དུ་བྱས་པའི་དབུ་ཁྱུད་འདི་ནི་རྒྱ་གར་ལས་བྱུང་བའི་ཁུངས་ལུང་ལ་འཐད་ཕྱོགས་དེ་ཙམ་མེད་ཅིང་། ཝརྟུའི་ཨོཾ་ཡིག་གི་གཟུགས་རིས་ཡིན་པར་བཤད་པ་ནི། དབུ་ཁྱུད་འདི་དག་གི་ཁུངས་རྒྱ་གར་ལ་ཐུག་དགོས་པར་འདོད་པའི་འདུན་པས་བཙན་གྱིས་བཏོན་པའི་བསམ་ཚུལ་ཙམ་ལས་དོན་ལ་གནས་ཁག་པར་སེམས་ཏེ། དབུ་ཁྱུད་འུྃ་འདི་ནི་དམོད་ཡིག་སོགས་ཀྱི་དབུ་ཁྱུད་རུ་སྦྱར་བའི་རྣམ་དབྱེ་ཡོད་པ་དག་ལ་དཔག་ན། འདུན་པའི་བསམ་ཚུལ་ཙམ་ལས་བདེན་པའི་དཔུང་རྟགས་ཀྱི་འཐུས་སྒོ་ཚང་གི་མེད་པ་གསལ་པོར་ཡིན།

མདོར་ན་དབུ་ཁྱུད་࿓འདི་རྣམས་རྒྱ་གར་བ་རང་གི་དད་མོས་དང་འབྲེལ་ཏེ། རྒྱ་དཔེའི་དབུ་ཤོག་གིས་ངོས་སུ་ཨོཾ་རེ་འབྲི་སྲོལ་ཡོད་པ་དག་ལས་བྱུང་བར་བཤད་པ་དག་གིས། འདྲ་བ་ཕྱོགས་རེ་ཙམ་རྒྱུ་མཚན་དུ་བྱས་ནས་རང་གི་རིག་འཕྲུལ་ཡོད་རྒུས་འགྲེལ་བཤད་གང་མང་གནང་ཡོད་ཀྱང་།  རི་མོ་࿓འདི་ཡི་ཁ་ཕྱོགས་གཡས་གཡོན་དང་སྟེང་འོག་མ་ངེས་པའི་སྒོ་ནས་དབུ་ཁྱུད་དུ་སྦྱར་ཡོད་པ་གནའ་ཡིག་དག་ཏུ་མཐོང་རྒྱུ་ཡོད་སྟབས། དང་ཐོག་ཨོཾ་ཡིག་གསང་ཐབས་ཀྱིས་དབུ་ཁྱུད་དུ་ནང་འདྲེན་བྱས། བར་དུ་རང་འདོད་ཅན་རྣམས་ཀྱིས་འབྲེལ་མེད་དུ་བཅོས་སྒྱུར་བྱས། ཐ་མ་བླུན་པོ་རྣམས་ཀྱིས་མགོ་གཞུག་ལོག་པའི་ཚུལ་དུ་བེད་སྤྱད་ཡོད་པའི་གསང་བ་འདྲ་བཤད་དུ་མེད་ན། རྟོག་ལྡན་དག་གི་ཡིད་ངོར་འཆར་བདེ་བའི་རྣམ་པ་ཞིག་ཏུ་མ་ལགས།

དེ་བཞིན་དབུ་ཁྱུད་ཀྱི་མགོ་ཁུངས་རྒྱ་གར་ལ་ཐུག་དགོས་པར་རློམ་པ་དག་གིས། འཁྱུག་བྲིས་ཀྱི་དབུ་ཁྱུད། སྦྲུལ་ཤད་དུ་གྲགས་པའི་དེ་དག་གི་མགོ་ཁུངས་དང་བཤད་པ། རྒྱ་གར་གི་དད་མོས་དང་འདྲ་མཚུངས་ཕྱོགས་རེ་བ་ཙམ་རྒྱུ་མཚན་དུ་བཟུང་སྟེ། རང་གི་རིག་རྩལ་གྱིས་འགྲེལ་བཤད་ཀྱི་བཤད་པ་གང་འཚམ་རེ་བསྒྲིག་དགོས་པ་ནི་སྨོས་སུ་མེད་དོ། །

དེས་ན་བོད་རྒན་དག་གིས་དབུ་ཁྱུང་དབུ་ཁྱུད་དུ་བཅོས་ནས་འབྱམས་ཤིང་། ད་གཟོད་དང་ཀྱོག་ཅེས་པའི་མིང་འདི་ཡང་གཞི་ནས་བྱུང་བའི་དཔང་རྟགས་ཡང་དག་ཅིག་མེད་པ་ཡིན་ན། རང་གིས་གསར་དུ་ཕྱེས་པའི་ཤིང་རྟའི་ལམ་དུ་འགྲོ་མི་བདེ་བའི་རྣམ་པ་ཞིག་མངོན་ཡོང་བ་ནི་གདོན་མི་བྱའོ། །

ད་ནི་གུས་པས་བོད་རང་གི་ཡི་གེའི་བྱུང་བ་དང་འབྲེལ་ཏེ། དབུ་ཁྱུད་ཀྱི་གསང་བ་ཡང་འདི་འདྲ་ཞིག་མིན་འགྲོ་སྙམ་པའི་བསམ་ཚུལ་བཤད་པ་ཡིན་ན། མདོ་ལུང་ལས། ཡི་གེ་སུམ་ཅུས་བོན་གྱི་ཁོག་ཡང་ཕུབ ། །མགོ་ཡིས་ལམ་དྲང་ཤད་ཀྱིས་མདོར་ཡང་བཅད ། །ཚེག་གིས་བར་ཕྱེ་མི་འཁྲུགས་གསལ་བར་སྙོམས། །གུག་འགྲེང་ན་རོ་ཞབས་ཀྱུ་ཡ་སྟ་ཡིས། །སྐབས་སྦྱོར་དོན་དུ་ཡན་ལག་རྒྱས་པར་བཏགས། །ཞེས་བོད་རང་གི་ཐུན་མོང་མ་ཡིན་པའི་ཡི་གེའི་བཤད་པ་འདི་ལས་མངོན་པའི་ཡིག་མགོའི་དབུ་རྒྱན་གྱིས་ལམ་འདྲེན་པར་བྱེད་པའི་བརྡ་རྟགས། དབུ་ཁྱུད་དམ་ཡིག་མགོའི་གཟུགས་རིས་འདི་ལ་འབྲི་སྲོལ་མི་གཅིག་པ་མང་དུ་མཆིས་ཀྱང་། གནའ་དཔེ་རྣམས་ཀྱི་གཙོ་རྒྱུགས་ཀྱི་དབུ་ཁྱུད་གཅིག་ནི་࿓།འདི་ཡིན་ཞིང་། སྐབས་ཀྱི་གླེང་བར་བྱ་བའི་སུམ་པའི་མ་ཤགས་ཆེན་པོའི་དབུ་ཁྱུད་ཀྱང་འདི་ཡི་ཁོངས་སུ་གཏོགས། དེ་ལ་སུམ་པའི་མ་ཤགས་ཆེན་པོའི་དབུ་ཁྱུད་འདི་ཡི་࿓།།ཿ ཿ །།བཞི་ཤད་བར་དུ་ཡོད་པའི་ཐིག་ལེ་བརྩེགས་མ་འདི་ཡིས། གུས་པའི་རྟོག་པ་བསམ་གཞིག་གི་ཀློང་དུ་བཅུག་ནས་ས་གནས་གཞན་ཞིག་ཏུ་འཁྱེར་སོང་བའི་ཚོར་སྣང་གཞན་ཞིག་བྱུང་། དེ་ཡང་ཡིན་ཏེ་དགེ་ཆོས་ཀྱིས། གཏེར་ཡིག་རྣམས་ལ་རྐང་རེ་བཞིན་གྱི་མཐར་ཚེགཿ འདི་འདྲ་བྱུང་བ་དེ་ཡང་གོང་དུ་བཤད་པ་ལྟར་བོད་ཡིག་རྙིང་པ་ལ་ཚེག་སྟེང་འོག་གཉིས་རེ་འདུག་པ་དེའི་སྲོལ་དུ་འདུག་པས་འགའ་ཞིག་གིས་རྐང་རེའི་མཐའ་ལ་རྣམ་བཅད་ཐོབ་ན་སྒྲ་མདོ་དང་འགལ་ཞེས་དགག་པ་མཛད་པ་ཡང་དོན་མེད་དུ་སོང་ལ། སོག་ཟློག་པས། འདི་ནི་ཚེག་དྲག་ལ་ཡང་རུང་། བཤད་བྲིས་མགྱོགས་ཙམ་ཁྱད་པར་ཡིན། གསུངས་པ་ཡང་མད་དོ། །འདི་དག་བསམ་ཚེ་མཁའ་འགྲོའི་བརྡ་ཡིག་རིགས་མི་འདྲ་བ་མང་པོ་འདུག་པས་འགའ་ཞིག་བོད་ཡིག་རྙིང་པའི་གཟུགས་ཡིན་ནམ་ཡང་སྙམ་མོ། །

ང་རང་གི་ཡིད་ཀྱང་ཡིག་རྙིང་རྒན་པ་དག་གི་ཡུལ་དུ་ཕྱིན་ནས་ཞིབ་ལྟ་ཐེངས་གཅིག་བྱ་དགོས་ཐུག་སོང་། ཐིག་ལེ་བརྩེགས་མའི་མཐའ་རྒྱན་ཅན་གྱི་དབུ་ཁྱུད་ཀྱི་མགོ་ཁུངས་བཙལ་བ་ཡིན་ན། བོད་ཡིག་རྙིང་མའི་ཡབ་མེས་སུ་གྲགས་པའི་ཞང་ཞུང་གི་སྨར་ཆེན་སོགས་ལ་འབྲེལ་བ་ཡོད་པར་སེམས་ཏེ། སྨར་ཆེན་གྱི་ཡི་གེའི་དབུ་རྒྱན་དུ་གཡུང་དྲུང་གི་རིས་ལ། འོག་ནས་གཡས་སྐོར་དུ་མུ་ཁྱུད་ཀྱི་རྣམ་པ་གྲུ་བཞི་ཕྱེད་མ་མདུན་དུ་དཀྱོག་པ་ཞིག་གམ། གདན་ཞབས་ཀྱུ་ལྟ་བུ་ཅན་ཞིག་གི་རྗེས་སུ། ཟུར་བཞིའི་ཐིག་ལེ་ཉིས་བརྩེགས་ཅན་གྱི་མཐའ་རྒྱན་ཡོད་པ་གང་དེ་ཡི་གེའི་མགོ་འདྲེན་དུ་སྦྱར་ཡོད་པ་ཡིན།

གཡུང་དྲུང་གི་རི་མོ་འདི་ནི། མཐོ་སངས་རྒྱས་སྟོན་པ་གཤེན་རབ་ཀྱི་མཚན་དཔེ་དང་ཕྱག་མཚན་ནས་བཟུང་སྟེ། དམའ་སྤྲང་མོ་མ་སྨད་ཀྱི་སྟན་འོག་དང་སྒོ་ལེགས་ཡན་དུ་མ་ཁྱབ་པ་མེད་གཤིས།  གཡུང་དྲུང་གི་རི་མོ་འདི་ནི་བོད་མིའུ་གདུང་དྲུག་ལས་མཆེད་པའི་ཡ་ཐོག་བོད་ཀྱི་མེས་པོ་དག་གིས་དབུ་བཟུང་སྟེ། བོད་མི་ཡོངས་ཀྱིས་མི་མཐུན་གཡུལ་ལས་རྒྱལ་བའི་བཀྲ་ཤིས་མི་འགྱུར་བའི་མཚན་མར་བརྩི་བ་ནི། བོད་རང་གི་དད་མོས་ཀྱི་སེམས་ཁམས། མཛེས་དཔྱོད་ཀྱི་ལྟ་བ་དང་འབྲེལ་བ་ཡོད་པ་ནི་སྨོས་སུ་མེད་ཅིང་། ཡི་གེའི་དབུ་རྒྱན་གྱི་མཚན་མར་སྦྱར་བ་ལ་ནི་གཏན་ཚིགས་ཀྱི་འཐད་ཕྱོག་ཅི་བས་ཆེ།

