གསེར་ཐང་དང་གཏད་རབས་ཤོག་འཁྱར་ལས་བྱུང་བའི་མྱ་ངན་མེད་ཀྱི་སྐོར་ལ་དཔྱད་པ།

0
780

སྔོན་གླེང་།

ཐོག་མར་ལོ་རྒྱུས་སྨྲ་བ་བན་ཤུལ་དཔལ་མཁར་རྒྱལ་ལགས་ལ་གུས་བཀུར་ཡོད་ཅེས་ཞུ་འདོད་ཡོད་མོད། ཉེ་ཆར་ཁོང་གིས་ཟིན་བྲིས་ཤིག་སྤེལ་འདུག་པ་དེའི་ནང་དུ། མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་དགོངས་པ་ཡག་པོ་མ་ལོན་པར་སྐད་ཆ་རེ་ཟུང་བྱུང་རྒྱལ་དུ་སྨྲས་འདུག དཔེར་ན།  ‘‘བོད་སྔ་མ་རྣམས་ཀྱིས་མྱ་ངན་མེད་སྔ་ཕྱི་གཉིས་འདོད་པ་ནི། རྒྱལ་རབས་ལོ་ཚིགས་གུང་བསྒྲིགས་དུས་སུ། ཐབས་ཤེས་མེད་ནས་སྔ་ཕྱི་གཉིས་འདོད་ཡོད་ལ། དེ་ནི་གཡག་རྭ་ལྟ་བུའི་བོད་རྒན་ཚོས་གཡོ་ཇུས་བྱེད་སྟངས་ཤིག་ཡིན། པདྨ་འབྱུང་གནས་སྔ་ཕྱི། གྲོ་ལུང་པ་སྔ་ཕྱི། སྐྱབས་མཆོག་དཔལ་སྔ་ཕྱི་ཟེར་བ་ལ་རློམ་རྒྱུ་ཆེར་མེད་ལ། ཡོངས་གྲགས་སུ་ཆོས་རྒྱལ་མྱ་ངན་མེད་ནི་ཕྱི་ལོའི་སྔོན་གྱི(༤༢༠)ལོར་ཡབ་བིན་དུ་ས་ར་སྟེ། བོད་ཀྱི་སྐད་ལ་སྙིང་པོ་ཐིག་ལེ་བྱ་བའི་ཡབ་ཀྱི་ཁྱིམ་དུ་འཁྲུངས་ཡོད། ཡེ་བཟང་རྩེ་བ་འགོས་ལོའི«དེབ་སྔོན»དུ་ཤོག་དྲིལ་འཁྱར་བ་ཞིག་ལ་བརྟེན་ནས་མྱ་ངན་མེད་ཀྱི་སྐོར་གསུང་པ་དེ་དང་། དེབ་དཀར་མཁན་པོའི་དགོངས་གཞི་གཉིས་པོའང་འདིར་ཆུ་ལ་ཆུ་བཞག་གི་ཞལ་མཐུན་དུ་འགྲོ་བཞིན་ཡོད། དེའི་ཕྱིར་ན། མྱ་ངན་མེད་སྔ་ཕྱི་གཉིས་འདོད་པ་ནི་སྤངས་བར་བྱ་འོ།།’’ ཞེས་པ་ལྟ་བུའོ། །