དབུ་ཁྱུད་ཀྱི་མགོ་ཁུངས་སྨར་ཆེན་གྱི་ཡིག་མགོ་གཡུང་དྲུང་རིས་འདི་ཡིན་པར་སེམས་པ་ལ། རིམ་འགྱུར་གྱི་བྱུང་བ་དང་རྣམ་པ་འགའ་ཞིག་བཤད་དུ་ཡོད་དགོས་ཀྱང་། བྱུང་བའི་བཤད་པ་ནི་མ་མཐོང་། རྣམ་པའི་ངོས་ནས་གཞལ་བ་ཡིན་ན། སྤྱིར་སྨར་ཆེན་གྱི་ཡིག་མགོར་གཡུང་དྲུང་བོན་འཁོར་ཆ་ཚང་འབྲི་སྲོལ་ཡོད་ཀྱང་། ཡིག་མགོ་ཀུན་ཏུ་གཡུང་དྲུང་གི་རི་མོ་གོང་བཞིན་ཆ་ཚང་བྲིས་ཡོད་པའི་ངེས་པ་མེད་དེ། སྐབས་རེ་སྟེང་དང་འོག་གི་རྐང་པ་གཉིས་པོ་མུ་ཁྱུད་ཀྱི་རི་མོས་སྦྲེལ་ཏེ་སྨྱུག་ཁམ་གཅིག་བྲིས་པ་་ཡོད་ལ། དེ་བཞིན་སྨར་ཆུང་གི་དབུ་ཁྱུད་ལ་དབུ་མེད་ཀྱི་འ་གཉིས་ཐོག་འོག་ཏུ་བརྩེགས་པ་ལྟ་བུ་ལ་གདན་ཞབས་ཀྱུའི་རྣམ་པས་བརྒྱན་པ་འདྲ་བ་འདི་ཡང་། གོང་དུ་བཤད་པའི་སྨར་ཆེན་གྱི་ཡིག་མགོའི་དབུ་རྒྱན་གཡུང་དྲུང་གི་རི་མོ་མགྱོགས་བྲིས་ཡིན་པ་གདོན་མི་ཟ་བ་ཡིན། དེ་ཡང་འབྲི་སྟབས་ཇེ་བདེར་བཏང་ནས་དབུ་མེད་ཀྱི་འ་ལ་ཞབས་ཀྱུ་སྦྱར་བ་ལྟ་བུའི་ཡིག་མགོའི་དབུ་རྒྱན་འདི་བྱུང་བར་སེམས་ཤིང་། སྨར་ཆུང་གི་ཡིག་མགོའི་འབྲི་སྲོལ་གཞན་ཡང་། རྩ་བའི་སྒྲོམ་གཞི་གོང་དུ་མཚུངས་ཀྱང་། དབུ་ཅན་གྱི་ཉ་ལ་ཞབས་ཀྱུ་སྦྱར་བ་ལྟ་བུ་ཡོད་ཅིང་། དེ་ཉིད་འབྲི་སྟབས་ཇེ་བདེར་བཏང་སྟེ། སྨྱུག་ཁམ་གཅིག་གིས་འབྲི་དགོས་པ་ཡིན་ན། སྟེང་གི་རྐང་པ་དོར་ནས་གཡུང་དྲུང་རྐང་ཡ་མའི་ཚུལ་དུ་འབྲི་དགོས་པ་ཡིན། རི་མོ་࿓འདི་ནི་གཡུང་དྲུང་གི་རི་མོ་བསྡུས་པའི་མཛེས་རྩལ་གྱི་ཁྱད་ཆོས་ལྡན་པར་མ་ཟད་འབྲི་སྟབས་ཀྱི་ཟོར་ཡང་ཞིང་སྟབས་བདེ་བའི་མགྱོགས་བྲིས་ཀྱི་རྣམ་པ་ལྡན་པ་ཡིན། ང་ཚོས་ཤེས་གསལ་ལྟར། བཀྲ་ཤིས་མི་འགྱུར་བའི་མཚོན་བྱེད་གཡུང་དྲུང་གི་རི་མོ་ཡིན་ན། ཕྱོགས་བཞིའི་རྐང་པ་ཆ་ཚང་བའི་གཡུང་དྲུང་གི་རི་མོ་ཡིན་པའི་ངེས་པ་མེད་པ་ནི། རོང་འབྲོག་གི་རྟ་མགུལ་ཡན་ཆད་ལ། བཀྲ་ཤིས་པའི་མཚན་མའི་མཛེས་ཆོས་སུ་གཡུང་དྲུང་ཕྱེད་མ་དང་། གཡུང་དྲུང་རྐང་ཡ་མ་སོགས་ཀྱི་རི་མོ་སླས་ཤིང་བྲིས་པ་ཧ་ཅང་མོད། ཆེས་ཡ་མཚན་པ་ཞིག་ལ་གཤེན་རབ་སྤྲུལ་སྐུའི་སྐུ་ཐང་རྙིང་པ་ཞིག་ཏུ། དཔེ་བྱེད་བཟང་པོའི་རྒྱན་གྱི་ཚུལ་དུ་རི་མོ་࿓འདི་སྦྱར་ཡོད་པ་མཐོང་རྒྱུ་ཡོད། འདི་ནི་སངས་རྒྱས་ཀྱི་དཔེ་བྱད་འཆད་སྐབས་གཡུང་དྲུང་འཁྱིལ་བས་བརྒྱན་པའོ་ཞེས་གསུངས་པའི་གཡུང་དྲུང་གི་རི་མོ་ཡིན་པར་སེམས་སོ། །

གཉིས་པ། ཆེ་རྟགས་ཀྱི་གསང་བ། 

གཞན་ཡང་གུས་རྟགས་སམ་ཆེ་རྟགས་སུ་གྲགས་པའི་བརྡ་རྟགས་༸ འདི་ལ། འཕགས་པའི་ནོར་བདུན་དང་རྒྱལ་སྲིད་སྣ་བདུན་གྱི་ཆེ་བ་བཤད་པ་སོགས་ནི། རང་རང་གི་རྟོག་པའི་རིག་འཕྲུལ་གྱི་རྩལ་ངོམ་སྟངས་ཙམ་ལས། བཤད་རྒྱུན་རྙིང་པའི་རྒྱབ་རྟེན་གྱི་ཁུངས་ནི་འགོད་རྒྱུ་མི་འདུག །གུས་རྟགས་འདི་དང་འཁྱུག་ཡིག་སོགས་ཀྱི་དབུ་ཁྱུད། ཨང་གྲངས་གཉིས་པ་༢ལྟ་བུ་འདི་དག་གི་མགོ་ཁུངས། སྦྲུལ་ཤད་དུ་གྲགས་པ་འདི་༈དག་ལ་ཐུག་པར་སེམས་ཏེ། སྦྲུལ་ཤད་ལ་རྒྱས་བསྡུས་ཀྱི་རྣམ་པ་མི་གཅིག་པ་མང་དུ་ཡོད་ཀྱང་། རྩ་བའི་གཙོ་རིས་དབུ་ཅན་དང་དབུ་མེད་ཀྱི་ལ་ཡིག་གི་རྣམ་པ་ཅན་འདི་༈དག །གཡས་ནས་གཡོན་དུ་ཐད་ཀར་བྲིས་པ་དང་། སྟེང་ནས་འོག་ཏུ་མར་བྲིས་པ་ཡོད་པ་དག་ལ་དཔག་པ་ཡིན་ན། གཡས་ནས་གཡོན་དུ་འཐེན་རུང་ལ། སྟེང་ནས་འོག་ཏུ་བྲིས་ཀྱང་འགལ་བ་མེད་པ་འདི་ནི། གཡུང་དྲུང་གི་རྐང་པ་ཕྱོགས་བཞིར་ཡོད་གཤིས། གཡུང་དྲུང་ཕྱེད་མའི་ལྕགས་རི་ལ་མགོ་གཞུག་ལོག་པའི་སྐྱོན་མེད་པ་བཞིན་དུ་ངེས་ཤིང་། ཕྱིས་ཀྱི་སུམ་རྟགས་མཁན་པོ་དག་གིས་སྦྲུལ་ཤད་ནི་སརྒ་དང་ལེའུ་མཚམས་ལྟ་བུར་མཚམས་འབྱེད་བྱེད་ཀྱི་རྟགས་ཙམ་ཡིན་པར་བཤད་ཀྱང་། དབུ་མེད་ཀྱི་དཔེ་རྙིང་དག་ཏུ་སྦྲུལ་ཤད་ཡིག་མགོར་སྦྱར་བ་མང་དུ་ཡོད་ཅིང་། བུ་ཆེན་བརྒྱད་ཀྱིས་བསྒྲིགས་པའི་མི་ལའི་རྣམ་ཐར་བྲིས་མའི་ནང་དུ། ལེ་ཚན་གྱི་བར་མཚམས་འབྱེད་པའི་གུས་རྟགས་སུ་སྦྲུལ་ཤད་རྒྱས་པ་སྦྱར་ཡོད།

དབུ་མེད་ཀྱི་ཡིག་མགོ་དང་མཚམས་འབྱེད་པའི་རྟགས་སུ་རེ་མོས་བེད་སྤྱད་ཡོད་པ་࿑འདི་ཉིད་བསྡུས་ཏེ། ཨང་གྲངས་གཉིས་པ་༢ལྟ་བུ་ཞིག་སྦྱར་ཡོད་པ་འདི་རང་གིས་ཀྱང་། ཆེ་རྟགས་སུ་གྲགས་པ་༸ འདི་ཡང་སྦྲུལ་ཤད་ཀྱི་གཙོ་རིས་རང་ཡིན་པར་སེམས།

སྦྲུལ་ཤད་བསྡུས་ཏེ་མཚན་གྱི་དབུ་རུ་ཆེ་རྟགས་སུ་སྦྱར་བའི་རྒྱུ་མཚན་ནི། གོང་དུ་བཤད་པ་ནང་བཞིན་སྦྲུལ་ཤད་ཀྱང་གུས་པས་བར་མཚམས་འབྱེད་པའི་བརྡ་རྟགས་ཡིན་གཤིས། བླ་མའི་མཚན་ངག་ལས་བརྗོད་དུས་མིང་ནས་ཐད་ཀར་འཛིན་པའི་གུས་མེད་ཀྱི་རྣམ་པ་དོར་ཏེ། མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན་ཞེས་པ་ལ་སོགས་པའི་ཆེ་བའི་རྣམ་པ་མང་དུ་བརྗོད་སྲོལ་ཡོད་པ་འདི་ཡང་། ངག་ཐོག་གི་གུས་པའི་མཚམས་ཚིག་ཡིན་ཞིང་། ཡིག་ཐོག་ཏུ་བླ་མའི་མཚན་འབྲི་དུས་ཀྱང་གུས་པས་མཚམས་འབྱེད་པའི་སྦྲུལ་ཤད་མཚན་གྱི་དབུ་རུ་འབྲི་བའི་ལུགས་འདི་ཕྱིས་སུ་བྱུང་བར་ངེས་ཀྱང་། མགོ་ཁུངས་སྦྲུལ་ཤད་རང་དུ་གཏོགས་པའི་རྣམ་པ་ཡོད་པར་མ་ཟད། ལེ་ཚན་གྱི་བར་མཚམས་འབྱེད་པའི་གུས་རྟགས་སྦྲུལ་ཤད་࿑འདི་ཡི་འོག་གི་གདན་དང་གུག་ཀྱོག་གི་རྐང་པ་བསྡུས་ཏེ། ཨང་གྲངས་གཉིས་པ་༢ལྟ་བུ་ཞིག་སྦྱར་སྲོལ་ཡོད་པ་དཔེ་རྙིང་དག་ཏུ་མཐོང་རྒྱུ་ཡོད་པ་འདི་ཡང་། སྦྲུལ་ཤད་ཀྱི་འབྲི་སྲོལ་གཞན་ཞིག་ཡིན་པ་སྨོས་སུ་མེད་དེ། གླེགས་བམ་གཅིག་གི་ནང་དུ་ཡང་རྒྱས་བསྡུས་རེ་མོས་ཀྱི་ཚུལ་དུ་སྦྱར་བ་དངོས་སུ་མཐོང་བཏུབ་པ་ཡིན།

དེས་ན་མཚན་གྱི་དབུ་རུ་གུས་རྟགས་༸འདི་ཉིད་སྦྱོར་བའི་འབྲི་སྲོལ་ཕྱིས་སུ་བྱུང་བར་ངེས་ཀྱང་། གདན་དང་རྐང་པ་མེད་པའི་སྦྲུལ་ཤད་བསྡུས་པ་གུས་པའི་མཚམས་རྟགས་སུ་སྦྱར་ཞིང་སྦྲུལ་ཤད་ཀྱི་དོད་དུ་བྲིས་པ་མང་དུ་ཡོད་པ་འདི་དག་གིས། གུས་རྟགས་༸འདི་ཡང་སྦྲུལ་ཤད་ཀྱི་འབྲི་སྲོལ་གཞན་ཞིག་ཡིན་པ་ལ་རྒྱུ་མཚན་ལྡན་ཞིང་། དབྱིབས་གཟུགས་རང་སྟེང་ནས་གཞལ་ཡང་ཨང་ཀིའི་བདུན་པའི་རྣམ་པ་འདྲ་བ་ཙམ་ལས། ཨང་གྲངས་བདུན་པ་དང་གཅིག་མ་ཡིན་ཞིང་སྦྲུལ་ཤད་ཐོག་གི་དབྱིབས་གཟུགས་༸འདི་རང་དུ་གནས་པ་སོགས་ཀྱིས་གསལ་བཤད་གང་འཚམ་ནུས་པ་ཡིན།

ད་དུང་ཕྱོགས་གཞན་ཞིག་ནས་བཤད་པ་ཡིན་ན། མཆན་རྟགས་ལ་྾  ྂརྒྱ་གྲམ་གྱི་རི་མོ་དང་ཉི་ཟླ་མེ་རིས་མཚན་པ་འབྲི་སྲོལ་ཡོད་པ་འདི་དག་གི་མགོ་ཁུངས་ཀྱང་གཡུང་དྲུང་གི་རི་མོ་ཡིན་ཚོད་འདུག་སྟེ། དཔེ་རྙིང་བྲིས་མ་འགའ་རུ་གཡུང་དྲུང་གི་རི་མོའི་ཐོག་ཏུ་ཉི་ཟླ་མེ་རིས་མཚན་པ་མཆན་རྟགས་སུ་སྦྱར་བ་ཡོད་ལ། གཡུང་དྲུང་དགའ་འཁྱིལ་དང་དེ་ཡང་བསྡུས་ཏེ་རྒྱ་གྲམ་གྱི་སྟེང་དུ་ཉི་ཟླ་མེ་རིས་མཚན་པ། རྒྱ་གྲམ་གྱི་ཁུག་རེ་རེར་ཐིག་ལེ་རེ་སྦྱར་བའི་གཡུང་དྲུང་དགའ་འཁྱིལ་ལྟ་བུའི་མཆན་རྟགས། དེ་ཡང་བསྡུས་ཏེ་མཆན་རྟགས་ལ་རྒྱ་གྲམ་྾འདི་རང་སྦྱར་བའང་ཡོད། དེ་བཞིན་དུ་མཆན་རྟགས་ལ་སྦྲུལ་ཤད་ཉི་ཟླས་བརྒྱན་པའི་རྟགས་༈ྂ࿑ྂ འདི་འདྲ་རེ་སྦྱར་བ་ཡོད་ཅིང་། མཆན་རྟགས་བསྡུས་པ་ལ་ཉི་ཟླ་མེ་རི་ཅན་ནམ་ཉི་ཟླ་སྦྱར་བའི་འབྲི་སྲོལ་དེ་ཡང་འདི་ཉིད་བསྡུས་པ་ཨི་ཡིན་ན་སྙམ་མོ། །

འདི་དག་ལ་གཞིག་དུས་སྦྲུལ་ཤད་ནི་གཡུང་དྲུང་གི་རི་མོ་ལས་བྱུང་བར་ངེས་ཏེ། དེ་ཡང་བོད་རང་གི་མཚོན་ཆ་རུ་ངེས་པའི་གཡུང་དྲུང་ཆག་ཤིང་ལས་མཆེད་པར་མངོན། སྦྲུལ་ཤད་རང་གི་བརྒྱུད་པའི་འདྲ་མཚུངས་དོན་སྤྱི་རུ་འཆར་ཐུབ་པའི་རི་མོ་ནི། བོན་གྱི་གྲུབ་ཐོབ་ད་མི་ཐད་ཀེའི་ཙཀ་ཐང་གི་ནང་དུ་ཕྱག་མཚན་གྱི་ཚུལ་དུ་བྲིས་ཡོད་པའི་གཡུང་དྲུང་གི་རི་མོ། སྟེང་ཉི་ཟླས་མཚན་ཞིང་འོག་ཏུ་ཡུ་བའི་མཚན་མ་ཡོད་པའི་རི་མོ་དེ་ཉིད། སྦྲུལ་ཤད་ཀྱི་རི་མོ་རྣམས་ཀྱི་ཁྱིམ་གཞིས་ཡིན་པར་མངོན་ཏེ། སྦྲུལ་ཤད་རྣམས་ཀྱི་གཙོ་རིས་ནི་གཡུང་དྲུང་ཕྱེད་མའི་རྣམ་པ་ཡོད་པར་མ་ཟད། སྦྲུལ་ཤད་རྒྱས་པ་དག་ལ་སྟེང་དུ་ཉི་ཟླའི་མཚན་མ། འོག་ཏུ་ཡུ་བའི་རྣམ་པ་ཕྱག་མཚན་དང་མཚུངས་པར་གནས་ཡོད། དེ་ལྟས་གུས་རྟགས་སྦྲུལ་ཤད་ལས་བྱུང་ཞིང་། སྦྲུལ་ཤད་གཡུང་དྲུང་གི་རི་མོ་དང་འབྲེལ་བ་ཡོད་པ་འདི་ཡང་། དབུ་ཁྱུད་ཀྱི་མགོ་ཁུངས་གཡུང་དྲུང་གི་རི་མོ་དང་འབྲེལ་བ་ཡོད་པའི་དཔུང་རྟགས་ཤིག་ཏུ་སེམས་ཤིང་། གསལ་བཤད་འགའ་ཤས་རི་མོ་རང་སྟེང་གི་ནུས་པ་ཆེ་སྟབས། གཤམ་དུ་གླེགས་བམ་དག་ལས་ཁོལ་དུ་ཕྱུང་བའི་རི་མོ་དག་ལ་གཟིགས་པར་ཞུ།

གསུམ་པ། བེརྒའི་གསང་བ། 

དེ་ཡང་བེརྒ་བྱ་བ་ནི་ལེགས་སྦྱར་གྱི་སྐད་ལ་གྷ་རུ་ཊ་བྱ་བའི་བྱ་ཁྱུང་གི་སྐད་དོད་བོད་རང་སའི་ཡུལ་སྐད་དུ་འགྱུར་བ་ཕྱིན་པའི་དབང་གིས་བྱུང་བར་བཤད་དེ། བྱ་ཁྱུང་གི་སྐད་དོད་གྷ་རུ་ཊ་བྱ་བར་བླ་ལྷག་གི་ཚིག་བྱ་ཞེས་པ་བསྣན་ནས་བྱ་གྷ་རུ་ཊ་རུ་འགྱུར་ཞིང་དེ་ནས་མགྱོགས་པོར་བཀླགས་ཏེ་བེརྒ་འགྱུར་བ་ཡིན་ཞེས། བྱ་ཞེས་མགྱོགས་པོར་བཀླགས་ནས་བེ་ལ་འགྱུར་བ་དང་། གྷ་རུ་ཊ་ཞེས་མགྱོགས་པོར་བཀླགས་ཏེ་རྗེས་ཀྱི་ཊ་ཆད། རུ་ཡིག་གྷའི་སྔོན་དུ་ར་སྒྲར་ལོག་ནས་རྒ་ཞེས་འགྱུར་བར་བཤད་པའི་གསང་བ་འདི་ནི། མཁས་པའི་རིག་འཕྲུལ་ཞིབ་མོས་བླངས་པའི་གསང་བ་ཞིག་ཡིན་རྐྱེན། བདག་ལྟ་བུ་ས་ཁུག་ལུང་ཁུག་ལ་གནས་པའི་འབྲོག་རྒན་རྣམས་ཀྱི་རྟོག་པ་རྩིང་པོའི་ཡུལ་དུ་མ་གྱུར། དེ་ཡང་ཡིན་ཏེ། གྷ་རུའམ་སྐ་རུ་སོགས་ལེགས་སྦྱར་གྱི་སྐད་དོད་ཡིན་པ་མི་ཤེས་པའི་བོད་རྒན་དག་གི་ཡུལ་སྐད་ལྟར་བེརྒར་འགྱུར་ཞིང་འབྱམས་པར་བཤད་པ་དང་། བརྡ་སྤྲོད་ཀྱི་གཞུང་ལ་ནང་བྱན་ཆུད་པའི་བོད་རྒན་དག་གིས་ཀྱང་ཕྲ་ཞིབ་ཀྱི་གསང་བ་འདི་ལ་རིག་ཤེས་ཀྱི་གསལ་བཤད་ལྟ་ཅི། བློ་ཁ་ཕྱོགས་པའི་གླེང་སློང་ཙམ་ཡང་མ་བྱུང་བའི་སྦས་དོན་འདི་ཉིད།  འཛམ་གླིང་ཤར་ཕྱོགས་ཀྱི་སྐད་ཁོངས་སུ་མི་རིགས་ཕན་ཚུན་གྱི་སྐད་ཀྱི་ཤན་ཞུགས་ཚུལ་གྱི་གནད་ལ་གཞིག་ཅིང་། འཛམ་གླིང་སྤྱི་པའི་སྐད་བརྡའི་འགྱུར་སྟངས་ལ་གཟིགས་ནས་གཟོད་མཁྱེན་པར་གསུངས་སྟབས། འབྲོག་རྒན་བདག་ལྟ་བུའི་ཤེས་བྱའི་གནས་མ་ཡིན་པ་ནི་གསལ་པོར་གྱུར།

འོན་ཀྱང་རིག་ཤེས་ཀྱི་ཁ་སྟབས། དཔྱོད་ཤེས་ཀྱི་རྒྱ་ཁྱོན་བདག་ལྟ་བུ་ལས་མེད་པ་འགའ་ཞིག་གིས། ཕྲ་གསང་གི་གནས་འདི་ཚུལ་བཞིན་དུ་ངེས་པར་རློམ་ཏེ། ལྟོས་དང་རྡོ་རྗེའི་གསུང་ལ་འཁྲུལ་བ་མི་མངའ་བའི་རྟགས་སུ། བེརྒའི་འདྲ་རྣམ་དཔེ་རྙིང་ཙམ་དུ་མ་ཟད་ད་ལྟ་ཡང་ཁྱུང་ཆེན་སྤྲིས་རིས་ཀྱི་ནང་ནས་འཕུར་བའི་ཉམས་ཡོད་པ། དབུ་ཁྱུད་ཅེས་པའི་མིང་འདི་དབུ་ཁྱུང་ཡིན་པའི་བདེན་དཔང་ནི་བེརྒ་ཞེས་པའི་ཐ་སྙད་ཀྱིང་གསང་བའི་དཔྱད་གླེང་རང་གིས་བཀའ་རྟགས་བཀྱེས་ཡོད་དོ་ཞེས་ཟེར་རོ་ལོ།

དེ་དག་ལ་འདི་འདྲའི་བཀའ་འདྲི་ཞིག་ཞུ་བར་འདོད་དེ། འདྲ་མཚུངས་ཕྱོགས་རེ་བ་ཞིག་དང་ཐ་སྙད་ཀྱི་གླེང་ཕྱོགས་བསྒྱུར་ན་གོ་བ་གཞན་ཞིག་ཡོད་པའི་བཤད་པ་ཙམ་གྱིས་འཐུས་པར་རློམ་པ་ཡིན་ན། ࿓དབུ་ཁྱུད་ཀྱི་གཟུགས་རིས་འདི་ནི་དུང་ཀྱོག་གི་རི་མོ་དང་འདྲ་བ་སུ་ལའང་བསྒྲུབ་མི་དགོས་ཤིང་། དུང་དཀར་ལྟར་དུ་བྲིས་ཡོད་པ་གནའ་དཔེ་འགའ་རུ་གསལ། དེ་ཡང་ཁྲིམས་དུང་དཀར་མོ་རྒྱང་གྲགས་ཞེས། ཁྲིམས་སར་བདེན་རྫུན་དཀར་ནག་གི་ཤན་འབྱེད་དང་། དོན་རྣམས་གང་ཡིན་གཟབ་ནན་གྱི་སྒོ་ནས་གླེང་བར་འཛོམ་པར་བྱེད་པའི་བརྡ་ཞིག་ལ་གོ་བ་ལྟར། དང་ཀྱོག་གམ་དང་ཁྱོག་ལ་ཡང་དུང་དཀར་དང་འདྲ་ཞིང་མཚུངས་ཆོས་ཀྱི་བཤད་པ་བྱེད་དུ་ཡོད་ཅིང་། ད་ལྟ་ཡང་དགོན་སྡེ་ཁག་ཏུ་དུང་དཀར་ནི་འཚོགས་དུང་དང་། སྤྱན་འདྲེན་གྱི་རོལ་ཆར་བེད་སྤྱོད་བྱེད་ཀྱི་ཡོད།

གཉིད་དྭངས། གཉིད་དུང་། གནམ་དྭངས། གནམ་ཐང་སོགས་ཀྱི་ཐ་སྙད་དག་ལ་གཞིག་པ་ཡིན་ནའང་། གནའ་ཡིག་དག་ཏུ་སྒྲ་འདྲ་མཚུངས་རྣམས་རེ་མོས་ཀྱི་ཚུལ་དུ་བྲིས་ཡོད་པ་དཔེར་ན། ཅན་དང་ཅེན། སྙན་དང་སྙེན། བཀའ་ཁྲིམས་དང་བཀའ་གྲིམས། ཡིག་འབྲུ་དང་ཡིག་གྲུ་སོགས་སུ་སྦྱར་བར་མཛད་པ་བཞིན་དུ།  དུང་དང་དང་གཉིས་ཀྱང་སྒྲ་ཁྱིམ་གཅིག་གཤིས་གནའ་དུས་རེ་མོས་ཀྱི་འབྲི་ཡི་ཡོད་པ་ཡང་དཔག་ནུས། དེ་ལྟར་གཟུགས་རིས་ཀྱི་འདྲ་མཚུངས་དང་། ཐ་སྙད་ལ་བཤད་པ་ཡོད་ཙམ་གྱིས་རིགས་པའི་རང་ལུགས་ཤིག་ཏུ་འཇོག་པར་ནུས་སམ།

ད་དུང་ཁྱེད་ཅག་གིས་གསལ་བཤད་དགོས་པ་གཅིག་ནི། བེརྒ་ཞེས་པ་ལེགས་སྦྱར་ཟུར་ཆག་པའི་བྱ་ཁྱུང་གི་སྐད་དོད་ཡིན་པའི་བསྒྲུབ་བྱ་སྒྲུབ་བྱེད་དུ་དྲངས་ནས།  བོད་རྒན་དག་གིས་སྐད་བརྡ་རྙིང་མ་དབུ་ཁྱུང་བྱ་བ་ཡིག་སྐད་དུ་ཕབ་དུས་སུ་དབུ་ཁྱུད་དུ་བྲིས་ཤིང་། དབུ་ཁྱུང་བྱ་བའི་ཐ་སྙད་དེའི་དོན་ཡོངས་སུ་བཅོམ་ནས་དབུ་ཁྱུད་དུ་འགྱུར་ཞིང་འབྱམས་པར་བསྒྲུབ་ནུས་པ་ཡིན་ན། དང་ཀྱོག་ནི་ཡི་གེའི་དང་པོར་འཇུག་པའི་རྒྱུ་མཚན་དང་དབྱིབས་གླང་པོ་ཆེའི་སྣ་ལྟ་བུ་ཡོད་པའི་ཆ་ནས། དང་ཀྱོག་ཏུ་གྲགས་པའི་སྐད་བརྡ་རྙིང་མའི་བཤད་པ་འདི་སྒྲུབ་བྱེད་དུ་བཟུང་སྟེ།  ཡི་གེའི་མགོ་རྒྱན་ནམ་ཡི་གེའི་དབུ་རྒྱན་ཡིན་པའི་རྒྱུ་མཚན་གྱིས་དབུ་དང་། ཁྱུད་ནི་རི་མོ་གོར་གོར་རམ་གུ་ཀྱོག་གི་རྣམ་པ་ཡོད་པས་དབུ་ཁྱུད་དུ་གྲགས་པ་ཡིན་ཞེས་བཤད་ན། བེརྒ་ཞེས་པའི་ཐ་སྙད་ཀྱི་བཤད་པ་སྒྲུབ་བྱེད་དུ་བཀོད་པའི་གཏན་ཚིགས་ལས་དམན་པ་མིན་ཞིང་། ཡི་གེའི་དབུ་ཤོག་སོགས་སུ་བྲིས་པའི་ལྷ་རིས་ལ་དབུ་ལྷ་ཞེས་གྲགས་པ་བཞིན་དུ། བསྟན་བཅོས་གང་གི་ཞལ་བྱང་བྱ་ཁྱུང་གིས་འཛིན་པའི་རི་མོ་བྲིས་ཡོད་པ། ཡིག་རྙིང་འགའ་ཡི་དབུ་ཤོག་གི་ངོས་སུ་མཐོང་རྒྱུ་ཡོད་པར་དཔག་ན།  དབུ་ཁྱུང་གི་ཐ་སྙད་འདི་ཡང་དབུ་ལྷ་ཞེས་པའི་ཐ་སྙད་ཀྱི་འཇུག་པའི་སྒྲོམ་གཞི་དང་འདྲ་བར་སེམས་ཤིང་། ཡི་གེ་མགོ་གཟུང་སའི་དབུ་ཤོག་གི་རྒྱན་དུ་བྱ་ཁྱུང་བྲིས་པ་ལ་དབུ་ཁྱུང་དུ་གྲགས་ཤིང་། རོང་འབྲོག་མང་ཚོགས་ཕལ་པ་སྤྱི་པའི་ངག་ཏུ་དབུ་ཁྱུད་ལ། དང་ཀྱོག་དང་བེརྒ་ཞེས་ཐ་སྙད་མང་པོ་བཀོལ་གྱི་མེད་ཅིང་ཐད་ཀར་ཡིག་མགོ་ཞེས་འབོད་ཀྱི་ཡོད་པ་ནང་བཞིན། བསྟན་བཅོས་གང་གི་ཡི་གེའི་མགོ་མ་དབུ་བྱང་ཁྱུང་གིས་གཟུང་བའི་མིང་བརྡ། དབུ་ཁྱུང་ཞེས་པའི་ཐ་སྙད་ཅིག་ཡོད་ནའང་ཐང་བར་མ་ཟད། དེ་ཉིད་ཡིག་མགོའི་དབུ་ཁྱུད་ལ་སྦྱར་ཞིང་འབོད་པའི་ཡུལ་སྐད་རྙིང་པའང་ཡོད་སྲིད་ཀྱང་། དེ་ནི་བོད་རྒན་དག་གིས་དབུ་ཁྱུང་དབུ་ཁྱུད་དུ་བཅོས་ཤིང་བསྒྱུར་ནས་མ་དག་པར་འབྱམས་པའི་སྒྲུབ་བྱེད་དུ་མི་འོས།