ཚིག་དུམ་འདི་དག་གི་ནང་དུ།  བན་ཤུལ་པས་ཐོག་མར་ཁོང་གིས་མྱ་ངན་མེད་གཉིས་སུ་མི་འདོད་པ་བཤད་རྗེས། དགེ་ཆོས་དང་འགོས་ལོ་ཡང་ཁོ་རང་གི་གྲོགས་སུ་བཤད་ཡོད།   ད་དུང་གཏད་རབས་ཤོག་འཁྱར་དང་དགེ་ཆོས་ཀྱི་དགོངས་པ་རྒྱུ་མཚན་དུ་བྱས་ནས་མྱ་ངན་མེད་གཉིས་འདོད་པ་སྤངས་དགོས་པར་བྲིས་ཡོད་པ་རེད།    སྐབས་འདིར། ངས་གསལ་བཤད་མ་ཞུས་རུང་དགེ་ཆོས་ཀྱི་གསུང་ལ་རྒྱུས་མངའ་ཡོད་མཁན་ཞིག་ཡིན་ཚེ། འདི་ནི་དགེ་ཆོས་ཀྱི་དགོངས་པ་མིན་པ་ཡིད་ལ་གསལ་ལེར་འཆར་འོང་བ་ཞིག་རེད། གཏམ་རྒྱུད་གསེར་གྱི་ཐང་མར་མྱ་ངན་མེད་ལ་གཉིས་ཡོད་པ་ཤིན་ཏུ་གསལ་པོར་གསུངས་ཡོད་ནའང་། ཁོང་གིས་དེར་གཟིགས་རྟོག་ཡེ་མ་གནང་བའམ།  ཡང་ན་གཟིགས་རྟོག་ཟུར་ཙམ་བྱས་ཏེ་ཤིན་ཏུ་རྒྱུས་ཡོད་མདོག་གིས་ཡིག་ཚོགས་འདི་དག་བྲིས་པར་མ་ཟད། ད་དུང་ཟིན་བྲིས་དེའི་ནང་དུ། ཀཱ་ལ་ཨ་ཤྭ་ཀའི་ལོ་ཚིགས་དང་དྷརྨ་ཨ་ཤྭ་ཀའི་བྱུང་བ་གཉིས་ཀྱང་ཕན་ཚུན་བསྲེས་ནས་བྲིས་འདུག་པས། དེ་ལ་འདིར་ཁོ་བོས་བན་ཤུལ་པར་བསམ་ཚུལ་བརྗེ་རེས་ཀྱི་ཚུལ་དུ་བརྗོད་གཞི་འདི་དག་དོན་ཚན་བཞི་རུ་བགོས་ཏེ་གསལ་བཤད་ཞུ་འདོད་བྱུང་།

དང་པོ། གཏམ་རྒྱུད་གསེར་ཐང་གི་དགོངས་དོན་ངོ་སྤྲོད་པ།

དེ་ཡང་གཏམ་རྒྱུད་གསེར་ཐང་དུ་རྒྱ་གར་པའི་རྒྱལ་རབས་རྣམས་སུ་གསལ་བ་བཞིན།  མ་གྷ་དྷའི་རྒྱལ་རབས་རྣམས་ཞིབ་རྒྱས་སུ་བཀྲལ་ཡོད་ལ་དེ་དག་གི་ནང་དུ་ཀཱ་ལ་ཨ་ཤྭ་ཀ་སཻ་སུ་ནཱ་གའི་རྒྱལ་རབས་ཀྱི་རྒྱལ་པོ་གཉིས་པ་དང་།  དྷརྨ་ཨ་ཤྭ་ཀ་མོརྱའི་རྒྱལ་རབས་ཀྱི་རྒྱལ་པོ་ཡིན་པ་གསལ་པོར་གསུངས་ཡོད།   ཡིད་ཆེས་ཡོང་ཕྱིར་ཚིག་རིས་ཇི་བཞིན་དུ་དྲངས་ན།    དེ་ཉིད་ལས།  དེའི་འོག་ཏུ་ཀླུ་སྦྱིན་གྱི་བློན་པོས་ལོ་བཅོ་བརྒྱད་དུ་སྲིད་བདེ་བར་བསྐྱངས་ཤིང་།  སེ་སུཾ་ན་གའི་རྒྱལ་རྒྱུད་དུ་གྲགས་པ་དེ་བཙུགས།  དེ་ནས་དེའི་བུ་ཀ་ལ་ཨ་ཤྭ་ཀས་ལོ་ཉེར་བརྒྱད་བསྐྱངས་ཤིང་། རྒྱལ་པོ་འདི་ཁྲི་ལོ་བཅུ་པ་ལ་བབས་པ་ན་སངས་རྒྱས་འདས་ནས་ལོ་བརྒྱ་ཐམ་པ་སོང་།  ཞེས་གསལ།  ཡང་དེའི་འོག་ཏུ།  དེས་ན་རྒྱལ་རབས་འདིའི་དབང་དུ་བྱས་ཚེ་སྟོན་པ་འདས་ནས་ལོ་བརྒྱ་ན་བྱུང་ཞིང་གནས་བརྟན་གྲགས་པས་བཏུལ་བ་དེ་ཨ་ཤྭ་ཀ་ནག་པོ་ལ་བྱེད་དགོས་ཤིང་།  འདིས་རྒྱལ་རབས་ཀྱི་འགག་མང་པོ་ཞིག་ཀྱང་འཁྲོལ་བ་ལྟར་སྣང་བས་ཇེ་བས་བསྔགས་པར་འོས་སོ།།    ཞེས་སོགས་སཻ་སུ་ནཱ་གའི་རྒྱལ་རབས་ཀྱི་འོག་ཏུ་ནནྟའི་རྒྱལ་རབས་ཀྱང་བྱུང་བར་གསུངས་རྗེས། སླར་ཡང་ནན་བཤད་ཀྱི་ཚུལ་དུ། ནནྟའི་རྒྱལ་རབས་འདི་ལས་མོརྱའི་རྒྱལ་རྒྱུད་མཆེད་དེ་ཆོས་རྒྱལ་མྱ་ངན་མེད་ཀྱང་འཁྲུངས།    ཞེས་སོ། །