གཞན་ཡང་རྒྱལ་ནང་གི་རིག་གཞུང་ལས་སྒྲུབ་པའི་མཁས་པ་འགའ་ཞིག་གིས་བཞེད་པ་ལྟར་ན། དབུ་ཁྱུད་ནི་དབུ་ཁྱུང་སྟེ། ཡི་གེའི་མགོ་རྒྱན་དབུ་ཁྱུང་ནི་བྱ་རྒྱལ་ཁྱུང་ཆེན་སྤྲིན་རིས་ཀྱི་ནང་ནས་འཕུར་བའི་ཉམས་ཡོད་པ་དང་། བྱ་རྣམས་ནམ་འཕང་བཅད་ནས་འཕུར་བའི་ཚེ་ཁྱུང་གིས་མགོ་འདྲེན་པ་ལྟ་བུའི་རྒྱུ་མཚན། སའི་ཁམས་འགའ་རེའི་ཡུལ་སྐད་ལ་དབུ་ཁྱུང་དུ་གྲགས་པ་སོགས། བསྒྲུབ་བྱ་སྒྲུབ་བྱེད་གང་ཡིན་ཆ་མ་འཚལ་བའི་བཤད་ཡམ་ཞིག་གིས་གླེང་སློང་ནས། སྒྲུབ་བྱེད་མཐར་ཐུག་པ་ནི་བེརྒ་ཞེས་པའི་ཐ་སྙད་ཀྱི་བྱུང་བ། རང་གི་རིག་འཕྲུལ་གྱིས་བསྒྲིག་པའི་རྣམ་གཞག་དེ་ཉིད་ཀྱིས་འཐུས་པར་མཛད་འདུག །

ང་ཚོས་བེརྒ་ཞེས་པའི་མིང་ཚིག་འདི་ནི་དབུ་ཁྱུད་ཀྱི་མིང་གི་རྣམ་གྲངས་ཡིན་པར་བཤད་ཅིང་། དེ་ཡང་རྒྱ་གར་གྱི་སྐད་དུ་བསྙད་དེ་བོད་སྐད་དུ་ཡིག་མགོ་ཞེས་བསྒྱུར་བར་མཛད་པ་ཡོད་ལ། གོང་དུ་བཤད་པ་བཞིན་དུ་བེརྒ་ནི་ལེགས་སྦྱར་གྱི་སྐད་དུ་གྷ་རུ་ཊ་ཞེས་གྲགས་པ་དེ་ཉིད་ཟུར་ཆག་གི་སྐད་དུ་འགྲེལ་བར་མཛད་པའང་ཡོད། འོན་ཀྱང་བོད་སྐད་ཀྱི་མིང་བརྡ་མ་ཡིན་པའི་སྒྲུབ་བྱེད་བཀོད་པ་ནི་མ་མཐོང་། དངོས་འབྲེལ་བྱས་ན། དང་ཐོག་བོད་རང་སྐད་ཀྱི་མིང་བརྡ་ཡིན་མིན་དང་། དེའི་ཐོག་ནས་གོ་དོན་ཡོད་མེད་དཔྱད་རྒྱུ་ནི་རྩ་དོན་ཡིན་ཞིང་། བོད་སྐད་ཀྱི་ཁྱད་པར་དུ་བྱས་པ་ལ་གོ་རྒྱུ་མེད་པ་ཙམ་དུ་མ་ཟད། བོད་སྐད་ཀྱང་མིན་པའི་བདེན་དཔང་རྙེད་པ་ཡིན་ན། ད་གཟོད་མི་རིགས་གང་ཞིག་གི་སྐད་བརྡ་ཡིན་པའི་དོན་ལ་བསམ་བློ་གཏང་དགོས། གང་ཞིག་གི་སྐད་ཁོངས་སུ་གཏོགས་པའི་དཔུང་རྟགས་རྙེད་དུས། སྐད་བརྡ་དེ་རང་གི་ཐོག་ནས་གོ་དོན་དང་རྒྱུ་མཚན་བཙལ་རྒྱུ་ལས། རང་གི་ཞེ་འདོད་དང་འབྲེལ་ཏེ་ཟུར་ཆག་གི་སྐད་སོགས་སུ་གང་འདོད་དུ་བསྒྲུབ་པ་ལ་ནི་སྙིང་པོ་དེ་ཙམ་མེད་པར་སེམས།

བེརྒའི་ཐ་སྙད་བོད་སྐད་རང་དུ་ཡོད་ཀྱང་རྒྱ་གར་གྱི་སྐད་དུ་སེམས་པ་དག་གིས། བེརྒ་ཞེས་པའི་ཡིག་གཟུགས་རང་སྟེང་ནས་རྒྱ་སྐད་དུ་བཏགས་པ་མིན་འགྲོ་སྙམ་སྟེ། སྔགས་ཀློག་མུན་པའི་སྒྲོན་མེར། བརྩེགས་པའི་ཐོག་མ་གོང་མ་དབང་། །དེ་འོག་རྣམས་ནི་དཀྱུས་སུ་བཀླག །ཅེས་གསུངས་པ་ལྟར་དུ་བཀླག་དགོས་པའི་རྒྱུ་མཚན་ལ་བརྟེན་པའང་སྲིད་དོ། །

འོན་ཀྱང་དེ་ཙམ་གྱིས་རྒྱ་གར་གྱི་སྐད་ཡིན་པའི་ངེས་པ་ནི་མེད་དེ། ཡོངསྣི། བསྐོསྟེ། བྱསྟེ། ཞེས་པ་ལྟ་བུ་ཕུ་ནུའི་མདོ་སོགས་ལས་བྱུང་བའི་གནའ་ཡིག་གི་འབྲི་སྲོལ་དག་ལ་གཞིག་པ་ཡིན་ན། བེརྒ་ཞེས་པའི་འབྲི་སྲོལ་འདི་ཡང་བེར་གའི་འབྲི་སྲོལ་གཞན་ཞིག་མ་ཡིན་པའི་ངེས་པ་ལར་ནས་མེད་དོ། །

འོ་ན་བེརྒ་ཞེས་པ་བོད་སྐད་ཡིན་པའི་དབང་དུ་བཏང་ན། ཡིག་མགོའི་དབུ་རྒྱན་གྱི་མིང་དང་འབྲེལ་བ་ཅི་ཞིག་ཡོད་དམ་ཞེ་ན། དེ་ལ་རྟོག་ལྡན་འགའ་ཞིག་གིས་བེརྒ་ནི་ཁྱི་ལ་བརྒྱག་རྒྱུའི་དབྱུག་པ་སྟེ། སྤྲང་པོས་ཁྱི་རྒྱུས་ལོན་ན། བེརྒ་གནམ་ལ་ཕྱར་ཞེས་བཤད་པའི་སྤྲང་དབྱུག་ལ་གོ་ཞིང་། དེ་ཡང་སྔུན་དུ་འཁྱེར་བའི་རྒྱུ་མཚན་གྱིས་ཡིག་མགོའི་དབུ་རྒྱན་གྱི་མིང་དུ་བེརྒ་ཞེས་སྦྱར་བར་སེམས་པ་ཡོད་ཀྱང་། ཁོ་བོས་ནི་ཡིག་མགོའི་བྱེ་བྲག་གི་མིང་ཞིག་ཨི་ཡིན་ན་སྙམ་སྟེ། བེརྒ་ནི་བེ་ཅོན་དང་འདྲ་བའི་གནའ་དུས་ཀྱི་མཚོན་ཆ་ཞིག་ཡིན་པར་ངེས་ཏེ། སྐེད་གྲིའི་ཚབ་ཏུ་སྐེད་ལ་དྲང་རྒྱུའི་བེར་དབྱུག་ཅེས་གྲགས་པའི་གནའ་དུས་ཀྱི་མཚོན་ཆ་དེ་ཉིད། ཕྱིས་སུ་ཡང་སྐེད་གྲི་མེད་པ་དག་གིས་བེད་སྤྱོད་བྱེད་ཀྱི་ཡོད་པར་མ་ཟད། ད་ལྟ་ཡང་བེར་དབྱུག་ཅེས་སུ་གྲགས་པའི་མཚོན་ཆའི་རྣམ་པ་ཅན་གྱི་དབྱུག་པ་དེ་ཡོད་མཁན་མང་པོ་འདུག་ལ། གདན་ས་ཁག་གི་རྡོབ་རྡོབ་དང་། དགོན་པའི་དགེ་བསྐོས་རྣམས་ཀྱི་ཕྱག་ཏུ་བསྣམ་རྒྱུའི་དབྱུག་པ་འདོམ་གང་ཙམ་ལ། བཞིར་གཞོག་ནར་མོ་ངོས་བཞི་བྱས་པའི་རྩ་བ་རྡོ་རྗེ་ཕྱེད་པའམ་ཉི་ཟླ་ནོར་བུ་སོགས་ཀྱི་མཚན་མ་བྱས་ཤིང་། སྣེ་ལ་རྩེ་མོའི་ཉམས་གཏོད་ཅིང་ཕྱོགས་བཞིའི་ངོས་སུ་ལཉྫ་དང་མཛེས་རིས་བརྐོས་ཤིང་བྲིས་པའི་ཤེད་ཤིང་དུ་གྲགས་པའི་དབྱུག་པ་དག་ལ་གཞིག་པ་ཡིན་ན།  གནའ་བོའི་རྩལ་ཆེན་གྱི་མི་བོ་ཆེ་དག་ལ། གཡུང་དྲུང་གི་མཚན་མ་བཏབ་པའི་དབྱུག་པའི་མཚོན་ཆ་ཁྱད་པར་ཅན་ཞིག་ཡོད་པ་དཔག་ནུས་ཤིང་། དེ་ཡང་གཤེན་རབ་སྤྲུལ་སྐུའི་ཕྱག་མཚན་གཡུང་དྲུང་ཆག་ཤིང་གི་བྱེ་བྲག །གཡུང་དྲུང་གི་མཚན་མ་རྣམ་པར་བཀྲ་བའི་ཕུར་པའི་རྣམ་པ་ཅན་དེ་དང་། གྲུབ་ཐོབ་ད་མི་ཐད་ཀེའི་ཕྱག་མཚན་སོགས་ཀྱིས་གསལ་བཤད་གང་འཚམ་ནུས་པར་མ་ཟད། ཡིག་མགོའི་སྦྲུལ་ཤད་དང་། གླེགས་བམ་ཞལ་བྱང་གི་དབུ་རུ་ཕུར་ཤད། དེ་མིན་ཐིག་ལེའི་འོག་ཏུ་གསེག་འཐེན་གཉིས་དང་གསེག་འཐེན་གྱི་འོག་ཏུ་ཕུར་ཤད་སྦྱར་བའི་རི་མོ་འདི་དག་དང་འབྲེལ་བ་ཡོད་པ་ཡང་གོ་ནུས།

ཐོན་མིས་བརྩམས་པར་གྲགས་པའི་ཡི་གེའི་བཤད་པ་རྣམ་པར་གསལ་བ་ལས། འོ་ན་དང་པོ་ཡི་གེའི་མགོ་རུ་པེ་ཀ་རིས་ཅིག་བྱ་བ་ཅིའི་བརྟགས་ཞེས་དང་དེ་ལ་དང་པོ་པེ་ཀ་རིས་ཡིག་མགོ་བྱུང་བ་ཆོས་ཉིད་གཡོ་བ་མེད་པའི་རྟགས་ཞེས་གསུངས་པ་འདི་ལ་གོ་བ་ལེན་སྟངས་གཞན་ཞིག་བྱས་པ་ཡིན་ན། ཡི་གེའི་མགོ་རུ་པེ་ཀ་རིས་སམ་བེརྒའི་རི་མོ་ཞིག་བྱ་བའི་མཚོན་དོན་གང་ཡིན་ཞེ་ན། པེ་ཀ་རིས་སམ་བེརྒའི་རི་མོ་ཡི་གེའི་མགོར་བྱུང་བ་ཆོས་ཉིད་གཡོ་བ་མེད་པའི་མཚོན་རྟགས་ཡིན་པར་བཞེད་པའི་དོན་དུ་གོ་བ་བླངས་ཀྱང་འགལ་བ་ཆེན་པོ་མེད་པར་སེམས་ཏེ། སྤྱིར་དབུ་ཁྱུད་དང་ཡང་དགོས་སུ་སྦྲུལ་ཤད་དང་ཕུར་ཤད་དག་ནི་གཡུང་དྲུང་ཆག་ཤིང་དང་འབྲེལ་བ་ཡོད་པ་གོང་དུ་ཞུས་ཟིན་ལ། མདོ་གཟེར་མིག་ལས། གཡུང་ནི་དོན་དམ་སྐྱེ་བ་མེད། །དྲུང་ནི་ཀུན་རྫོབ་འགག་པ་མེད། །ཅེས་བདེན་གཉིས་ཟུང་དུ་འཇུག་པའི་ཆོས་ཉིད་གཡོ་བ་མེད་པའི་དོན་ལ་འགྲེལ་གྱི་ཡོད་ལ། མཁན་བླུན་ཀུན་གྱི་ངག་ཏུ་མ་བསླབས་རང་བརྡོལ་ལྟ་བུའི་གཡུང་དྲུང་ཆག་ཤིང་གི་སྒྲ་བཤད་སྟབས་བདེ་ནི། གཡུང་ནི་འགྱུར་བ་མེད་པས་ན་གཡུང་། དྲུང་ནི་མི་འགྱུར་བའི་རྟགས་ལས་དྲུང་། ཆག་ནི་འཁོར་བའི་གནས་ལས་གྲོལ་བས་ན་ཆག །ཤིང་ནི་དྲང་པོར་སྤྱོད་པས་ན་ཤིང་ཞེས་བཤད་པ་འདིས་ཀྱང་། གཡུང་དྲུང་ཆག་ཤིང་ནི་ཆོས་ཉིད་གཡོ་བ་མེད་པའི་རྟགས་སུ་གོ་ཡི་ཡོད་པ་གསལ་པོར་རྟོགས་ཐུབ་པ་ཡིན།

ཐེག་མཆོག་དབུ་མའི་རྣམ་བཤད་ཟིན་བྲིས་ལས་ཀྱང་། གཡུང་དྲུང་གི་སྐད་དོད་ཤ་ཤྭ་ཏ་ཞེས་པ་ཡིན་ལ། དེས་ན་གཡུང་བ་ནི་རྟག་པའི་བརྡ་ཉིད་དང༌། དྲུང་ནི་བརྟན་པའི་བརྡའོ། །ཆོས་ཉིད་དེ་བཞིན་ཉིད་དེ། ནམ་དུ་ཡང་འགྱུར་བ་མེད་པའི་ཆོས་ཉིད་ཅན་ཡིན་ཏེ། སྔར་གཞི་དུས་སུ་ཇི་ལྟ་བ་བཞིན་ཕྱིས་འབྲས་བུའི་དུས་སུ་ཡང་དེ་བཞིན་ཡིན་པའི་ཕྱིར་རོ། །ཞེས་གཡུང་དྲུང་ནི་ཆོས་ཉིད་གཡོ་བ་མེད་པའི་དོན་དུ་བཀྲལ་སྟབས། མཚོན་བྱེད་རྟགས་ཀྱང་དེ་ཡི་རྗེས་སུ་འབྲེལ་ལོ། །

དེས་ན་བེརྒ་ནི་རང་ཕྱོགས་བསྲུང་ཞིང་ཕས་རྒོལ་འཇོམས་པའི་མཚོན་ཆ་གཡུང་དྲུང་གི་མཚན་མ་བཏབ་པའི་གཡུང་དྲུང་ཆག་ཤིང་གི་བྱེ་བྲག །བཀྲ་ཤིས་ཤིང་མི་མཐུན་གཡུལ་ལས་རྒྱལ་བའི་མཚན་མར་བརྩི་བའི་མཚོན་ཆ་རང་གི་རི་མོ་བྱས་ཤིང་མཚན་ལས་དྲས་ཏེ། ཡིག་མགོའི་དབུ་རྒྱན་བྱེ་བྲག་འགའ་ཞིག་གི་མཚན་དུ་སྦྱར་བ་མིན་འགྲོ་སྙམ།

བཞི་པ། ཚང་ཁྱུད་ཀྱི་གསང་བ། 

གོང་དུ་དབུ་ཁྱུད་རྐྱང་མའམ་࿓ཕྱེད་ཁྱུད་དུ་གྲགས་པའི་སྐོར་ནས་གསལ་བཤད་གང་འཚམ་ཞུས་ཟིན་པའི་ཁུལ་བྱས་ཏེ། གཤམ་དུ་དབུ་ཁྱུད་ཉིས་སྦྲེལ་མའམ་࿓࿔ཚང་ཁྱུད་དུ་གྲགས་པའི་སྐོར་ནས་གསལ་བཤད་ཅུང་ཟད་ཞུ་ན། ཚང་ཁྱུད་ནི་གོང་དུ་ཕྱེད་ཁྱུད་སྨར་ཆེ་ཆུང་ལས་བྱུང་བར་བཤད་པའི་རྒྱབ་རྟེན་ལྟ་བུར་གནས་ཏེ། དབུ་ཅན་གྱི་ཚང་ཁྱུད་ནི་རྩ་བའི་སྒྲོམ་གཞི་སྨར་ཆུང་གི་ཡིག་མགོ་པར་མའི་ཉ་ལ་ཞབས་ཀྱུ་བཏགས་པ་འདྲ་བ་དེ་རང་དུ་གནས་ཡོད། ཅུང་ཟད་མི་འདྲ་བ་ནི་སྨར་ཆུང་གི་ཚང་ཁྱུད་གཡུང་དྲུང་ཕྱེད་མའི་རི་མོ་སྟེང་ནས་འོག་ཏུ་མར་བྲིས་ཤིང་གདན་ཞབས་ཀྱུས་བརྒྱན་པ་ཅན་ཞིག་ཡིན་ལ། དབུ་མེད་ཀྱི་ཚང་ཁྱུད་ནི་གཡས་ནས་གཡོན་དུ་བྲིས་ཤིང་གདན་ཞབས་ཀྱུའི་རྣམ་པ་དེ་ཡང་འོག་ནས་གཡས་ཕྱོགས་སུ་འཐེན་པ་ཞིག་ཡིན། དབུ་ཅན་གྱི་ཉ་འདི་གཞོགས་གཡོན་དུ་ཕབ་ནས་བལྟས་པ་ཡིན་ན། ཚང་ཁྱུད་࿓࿔འདིའི་ཁྱིམ་གཞིས་སྨར་ཆུང་གི་ཡིག་མགོ་གཡུང་དྲུང་ཕྱེད་མ་ལ་གདན་ཞབས་ཀྱུས་བརྒྱན་པའི་གཟུགས་རིས། དབུ་ཅན་གྱི་ཉ་ལ་ཞབས་ཀྱུ་བཏགས་པ་འདྲ་བའི་ཡིག་མགོའི་དབུ་རྒྱན་དེ་ལ་ཐུག་པའི་གསང་བ་གང་འཚམ་བསྔོག་ནུས་ཤིང་། དབུ་མེད་ཀྱི་ཚང་ཁྱུད་དེ་ཡང་སྨར་ཆུང་གི་ཡིག་མགོ་དབུ་མེད་ཀྱི་འ་ཡིག་ཉིས་བརྩེགས་ལྟ་བུ་ལ། གདན་ཞབས་ཀྱུས་མཚན་པའི་གཡུང་དྲུང་ཕྱེད་མའི་ཡིག་མགོ་དེ་ལ་གོང་བཞིན་གཟིགས་པ་ཡིན་ན། སྔར་བཞིན་གསང་བའི་གནད་མཐོང་ཐུབ་པ་ཡིན།

སྤྱིར་ཚང་ཁྱུད་ཀྱི་སྒྲོམ་གཞི་སྨར་ཆུང་གི་ཡིག་མགོ་དང་འདྲ་ཡང་། སྨར་ཆུང་གི་ཡིག་མགོའི་གཡུང་དྲུང་ཕྱེད་མ་སྟེང་ནས་འོག་ཏུ་མར་སྣ་ལ་འབྲི་བ་གང་ཞིག་ལ། ཚང་ཁྱུད་གཡས་ནས་གཡོན་དུ་ཕར་འཕྲེད་ལ་འབྲི་བའི་རྒྱུ་མཚན་གང་ཡིན་ཞེ་ན། གཅིག་ནས་བཤད་ན་གཡུང་དྲུང་ཕྱེད་མ་སྟེང་ནས་འོག་ཏུ་བྲིས་ཀྱང་ཆོག་ལ། གཡས་ནས་གཡོན་དུ་འཐེན་ཡང་འགལ་བ་ཅིའང་མེད་ཅིང་། ལྷག་པར་དུ་ཡིག་ཕྲེང་འོག་མའི་ཐིག་ཁང་ལ་གནོད་པ་མེད་ཅིང་མཛེས་ཉམས་ཀྱི་རྣམ་པ་སོགས་ནི་སྟེང་ནས་འོག་ཏུ་མར་བྲིས་པ་ལས། གཡས་ནས་གཡོན་དུ་འབྲི་བ་དགེ་མཚན་ཆེ་བ་ནི་མངོན་སུམ་དུ་གྲུབ་གཤིས། གསལ་བཤད་མོད་པ་ནི་ཡིག་ཚོགས་མང་བའི་དོན་ལས་མེད་དོ། །

འདི་ལས་རྙིང་མའི་གཏེར་ཆོས་འགའ་ཞིག་གི་ཡིག་མགོ། ཨོཾ་ཡིག་དང་ཕྱོགས་འགའ་འདྲ་བ་རྒྱུ་མཚན་དུ་བྱས་ནས་ཨོཾ་ཡིག་རང་དུ་བཞེད་པའི་རི་མོ་དེ་ཡང་། མཐར་གཏུག་ན་གཡུང་དྲུང་ཕྱེད་མའི་དབུ་ཁྱུད་རང་དུ་གནས་པར་སེམས་ཏེ། དེ་ཉིད་འབྲི་སྟངས་གཞན་དུ་བྱས་ནས་ཨོཾ་ཨཿ ཧཱུཾ་དུ་གྲགས་པའི་ཡིག་མགོ་དེ་ལས་བསལ་བ་ཡིན་ན། གཡུང་དྲུང་ཕྱེད་མ་ལ་གདན་ཞབས་ཀྱུས་བརྒྱན་ཞིང་སྟེང་ལ་ཉི་ཟླའི་མཚན་མ། རྗེས་སུ་དབུ་མེད་ཀྱི་འ་ལ་གུག་ཀྱོག་ཀྱི་རྐང་པ་འཐེན་པ་ལྟ་བུའི་སྨར་ཆུང་གི་ཤད་ཀྱི་རྣམ་པ་སྦྱར་བ་ཡོད་ལ། ཡིག་མགོ་ལ་ལར་ཤད་ཀྱི་རྣམ་པ་དེ་རང་སྦྱར་བའང་ཡོད་གཤིས། ཡིག་མགོའི་གཟུགས་རིས་༁ྃ འདི་ཡང་སྨར་ཆེ་ཆུང་ལས་མཆེད་པའི་གསང་བ་ཡོད་པར་མངོན།

དེ་ལྟར་ཕྱེད་ཁྱུད་དང་ཚང་ཁྱུད་ལ་འདྲ་འབྲེལ་གྱི་བཤད་པ་གང་འཚམ་བྱ་རྒྱུ་ཡོད་སྲིད་ཀྱང་། སུམ་སྦྲེལ་ལྕགས་ཐག་མ་རུ་གྲགས་པ་࿓࿔࿔འདི་དང་སྨར་ཆེ་ཆུང་གི་ཡིག་མགོའི་བར་དུ་འདྲ་འབྲེལ་གྱི་རྒྱུ་མཚན་མེད་དོ་སྙམ་ན། དེ་ནི་མ་ཡིན་ཏེ། ཚང་ཁྱུད་ཀྱི་རྗེ་སུ་རིས་࿔འདི་ཐོན་པ་ཡིན་ན་སྨར་ཆུང་གི་ཡིག་མགོ་དང་སྔར་ལས་འབྲེལ་ཆེ། སྨར་ཆུང་གི་ཡིག་མགོའི་གཡུང་དྲུང་ཕྱེད་མ་ལ་གདན་ཞབས་ཀྱུ་ལྟ་བུས་བརྒྱན་པའི་རྗེས་སུ་ཤད་རེ་སྦྱར་བ་ཡོད་ལ། སྨར་ཆུང་གི་ཤད་ལ་འབྲི་སྲོལ་མི་གཅིག་པ་འགའ་ཞིག་ཡོད་ཀྱང་། མང་ཆེ་བར་རིས་࿔འདིའི་འོག་ཏུ་ཕུར་ཤད་སྦྱར་བའི་ཤད་ཅིག་ཡིན། དེ་ཉིད་གོང་གི་ཚང་ཁྱུད་དང་ཆ་མཉམ་ཞིང་ཡིག་ཕྲེང་འོག་མའི་ཐིག་ཁང་ལ་གནོད་པ་མེད་པའི་ཆེད་དུ་འོག་གི་ཕུར་ཤད་དོར་ཏེ། མཛེས་ཆོས་ཀྱི་ཉམས་འདོན་པའི་སླད་དུ་འོག་ལ་གདན་རེས་མཛེས་པར་བྱས་པའི་དབུ་ཁྱུད་སུམ་སྦྲེལ་ལྕགས་ཐག་མ་༄༅༅འདི་བྱུང་བར་བཤད་པ་ལ་འགལ་བ་མེད་ཅིང་འབྲེལ་ཆགས་པ་ཡིན།

དེས་ན་ཕྱེད་ཁྱུད་དང་ཚང་ཁྱུད་སུམ་སྦྲེལ་ལྕགས་ཐག་མ་རུ་གྲགས་པ་འདི་དག །དབུ་ཁྱུད་དུ་སྦྱོར་དུས་རྒྱས་བསྡུས་ཀྱི་ཚུལ་དུ་སྦྱར་བར་མཛད་ཡོད་པ་ལ་རྒྱུ་མཚན་ཆེན་པོ་ལྡན་པ་ཡིན།  འགའ་ཞིག་གིས་རྒྱས་བས་གསུངས་པའི་བཀའ་ལ་སུམ་སྦྲེལ་ལྕགས་ཐག་མ་སྦྱར་བ་དང་། རྗེས་འཇུག་འཕགས་པའི་དགོངས་འགྲེལ་གྱི་དབུ་ལ་ཚང་ཁྱུད། སོ་སྐྱེའི་བསྟན་བཅོས་དག་ལ་ཕྱེད་ཁྱུད་སྦྱར་དགོས་པར་བཤད་ཀྱང་། དེ་ནི་སོ་སོའི་བསམ་ཚུལ་གྱི་འགྲེལ་བ་གནང་སྟངས་ཤིག་ལས།  དངོས་འབྲེལ་དཔུང་རྟགས་མངའ་བའི་བཤད་པ་གང་ཡང་མིན། རྒྱལ་བའི་བཀའ་ལྟ་བུའི་གླེགས་བམ་གཅིག་གི་ནང་དུ་ཡང་། དབུ་ཤོག་གི་ཡིག་མགོར་སུམ་སྦྲེལ་ལྕགས་ཐག་མ་སྦྱར་བའི་རྗེས་ཀྱི་ལྡེབ་མ་དག་ཏུ་ཚང་ཁྱུད་དང་ཕྱེད་ཁྱུད་སོགས་རྒྱས་བསྡུས་ཀྱི་ཚུལ་དུ་སྦྱར་ཡོད་པར་མ་ཟད། རྗེས་འཇུག་མཁས་པ་དག་གི་གླེགས་བམ་སོགས་སུ་ཡང་དེ་བཞིན་སྦྱར་བར་མཛད་ཡོད་སྟབས། རྒྱས་བསྡུས་ཀྱི་རྣམ་དབྱེ་ཙམ་ལས་དམིགས་བསལ་གྱི་སྦྱོར་ཚུལ་གཞན་པ་ཞིག་ནི་མེད་པར་སེམས་སོ། །