དེས་ན་དགེ་ཆོས་ཀྱི་བཞེད་པ་གཞིར་བྱས་ན། ཨ་ཤྭ་ཀ་ནག་པོ་ནི་སངས་རྒྱས་འདས་ནས་ལོ་བརྒྱ་ཙམ་ན་བྱུང་ཞིང་།     དྷརྨ་ཨཱ་ཤྭ་ཀ་ནི་སངས་རྒྱས་འདས་ནས་ལོ་ཉིས་བརྒྱ་ལྷག་ཙམ་ན་བྱོན་པ་ཡིན་ལ།  ཀ་ལ་ཨཱ་ཤྭ་ཀ་སཻ་སུ་ནཱ་གའི་རྒྱལ་རབས་ཀྱི་རྒྱལ་པོ་དང་།   ཆོས་རྒྱལ་མྱ་ངན་མེད་མོརྱའི་རྒྱལ་རབས་ཀྱི་རྒྱལ་པོ་ཡིན་པའང་གསལ་བས་དེ་གཉིས་གང་ཟག་ཐ་དད་ཙམ་དུ་མ་ཟད་རྒྱལ་རབས་ཐ་དད་པ་གཉིས་ཀྱི་རྒྱལ་པོ་ཡིན་པ་དང་། བྱོན་པའི་དུས་ཚིགས་ཀྱང་སོ་སོར་ངོས་བཟུང་ཡོད་པ་འདི་ཀ་ཡིན།  ཡང་དེ་ཉིད་ལས།    སྙིང་རྗེ་པད་དཀར་དྲངས་པ་ཞིག་དང་།  ལྷ་ལས་ཕུལ་བྱུང་གི་འགྲེལ་བར་སྟོན་པ་འདས་ནས་ལོ་བརྒྱ་ན་ཨ་ཤྭ་ཀ་བྱུང་བར་བཤད་ཅིང་། རྟོག་གེ་འབར་བ་དང་སློབ་དཔོན་བྷ་བྱའི་སྡེ་པ་ཐ་དད་དུ་འབྱེད་པ་ལས།  སངས་རྒྱས་འདས་ནས་བརྒྱ་དང་དྲུག་བཅུ་ན་ཡིན་ཞེས་བཤད་པ་དག་ཀཱ་ལ་ཨ་ཤྭ་ཀའི་དུས་ལ་འགྲིགས་མོད།   མཆོད་རྟེན་བརྒྱད་ཁྲི་བཞེངས་པ་སོགས་དང་འབྲེལ་ནས་བཤད་པས་སྦྱོར་མི་བདེ་ཞིང་། རྒྱལ་རབས་གོང་འོག་བསྡུར་ནས་དཔྱད་ན་འདས་རྗེས་ཀྱི་ལོ་ཉིས་བརྒྱ་དང་དོན་གཅིག་ལ་ཁྲི་བཟུང་བ་ཡིན་ཞིང་། འདི་ནི་འགོས་ལོས་བསྒྱུར་བའི་གཏད་རབས་ཤོག་འཁྱར་ལས་སངས་རྒྱས་འདས་ནས་ལོ་སུམ་བརྒྱ་ན་མྱ་ངན་མེད་ཤི་བར་བཤད་པ་དང་།  ལོ་གཅིག་གིས་ཀྱང་ཆད་ལྷག་མེད་པར་ཁྲིགས་ཀྱིས་མཐུན་ནོ།  །