ཕྱོགས་གཞན་ཞིག་བལྟས་པ་ཡིན་ན། གཡུང་དྲུང་གི་ཡིག་མགོའི་དབུ་རྒྱན་འདི་ལ་དར་ཆའི་རྣམ་པ་ཡོད་པར་མ་ཟད། མདོ་ལས་མགོ་ཡིས་ལམ་དྲང་ཞེས་པའི་ཐ་སྙད་འདི་ཡང་། མགོ་འདྲེན་དང་རུ་འདྲེན་གྱི་གྱི་ཐ་སྙད་དང་འབྲེལ་བ་ཡོད་ཅིང་། ལྷག་པར་དུ་བསྟན་པ་ཕྱི་དར་གྱི་བོད་དཔེ་འགའ་དང་བོན་གྱི་དཔེ་ཆ་འགའ་རེའི་དབུ་རུ། གཞི་གྲུ་བཞི་ནར་མོ་ནག་པོ་བྱས་ཤིང་། མཐའ་ཤན་དམར་པོ་ཅན་གྱི་དཀྱིལ་དུ་དབུ་ཁྱུད་࿓࿔࿔འདི་འདྲ་རི་མོ་དཀར་པོའི་རྣམ་པ་ཅན་དུ་བྲིས་ནས། གཡུང་དྲུང་ཕྱེད་མའམ་ཉི་ཟླ་མེ་རིས་མཚན་པའི་ཕུར་ཤིང་ལ་བཏགས་པའི་ཉམས་ལྡན་གྱི་ཡིག་མགོ། དབུ་ཤོག་གི་ཡི་གེའི་དབུ་རྒྱན་དུ་སྦྱར་བ་མཐོང་རྒྱུ་ཡོད་ལ། ཉི་ཟླའི་མཚན་མ་ཅན་གྱི་ཕུར་ཤིང་ལ་དར་ཆ་བཏགས་པའི་བསྡུས་གཟུགས་ཀྱི་མཛེས་རྩལ་ལྡན་པའི་དབུ་ཁྱུད་༆འདི་དང་། དབུ་ཁྱུད་༄༅༅འདི་དག་གི་ཐོག་ཏུ་རྔ་འཕྲུ་སྦྱར་བ་ལྟ་བུ་དེ་རྣམས་ཀྱི་ངོས་ནས་འདྲ་མཚུངས་ཀྱི་བཤད་པ་གང་འཚམ་བྱ་རྒྱུ་ཡོད་ཅིང་། རུ་སྡེའི་དམག་དཔུང་སོ་སོའི་རུ་སྣ་འཁྲིད་མཁན་གྱིས་ཁྱེར་བའི་དར་ཆ། དམག་དཔུང་གི་རུ་སྣའི་མགོ་འདྲེན་པའི་རུ་དར་དང་ཡི་གེའི་མགོ་འདྲེན་པའི་དབུ་ཁྱུད་ཀྱི་བར་དུ་རྒྱུ་མཚན་འདྲ་བའི་བཤད་པ་ཡོད་ལ། མགོ་ཡིས་ལམ་དྲང་ཞེས་པའི་ཐ་སྙད་འདི་ཡང་སྤྱི་མའི་ཚུལ་དུ་འཇུག་གཤིས། ཡིག་མགོའི་དབུ་རྒྱན་རུ་དར་གྱི་རྣམ་པར་སྦྱར་བ་ལ་གསང་བ་གོང་འདྲ་ཞིག་མེད་པ་ཡང་མི་སྲིད།

གལ་ཏེ་འདི་ཉིད་རུ་དར་གྱི་གཟུགས་རིས་ཡིན་པའི་དབང་དུ་བཏང་ན། བོད་རང་གི་ཐོག་མའི་རུ་དར་ཡང་གཡུང་དྲུང་གི་རུ་དར་ཡིན་པ་སྨོས་སུ་མེད་ཅིང་། ཞང་ཞུང་དམག་གི་རུ་དར་ཡང་འདི་འདྲ་ཞིག་མིན་འགྲོ་སྙམ་པའི་བསམ་པ་འཆར་ཡོང་བ་ཞིག་ཡིན།

ལྔ་པ། ཕུར་ཤད་ཀྱི་གསང་བ། 

ང་ཚོས་མ་ཕྱི་འདིའི་ཐོག་ནས་ལེགས་བཤད་རང་ཉིད་བཀླག་པ་ཙམ་གྱིས་མཐོང་ཡོང་བའི་རྣམ་པ་གཅིག་ནི། ཕུར་ཤད་སྦྱོར་ཚུལ་གྱི་གསང་བ་ཞིག་ཡིན། དེ་ནི་ང་ཚོས་ད་ལྟ་ཕུར་ཤད་སྦྱོར་ཚུལ་གྱི་ལག་ལེན་ནང་དུ་མེད་པའི་རྣམ་གཞག་ཅིག་སྟེ། གཅོད་མཚམས་མི་འཁྲུག་པའི་ཕུར་ཤད་དང་།  ཚིག་མཚམས་འབྱེད་པའི་ཕུར་ཤད་གཉིས་ལ་ཁྱད་པར་ཕྱེས་ཡོད།

གཅོད་མཚམས་མི་འཁྲུག་པའི་ཕུར་ཤད་སྦྱོར་ཚུལ་ནི། ཕུར་ཤད་རང་ཉིད་ཚེག་ཤད་ཀྱི་ཚུལ་དུ་སྦྱར་ཡང་། རང་གི་སྔ་ལོགས་ཀྱི་ཡི་གེ་དང་རྗེས་ཐོགས་ཀྱི་ཡི་གེའི་དབར་དུ། བར་སྟོང་གི་དཀར་ཆ་མེད་ཅིང་མར་ཐད་ཀར་ནག་འགྲོས་སུ་བྲིས་པ་སྟེ། དཔེར་ན། མྱི་ན་བར་རྩི་ཐུགས་དང་།ནད་ཀྱི་གཞི། ཞེས་པ་འདི་ལྟ་བུའི་ཚུལ་དུ་སྦྱར་ཡོད་ལ། གནའ་དུས་དེ་འདྲའི་ཕུར་ཤད་སྦྱོར་ཚུལ་ཡོད་པའང་དཔོག་པར་ནུས། ཕྱིས་སུ་ཡི་གེ་ཟོར་ཡང་བ་སོགས་ཀྱི་དགོས་པ་གང་ཡིན་མ་ངེས་ཀྱང་། གཅོད་མཚམས་མི་འཁྲུག་པའི་ཕུར་ཤད་སྦྱོར་ཚུལ་འདི་ཉིད་བེད་སྤྱོད་བྱས་མེད་པ་གསལ་པོར་ཆགས།

རེད་དེ་ཕུར་ཤད་སྦྱོར་ཚུལ་འདི་ཉིད། བེད་སྤྱོད་མེད་ནས་བེད་སྤྱོད་མ་བྱས་པའམ། བེད་སྤྱོད་ཡོད་ཀྱང་བེད་སྤྱོད་མ་བྱས་པ་གཉིས་ནི་དཔྱད་གཞིར་ལུས་ཡོད་དེ། དཔེར་ན་དེང་སང་རྩོམ་པ་པོ་འགའ་ཞིག་གིས། ཀློག་ལ་དེམ་ཙམ་བྱང་ཆ་མེད་པ་དག་ལ་སྟབས་བདེ་ཞིང་གཅོད་མཚམས་མི་འཁྲུག་པའི་ཆེད་དུ། སྐད་ཆའི་སྡེ་ཚན་ཉུང་ཤོས་ཀྱི་བར་མཚམས་རྣམས་སུ་ཕུར་ཤད་རེ་སྦྱར་ཏེ་ཚིག་མཚམས་འབྱེད་པའི་བར་སྟོང་འཇོག་གི་འདུག་ལ། དེ་ལ་དགའ་མོས་བྱེད་མཁན་ཡང་གང་འཚམ་ཡོད་པ་མཐོང་།

དེ་ནི་ཀློག་ལ་བྱང་བའི་གང་ཟག་དག་ལ་ལྟོས་ནས་བཤད་ན། བར་སྟོང་མང་དྲགས་པའི་རྣམས་པ་ཡོད་ཅིང་། ཤོག་བུའི་འགྲོ་གྲོན་ལའང་གནོད་པ་ལྡན་ལ། ཕུར་ཤད་དེ་དག་ཚིག་མཚམས་འབྱེད་པའི་ཕུར་ཤད་དངོས་ཀྱང་མིན་རྐྱེན། གཅོད་མཚམས་མི་འཁྲུག་པའི་ཕུར་ཤད་དང་ཚིག་མཚམས་འབྱེད་པའི་ཕུར་ཤད་ཀྱི་ཁྱད་པར་ཡང་གྲུབ་ཀྱི་ཡོད། སྦྱོར་ཚུལ་ཡང་གོང་དུ་དཔེར་བརྗོད་དྲངས་པ་བཞིན་དུ། གཅོད་མཚམས་མི་འཁྲུག་པའི་ཕུར་ཤད་ནི། གཅོད་མཚམས་ཀྱི་བར་སྟོང་མེད་པའི་སྒོ་ནས་ནག་འགྲོས་སུ་འབྲི་བ་དང་། ཚིག་མཚམས་འབྱེད་པའི་ཕུར་ཤད་ནི། གཅོད་མཚམས་ཀྱི་བར་སྟོང་ཡོད་པའི་ཚུལ་དུ་བྲིས་པ་ཡིན་ན། གོང་དུ་བརྗོད་པའི་སྐྱོན་རྣམས་མེད་ཅིང་དགོས་པ་ཡང་འགྲུབ་པར་སེམས་སོ། །

དྲུག་པ། ཚེག་ཤད་ཀྱི་གསང་བ།  

ང་ཡིག་མ་གཏོགས་ཡིག་ཤད་ཀྱི་དབར་དུ་ཚེག་མེད་པའི་རྣམ་གཞག་འདི་ནི། ཕྱིས་སུ་གཅིག་གྱུར་བྱས་པ་ཞིག་ལས། གནའ་དུས་ཕུར་ཤད་ཚང་མ་ཚེག་ཤད་ཀྱི་ཚུལ་དུ་བྲིས་པ་ནི། ལེགས་བཤད་ཀྱི་བསྟན་བཅོས་རང་གི་ངོ་གདོང་ལས་མཐོང་ཡོང་བ་ཞིག་སྟེ། དཔེར་ན། ཟོང་དུ་ནི་སེམས་བཟང་། །ནོར་དུ་ནི་སྲིད་ཆེ་། །ཞེས་པ་ལྟ་བུའི་ཚུལ་དུ་ཚེག་ཤད་སྦྱར་བར་བྱས་ཡོད། ཡིག་རྙིང་རྒས་པོ་འདི་ཉིད་མ་ཟད། ཕྱིས་སུ་བྱུང་བའི་འཇང་བཀའ་འགྱུར་གྱི་པར་བྱང་། ལྡེབ་དང་པོའི་མདུན་ངོས་སུམ་ཕབ་ནང་གི་བོད་སྐད་ཀྱི་ཚིགས་སུ་བཅད་པ་དག་གི་མཇུག་ཏུའང་། ཕུར་ཤད་རྣམས་ཚེག་ཤད་ཀྱི་ཚུལ་དུ་སྦྱར་བ་འདུག །

ཕྱིས་ང་ཡིག་མ་གཏོགས་ཡིག་ཤད་དབར་གྱི་ཚེག་རྣམས་བསྡུས། ང་དང་ཕུར་ཤད་དབར་དུ་ཚེག་འཇོག་དགོས་པའི་རྒྱུ་མཚན་ནི། པ་དང་མི་འཁྲུལ་བའི་ཆེད་དུ་ཡིན་པར་བཤད་པ་ལ། དེང་གི་སུམ་རྟགས་མཁན་པོ་རྣམས་ཀྱིས་བཤད་རྒྱུར། རྒྱུ་མཚན་དེ་ལ་གཏན་ཚིགས་ཡོད་པ་མ་ཡིན་ཏེ། འ་ལ་ཚེག་ཤད་མ་སྦྱར་ན་ལ་དང་། ན་ལ་ཚེག་ཤད་མ་སྦྱར་བ་ཡིན་ན་མ་རུ་འཁྲུལ་བ་སོགས་འབྱུང་སྲིད་པས། ང་ཡིག་ཁོ་ནའི་གཞུག་ཏུ་ཚེག་ཤད་སྦྱར་དགོས་པའི་རྒྱུ་མཚན་མེད་ཅིང་། ངའི་མཇུག་ཏུ་ཚེག་ཤད་སྦྱར་བ་འདི་ནི་འབྲི་སྲོལ་ཙམ་ཞིག་རེད་ཅེས་གསུང་གི་འདུག །

འོན་ཀྱང་ཡིག་རྙིང་རྒས་པོའི་རྣམ་འགྱུར་ལ་བལྟས་པ་ཡིན་ན། གསང་བ་གཞན་ཞིག་ཡོད་པ་འདྲ་སྟེ། དཔེ་རྙིང་འདིའི་ནང་གི་པ་ཡིག་ཕལ་ཆེར་ང་དང་ཕུར་ཤད་འདུས་ནས་གྲུབ་པ་ལྟ་བུའི་གཟུགས་སུ་ཡོད་ལ། ཐོན་མིའི་ཞལ་ལུང་ལས། དེ་ནས་རིམ་གྱིས་དབུ་ཅན་དེ་ཉིད་མགྱོགས་པར་བྲིས་པ་ལས་རང་བཞིན་གྱིས་དབུ་མེད་ཀྱི་རྣམ་པ་བྱུང་བ་ལུང་དང་རིགས་པས་སྒྲུབ་མི་དགོས་ཏེ། དཔེར་ན་ཀ་སྡེ་གཅིག་པུའི་སྟེང་ནས་མཚོན་པས་ཤེས་སླ་ཞིང་། ཁྱད་པར་དུ་དབུ་ཅན་གྱི་ང་ཡིག་གཟབས་ནས་མ་བྲིས་ན་ཡིག་ཚུགས་མི་ཐོན་ཞིང་། དབུ་མེད་ཀྱི་ང་ཡིག་གཟབས་པ་ལས་མགྱོགས་པར་བྲིས་པས་ཡིག་ཚུགས་ཐོན་པ་ནི་མངོན་སུམ་ཡིན་པ་བཞིན་ནོ། །ཞེས་གསུངས་པ་བཞིན་དུ་དབུ་ཅན་གྱི་ང་ཡིག་རང་སྟེང་ལ་འབྲི་དུ་དཀའ་ངལ་ཅུང་ཟད་ཡོད་པར་མ་ཟད།  དབུ་ཅན་གྱི་ཚུགས་ཡིག་དང་རྒྱུགས་ཡིག་གང་ཞིག་ཡིན་ཡང་།  དྲང་འཐེན་གྱི་སྨྱུག་ཁམ་ཡོད་མེད་ཙམ་ལས་སྤྱི་ཁོག་གི་སྒྲོམ་གཞི་ལ་པ་དང་ཁྱད་པར་ཆེན་པོ་འབྱེད་དུ་མེད་དོ། །

ན་དང་མ་གཉིས་ནི་སྨྱུག་ཁམ་སྐོར་སྟངས་ཀྱང་འདྲ་ཡི་མི་འདུག་ལ། ན་དང་ཕུར་ཤད་འདུས་ནས་གྲུབ་པ་ལྟ་བུའི་གཟུགས་སུའང་མ་གྲུབ་སྟེ། མ་ལ་ནའི་རྐང་པ་ལྟ་བུ་ལྡེམ་རྐང་གི་རྣམ་པ་མཐོང་དུ་མེད་ཅིང་། གསེག་འཐེན་ལ་དྲང་འཐེན་སྦྱར་བ་ཡིན་གཤིས་གཟབ་བྲིས་ལ་འཁྲུལ་བའི་གཞི་མེད་ཅིང་།  པར་འཁྱུག་ལྟར་ན་མ་ཡིག་སྨྱུག་ཁམ་གཅིག་གིས་འགྲུབ་པར་བྱེད་སྟབས། དེ་ལ་འཁྲུལ་བ་ཇི་ལྟར་འབྱུང་།

དེ་བཞིན་དུ་འ་ཡིག་ལ་རུ་མི་འཁྲུལ་བའི་ཆེད་དུ་ཕུར་ཤད་སྔོན་ལ་ཚེག་འབྲི་བའི་དགོས་པ་མེད་དེ། མཁས་དབང་དགེ་ཆོས་ཀྱིས་བཞེད་པ་བཞིན་དུ། འ་ཡིག་ནི་གསར་བསྣན་གྱི་ཡི་གེ་ཡིན་རྐྱེན། གསར་སྣོན་གྱི་རྟགས་ལ་ཙ་ལག་ཏུ་གྲགས་པ་དེ་ཉིད་འ་ཡིག་གི་ཐོག་ཏུ་ཡོད་པ། གནའ་ཡིག་འདིའི་ངོ་གདོང་ལས་མངོན་གྱིས་ཡོད་པར་མ་ཟད། ཕྱིས་དགེ་ཆོས་ཀྱི་སྐུ་དུས་སུའང་ལག་ལེན་དུ་ཡོད་གཤིས། འ་ཡིག་གི་རྗེས་སུ་ཕུར་ཤད་སྦྱར་དུས་ཚེག་མེད་པ་ཡིན་ན་ལ་རུ་འཁྲུལ་བའི་དོགས་གཞི། ང་པ་རུ་འཁྲུལ་བའི་དོགས་གཞི་དང་མཚུངས་སོ་ཞེས་པའི་མགོ་མཚུངས་ཀྱི་རིགས་པ་དེ་ནི། མདུན་ཅོག་ཐོག་གི་རྩིས་འཕྲུལ་འཆར་ངོས་ལས་མངོན་པའི་དབྱངས་གསལ་མཐོང་བའི་ལབ་རྡོལ་ཙམ་ལས། དཔྱད་ཞིབ་ཀྱིས་དྲངས་པའི་དོགས་སློང་ཞིག་མ་ཡིན་པ་ནི་ཀུན་ལ་གསལ་བས། ཡིག་ཚོགས་མང་པོས་གསལ་བཤད་བྱེད་པ་ལ་དགོས་པ་མ་མཐོང་ངོ་། །

ཞོར་དུ་བཤད་རྒྱུ་ཞིག་ལ། རིན་ཆེན་སྤུངས་ཤད་ནི་ཡིག་ཕྲེང་གི་མགོ་ལ་ཡིག་རྡོག་གཅིག་དང་གཉིས་ལས་མེད་ཚེ་ཚུགས་ཐུབ་པའི་ཆེད་དུ་ཡིན་ལ་མཛེས་པའང་ཡིན་ཞེས། ཕྱིས་ཀྱི་སུམ་རྟགས་མཁན་པོ་གཅིག་གིས་གསལ་བཤད་དུ་བྲིས། དེ་ཡི་རྗེས་སུ་འབྲང་བའི་སུམ་རྟགས་མཁན་པོ་འགའ་ཞིག་གིས། རིན་ཆེན་སྤུངས་ཤད་ནི་ཡིག་ཕྲེང་གོང་མའི་ནང་གི་ཡིག་འབྲུ་གཅིག་འཕྲེང་འོག་མར་ཐོན་ཚེ་ཡིག་འབྲུ་དེ་ཚུགས་ཐུབ་པའི་ཆེད་དུ་ཕུར་ཤད་ཀྱི་ཚབ་ཏུ་སྦྱར་བ་དང་། ཞེས་གང་ཟག་སྒེར་བ་རང་གི་བསམ་ཚུལ་རྩ་བ་བྱས་ནས་བཤད་པའི་ཡོངས་ཁྱབ་རྒྱུ་འབྱམས་ཅན་གྱི་རྣམ་གཞག་འདི་ཡང་། ཞིབ་ཏུ་བསམ་ན་དེ་བཞིན་ཡིན་པར་མ་ངེས་ཏེ།  ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་གྱི་དཔལ་སྤུངས་པར་མར། དེའང་གཞུང་འདིའི་དངོོས་བསྟན་གྱི་དབང་དུ་བྱས་ན། གོ༑ ངོ་༑ དོ༑ ནོ༑ བོ༑ མོ༑ འོ༑ རོ༑ ལོ༑ སོ་སྟེ་བཅུ་ཉིད་ཡིན་ཡང་། ཞེས་དང་། སྔོན་འཇུག་དང་རྗེས་འཇུག་བསལ་བའི་ལྷག་མ་མིང་གཞི་ཁོ་ན་ཡིན་པ། ཀ་ཁ། ཅ་ཆ་ཇ་ཉ། ཏ་ཐ། པ་ཕ། ཙ་ཚ་ཛ་ཝ། ཞ་ཟ་ཡ། ཤ༑ ཧ་ཨ་སྟེ་ཡི་གེ་ཉི་ཤུ་ཐམ་པ། ཞེས་སྔོན་རྗེས་ཀྱི་འཇུག་པ་མེད་ཅིང་བརྩེགས་འདོགས་ཅན་མ་ཡིན་པའི་ཡིག་རྐྱང་རང་ཉིད་གང་དུ་གཅིག་པུར་སྦྱར་དགོས་པ་ཡིན་ན། དེ་ཉིད་ཚུགས་ཐུབ་པའི་ཆེད་དང་མཛེས་པའི་སླད་དུ་སྦྱར་བར་མཛད་འདུག །འོན་ཀྱང་ཡིག་ཕྲེང་གི་མགོ་ལ་བྱུང་བའི་འདོགས་ཅན་གྱི་རྗེས་སུ་རིན་ཆེན་སྤུངས་ཤད་སྦྱར་བ་ཞིག་འདུག་པས། དངོས་གཞི་དཀྱིལ་དུ་བྱུང་བའི་རིན་ཆེན་སྤུངས་ཤད་ཀྱི་སྦྱོར་ཚུལ་ལས་ཅུང་ཟད་གུ་ཡངས་པར་སེམས་ཤིང་། སྔོན་རྗེས་ཀྱི་འཇུག་པ་བྱུང་ན་རིན་ཆེན་སྤུངས་ཤད་སྦྱར་གྱི་མེད་པའི་རྣམ་གཞག་ནི་གཅིག་པར་མཐོང་སོང་།

དེ་བཞིན་དུ། སུམ་རྟགས་མཁན་པོ་འགའ་ཞིག་གི་བརྩམས་ཆོས་ནང་དུ། སྒྲ་ཡི་སྦྱོར་ཚུལ་ནི། ཕ་རོལ་ཏུ་ཕྱིནད་ཏོ། །ལྟ་བུ་དྲག་ཡོད་ཀྱི་རྗེས་སུ་སླར་བསྡུ་འདྲེན་ཚེ་ཏོ་དང་། ཡར་ལ་འགྲོའོ། །ལྟ་བུ་མཐའ་མེད་ཀྱི་རྗེས་སུ་འོ་དང་། གཞན་རྣམས་ནི། མཆོག་གོ། བཟང་ངོ་། །བཤད་དོ། །ཡིན་ནོ། །རབ་བོ། །ཁྱིམ་མོ། །དགའ་འོ། །ལྟ་བུ་མིང་མཐའི་རྗེས་འཇུག་དང་མཐུན་པར་སྦྱར་བར་བྱའོ། །ཞེས་སླར་བསྡུའི་དཔེར་བརྗོད་ཀུན་གྱི་རྗེས་སུ། ཉིས་ཤད་རེ་སྦྱར་བ་ལ་དཔྱད་གཞི་འདི་ཡོད་དེ། སླར་བསྡུའི་སྒྲ་སྦྱོར་ཙམ་གྱི་དཔེར་བརྗོད་དང་རྫོས་ཚིག་དངོས་ལ་ཁྱད་པར་ཡོད་པ་ནི། གོང་གི་དཔེར་བརྗོད་ཀྱི་གསལ་བཤད་དེ་ཉིད་བཀླག་པ་ཙམ་གྱིས་ངེས་ནུས་ལ། གོང་གི་དཔེར་བརྗོད་དག་གི་མཇུག་ཏུ། ལྟ་བུ་མིང་མཐའི་རྗེས་འཇུག་དང་མཐུན་པར་སྦྱར་བར་བྱའོ། །ཞེས་ཕྱི་རྐང་མེད་པའི་འོ་སྒྲ་ལྟ་བུའི་རྫོགས་ཚིག་དངོས་ཀྱི་རྗེས་སུ་ཉིས་ཤད་སྦྱར་བར་འོས་ཀྱང་། ཚིག་ལྷུག་གི་མིང་མཚམས་ཤད་ཀྱིས་གཅོད་པ་ལ་ཆིག་ཤད་མ་གཏོགས་ཉིས་ཤད་མི་སྦྱོར་བའི་ལུགས་ནི། ལེགས་བཤད་ལྗོན་དབང་གི་དགོངས་པ་ཡིན་གཤིས། གོང་གི་སྒྲ་སྦྱོར་གྱི་དཔེར་བརྗོད་དག་གི་མཇུག་ཏུའང་ཆིག་ཤད་མ་གཏོགས་སྦྱར་མི་རིགས་པར་སེམས་ཤིང་།  ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་གྱི་དཔལ་སྤུངས་པར་མ་ནང་དུའང་། སླར་བསྡུའི་ཕྲད་དེ་རྣམས་ཀྱི་དཔེར་བརྗོད་པའང་། རྟག་གོ བཟང་ངོ་། ཡོད་དོ། ཡིན་ནོ། སྒྲུབ་བོ། བསམ་མོ། བྱའོ། འགྱུར་རོ། མེལ་ལོ། བྱས་སོ། ཞེས་སོགས་འབྱམས་ཀླས་པ་ནི་གོ་བར་སླ་ཞིང་།  ཞེས་ཆིག་ཤད་མ་གཏོགས་སྦྱར་བར་མཛད་མེད་དོ། །

བདུན་པ། འ་མཐའི་གསང་བ།

དེ་ལ་སུམ་རྟགས་མཁན་པོ་འགའ་ཞིག་ན་རེ། ལུང་སྟོན་པ་སུམ་ཅུ་པ་ལས། རྗེས་འཇུག་བཅུ་པོ་མ་ཞུགས་ན། །མིང་གཞན་སྦྱོར་བ་ཡོད་མི་སྲིད། །ཅེས་པ་ལྟར་མིང་གཞི་ཡི་གེ་ལ་རྗེས་འཇུག་གང་ཡང་རུང་བ་ཞུགས་ནས་མིང་དུ་འགྲུབ་དགོས་པ་ཡིན་ལ། རྒྱུ་མཚན་དེའི་ཕྱིར་དཔེར་ན། ཀའ་བའ། བུམ་པའ། རྣའ་བའ། ཁའ། སྣའ། ཞེས་པ་ལྟ་བུ་རྗེས་འཇུག་གཞན་མེད་པའི་མིང་དག་ལ་འ་མཐའ་ངེས་པར་དུ་ཡོད་པ་ཡིན།

འོན་ཀྱང་བསྟན་པ་ཕྱི་དར་གྱི་དུས་ནས་བཟུང་བོད་ཀྱི་མཁས་པ་ཆེན་པོ་རྣམས་ཀྱིས་ཡི་གེ་འབྲི་བའི་ཚེ་ཡིག་ཚོགས་ཡང་བའི་ཆེད་དུ་ནོར་སོ་མེད་པ་དང་སྦྱོར་ཀློག་སྟབས་མི་བདེ་བ་མེད་པའི་འ་མཐའ་ཡོངས་རྫོགས་འབྲི་མི་དགོས་པར་བྱས་ཏེ་བསྡུས་པ་ཡིན་ལ། དེའི་ཚུལ་ནི་མིང་གཞི་ཡི་གེ་རྐྱང་བ་འཕུལ་ཅན་རྣམས་ལ་རྗེས་འཇུག་གཞན་མེད་ན་ངེས་པར་དུ་འ་མཐའ་འབྲི་དགོས་པ་སྟེ། རྐྱང་བ་འཕུལ་ཅན་རྣམས་ཀྱི་འ་མཐའ་བསྡུས་ཚེ། དཔེར་ན། དགའ་ལ་འ་མཐའ་མེད་ན་དག་ལ་ནོར་བ་དང་། མངའ་ལ་འ་མཐའ་མེད་ན་མང་ལ་ནོར་བ་དང་། གསའ་ལ་འ་མཐའ་མེད་ན་གས་ལ་ནོར་བ་སོགས་ཡིན། ཞེས་བཤད་པ་འདི་ནི་ཕྱིས་ཀྱི་སུམ་རྟགས་མཁན་པོ་ཡོངས་ཀྱི་འདོད་ཚུལ་ཞིག་ཏུ་ཆགས།

འདི་ཡང་སུམ་པའི་མ་ཤགས་ཆེན་པོའི་རྣམ་འགྱུར་ལ་བལྟས་པ་ཡིན་ན། བཤད་པ་ཇི་བཞིན་དོན་ན་གནས་ཁག་པར་སེམས་ཏེ། བསྟན་པ་ཕྱི་དར་ཡན་གྱི་བསྟན་བཅོས་རྣམས་སུ་རྗེས་འཇུག་གཞན་མེད་པའི་མིང་དག་ལ་འ་མཐའ་ངེས་པར་དུ་ཡོད་པ་ཡིན་ན། ཡིག་རྙིང་རྒས་པོའི་ངོ་གདོང་འདི་རུའང་ངེས་པར་དུ་མངོན་དགོས་པ་ཡིན་ཡང་། དེ་འདྲ་རྣམ་པ་མེད་པ་ཙམ་དུ་མ་ཟད་བཀའ་གཙིགས་ཀྱི་རྡོ་རིང་སོགས་སུའང་མཐོང་དུ་མེད།  དེ་ལྟས་འ་མཐའ་འཐོབ་ངེས་རྣམས་ལ་འ་མཐའ་བྲིས་ཡོད་པར་བཤད་པ་ནི། མ་བརྟགས་གྱ་ཚོམ་དུ་སྨྲས་པ་ཙམ་དུ་ཟད་དོ། །

འདི་ལ་དཔྱད་པ་གནང་དགོས་པའི་གནས་ཤིག་ནི། འ་མཐའ་དང་མ་མྱ་ད་དྲག་དོར་བའི་དུས་ཚིགས་ལ་བཞེད་པ་མི་འདྲ་རྣམ་པ་གཉིས་མཐོང་སྟེ། གཅིག་ནི། སྐད་གསར་བཅད་གཉིས་པའི་སྐབས་སུ་མཛད་རྗེས་ཆེ་བའི་དྲིན་ཅན་གྱི་ལོ་པཎ་གསུམ་ཞེས་གྲགས་པའི་བསྟན་པ་སྔ་དར་གྱི་དུས་ཏེ། དུས་རབས་དགུ་པའི་དུས་མགོ་ཙམ་དུ་འ་མཐའ་བསྡུས་པའི་གླེང་ཕྱོགས་གཅིག་དང་། གཉིས་ནི། བསྟན་པ་ཕྱི་དར་གྱི་དུས་སྐབས་རྔོག་ལོའི་སྐུས་དུས་ཙམ་དུ་བསྡུས་པར་བཤད་པ་གཉིས་སུ་ཡོད། སྐད་གསར་བཅད་གཉིས་པ་ཡན་དུ། རྗེས་འཇུག་གཞན་མེད་པའི་མིང་དག་ལ་དམིགས་བསལ་མ་གཏོགས། འ་མཐའ་མང་དུ་འབྲི་བའི་ལུགས་ལ་ལེགས་བཅོས་མཛད་དེ། ཡི་གེ་ཟོར་ཡང་བའི་ཆེད་དུ་འ་མཐའ་བསྡུས་པ་དང་།བསྟན་པ་ཕྱི་དར་གྱི་དུས་སུ་རྐྱང་བ་འཕུལ་ཅན་རྣམས་ལ་མ་གཏོགས་འ་མཐའ་མི་སྦྱོར་བའི་རྣམ་པར་གཞག་སྟེ། འ་མཐའི་བསྡུ་བ་གཉིས་པ་མཛད་མེད་པའི་ངེས་པ་ཡང་མེད་དོ། །

དེ་ལྟར་རྗེས་འཇུག་གཞན་མེད་པའི་མིང་དག་ལ་འ་མཐའ་ངེས་པར་དུ་ཡོད་པ་དང་། འ་མཐའ་སྦྱར་བ་མཐོང་རྒྱུ་ཡོད་པ་གཉིས་མི་གཅིག་པའི་སྟབས་ཀྱིས། ཡིག་རྙིང་འདི་དང་རྡོ་རིང་སོགས་སུ་རྗེས་འཇུག་གཞན་མེད་པའི་མིང་དག་ལ།འ་མཐའ་ངེས་པར་དུ་སྦྱར་ཡོད་པ་མ་ཡིན་ཡང་སྦྱར་བ་མཐོང་རྒྱུ་ཡོད་པ་ཡིན།

དཔེར་ན། སུམ་པའི་མ་ཤགས་ཆེན་པོའི་བསྟན་བཅོས་ནང་དུ། གཅོད་མཚམས་ཀྱི་མཐའ་མ་ཡིན་པའི་རྗེས་འཇུག་གཞན་མེད་པའི་མིང་དག་ལ་འ་མཐའ་སྦྱར་བ་གཅིག་ཀྱང་མཐོང་རྒྱུ་མེད།  འོན་ཀྱང་། ཕོ་ལ་སྙིང་མྱེད་ན་སྟོན་རྟ་བརྒྱུག་ལ། །མོ་ལ་སྙིང་མྱེད་ན་ནི་དབྱར་མར་ཟའ། ། ཞེས་རྗེས་འཇུག་གཞན་མེད་པའི་གཅོད་མཚམས་མཐར་གནས་ཀྱི་ཡི་གེ་ཟ་ལ་འ་མཐའ་སྦྱར་བ་སོགས་མཐོང་རྒྱུ་ཡོད། འདི་ནི་མཐའ་རྟེན་མེད་པའི་རྐྱང་ཡིག་དག་ལ་འ་མཐའི་ཐོབ་ཐང་ཡོད་པའི་དབང་གིས་སྦྱར་བ་མ་ཡིན་པར། དགོས་པ་གཞན་ཞིག་ཡོད་པ་ནི་གོར་མ་ཆག །

དཔེར་ན། ཞོལ་རྡོ་རིང་ཕྱི་མའི་ཡི་གེའི་ངོ་བཤུས་མ་ཡིག་གི་བྱང་ངོས་སུ། ࿓། །བློན་སྟག་སྒྲ་ཀླུ་ཁོང་། དཀུ་རྒྱལ་གཙིགས་གནང་བའྀ་མདོ་རྡོ་རིངས་ལ་ཡྀག་གྲུ་བྲིས་པའ། ཞེས་བཙན་བརྗིད་ཀྱི་བཀའ་ལུང་སྒྲོག་པའི་གདངས་ཀྱི་ཁྱད་པར་འདོན་པའི་ཆེད་དུ་འ་མཐའ་སྦྱར་ཡོད་པ་དང་། དེ་བཞིན་ལྷོ་ངོས་སུ། ࿓། །བཙན་ཕོ་ཁྲྀ་ལྡེ་གཙུག་རྩན་གྱྀ་རིང་ལའ། །ཞེས་འ་མཐའི་ཐོབ་ཐང་ཡོད་པའི་རྐྱེན་གྱིས་སྦྱར་བ་མ་ཡིན་པར། སྒྲ་གདངས་ཀྱི་ཁྱད་པར་འདོན་པའི་ཆེད་དུ་ཚིག་གི་མཚམས་སུ། མཐའ་རྟེན་མེད་པའི་རྐྱང་ཡིག་རྣམས་ལ་འ་མཐའ་སྦྱར་བ་ནི་སྨོས་སུ་མེད་དོ། །

དེས་ན་བསྟན་པ་ཕྱི་དར་གྱི་གང་ཟག་འགའ་ཞིག་གིས་འ་མཐའ་འདི་ཉིད་ཆེད་དུ་བསྡུས་པ་དང་། རིག་གཞུང་རྣམས་སུ་སྒྲ་གདངས་ཀྱི་ཁྱད་པར་འདོན་པའི་འ་མཐའ་བེད་སྤྱོད་དེ་ཙམ་མེད་སྟབས། རང་བཞིན་གྱིས་ཉམ་དམས་སུ་སོང་བ་གང་ཡིན་ཆ་མའཚལ་ཡང་། མེས་པོ་དག་གི་རིག་འཕྲུལ་གྱི་ཚན་པ་འདི་ལ་བེད་མེད་ཤུལ་ལུས་ཀྱི་འབྲི་ཐབས་སུ་བསྙད་ནས། བསྟན་པ་ཕྱི་དར་གྱི་མཁས་པ་ཆེན་པོ་དག་གིས་ཡིག་ཚོགས་ཡང་ཞི་སྦྱོར་ཀློག་བདེ་བའི་ཆེད་དུ་བསྡུས་པ་ཡིན་ཞེས། རྒྱུག་པ་ལེབ་རྡུང་གི་རིགས་པ་མཁས་ཉམས་སུ་རློམ་ནས་ཕྱི་ལྟས་ཙམ་ཡང་མ་བྱས་པ་ཨི་ཡིན་ན་སྙམ།

ཞིབ་ཏུ་བལྟས་ན་སྒྲ་གདངས་ཀྱི་ཁྱད་པར་དུ་འདོན་པའི་འ་མཐའ་སྦྱོར་ཚུལ་གྱི་རིག་ཚན་འདི་ལ། བཀོལ་སྤྱོད་ཀྱི་རིན་ཐང་ཡོད་ཀྱང་བེད་སྤྱོད་མ་བྱས་ནས་བསྡུས་པའི་སྟོང་ཆ་ནི་གང་སར་མཐོང་བཏུབ་པ་ཡིན་ཏེ།  གཏམ་རྒྱུད་གསེར་ཐང་གི་མཇུག་རྩོམ་ནང་དུ། རང་རེ་རྣམས་ཀྱིས་ད་དུང་ཡང་ལུགས་གསར་པའི་གཏམ་ཟུར་ཙམ་ཐོས་ན། ཨཱ་ཁོ་མུ་སྟེགས་པ་ཡིན་ཅེས་མིག་བགྲད་ནས་བལྟ། ཞེས་ཡི་མ་རང་བའི་རྣམ་འགྱུར་ངག་ནས་ཐོན་པའི་ཨའི་སྒྲ་གདངས་ཀྱི་ཁྱད་པར་འདོན་པའི་ཆེད་དུ་ཨ་ལ་འ་འདོགས་སྦྱར་བ་འདི་ཡང་། དོན་ལ་སྒྲ་གདངས་ཁྱད་པར་དུ་འདོན་པའི་འ་མཐའི་སྦྱོར་བ་ཡིན་པ་སྨོས་སུ་མེད་དེ།  བོད་རང་གི་སྐད་ཆའི་སྦྱོར་བའི་ནང་དུ་རྒྱ་གར་གྱི་དབྱངས་ཡིག་བཅུ་དྲུག་གི་ནང་ནས་ཨ་ཐུང་བ་མ་གཏོགས། ཨཱ་རིང་བ་སོགས་གཞན་པ་བེད་སྤྱོད་མེད་པས་དོར་ཞེས་ཡོངས་སུ་གྲགས་པ་ལྟར་དུ་ལགས་ན། རྒྱ་གར་གྱི་དབྱངས་ཡིག་མིག་འཛུམ་གཉིས་ཀྱི་ཡུན་དུ་བཀླག་དགོས་པའི་ཨཱ་རིང་བ་ནི་ཡིན་ཚུལ་མེད།

འདོགས་ཅན་མ་ཡིན་པའི་བོད་ཡིག་གི་བརྩེགས་མ་དག །དཔེར་ན་ཀྭ་ཤྭ་ལྭ་སོགས་ནི་ཀ་བ་དང་ཤ་བ་ཞེས་ཚེག་ཁྱིམ་ཐ་དད་དུ་བཀླག་དགོས་པ་དགེ་ཆོས་རང་གི་བཞེད་པ་ཡིན་གཤིས། གལ་ཏེ་གོང་གི་ཨའི་འོག་གི་འ་དེ་ཉིད་ཨའི་སྒྲ་གདངས་ཁྱད་པར་དུ་འདོན་པའི་འ་མཐའི་སྦྱོར་བ་མ་ཡིན་ན། ཨ་འ་ཞེས་ཚེག་ཁྱིམ་ཐ་དད་དུ་བཀླག་དགོས་པ་ཡིན་སྟབས། གོ་དོན་ཅི་ཡང་མེད་པའི་སྦྱོར་བ་ཞིག་ཏུ་ཆགས་སྲིད་པ་ཡིན།

དེ་བཞིན་དུ་སྒྲུང་རྩོམ་དང་འཆད་འགྲེལ་གྱི་དཔེ་ཆ་འགའ་རུ། ཨ་་་་་་། ཡ་་་་། རེད་བཱ། འདུག་བཱ། སོགས་སྒྲ་གདངས་ལ་རིང་ཆའི་ཁྱད་པར་འདོན་པའི་ཆེད་དུ་ཚེག་མང་དང་། འ་འདོགས་ཀྱི་སྦྱོར་ཚུལ་གྱི་རྣམ་པ་འདི་དག་གིས། སྒྲ་གདངས་ཀྱི་ཁྱད་པར་འདོན་པའི་འ་མཐའི་རིག་ཚན་ལ་གཏོར་རླག་ཐེབས་པའི་སྐྱོན་ཐེར་འདོན་བྱས་པ་ཨི་ཡིན་ན་སྙམ།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།