དེ་བཞིན་ཀུན་མཁྱེན་བུས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་པ་ལ་མྱ་ངན་མེད་ཀྱིས་སྦྱིན་བདག་བྱས་ནས་བཀའ་བསྡུ་གཉིས་པ་བྱས་གསུངས་པ་ཡང་ཀཱ་ལཱ་ཨ་ཤྭ་ཀའི་དུས་ལ་སྦྱོར་བདེ་མོད།  འདི་དང་མོརྱའི་མྱ་ངན་མེད་གཉིས་ཀ་མིང་དང་བྱ་བ་མཚུངས་པའི་དབང་གིས་ཕན་ཚུན་བསྲེས་ཏེ་བཤད་པ་མང་བས་འཆད་མི་བདེ་བ་རྐྱང་སྣང་ངོ་། །    ཞེས་གསལ་ཞིང་། འདིར་དགེ་ཆོས་ཀྱིས་ཆོས་རྒྱལ་མྱ་ངན་མེད་དམ་དྷརྨ་ཨ་ཤྭ་ཀའི་ཁྲི་ལོ་ངོས་བཟུང་ཞིང་། འགོས་ཀྱིས་བསྒྱུར་བའི་གཏད་རབས་ཤོག་འཁྱར་ཡང་དེ་དང་མཐུན་ཚུལ་བཤད་འདུག    ད་དུང་ཀཱ་ལ་ཨ་ཤྭ་ཀ་དང་མོརྱའི་མྱ་ངན་མེད་གཉིས་ལ་འདྲ་ཆོས་མང་པོ་ཞིག་ཡོད་པའང་གསུང་བཞིན་འདུག་པ་ལས། དེ་གཉིས་ཐ་དད་མིན་པའི་ཚིག་ཟུར་ཙམ་ཡང་སྨྲས་མེད།

བན་ཤུལ་པའི་བསམ་ངོར་ཀཱ་ལ་ཨ་ཤོ་ཀ་ཞེས་པ་འདི་མཁས་དབང་དགེ་ཆོས་ཀྱིས་འུ་ཅག་ཡོངས་ཁྱབ་ལ་ཆོས་རྒྱལ་མྱ་ངན་མེད་ཅེས་གྲགས་པའི་མོརྱའི་མྱ་ངན་མེད་དེ་ལ་འདོད་བཞིན་ཡོད་འདུག་སྙམ་དུ་བསམ་ཞིང་།  ཁོ་རང་གིས་ཀྱང་དེ་ལྟར་ཡིན་ཤག་བྱས་འདུག་མོད།  མ་ཡིན་ཏེ།  གོང་དུ་བཤད་པ་བཞིན་ཀཱ་ལ་ཨ་ཤྭ་ཀ་ནི་མ་གྷ་དྷའི་རྒྱལ་རབས་གསུམ་པ་སཻ་སུ་ན་གའི་རྒྱལ་རབས་ཀྱི་རྒྱལ་པོ་གཉིས་པ་དང་།  དགྲ་བཅོམ་གྲགས་པའམ་ཉེ་སྦས་སོགས་བསྡུས་ནས་བཀའ་བསྡུ་གཉིས་པའི་སྦྱིན་བདག་མཛད་མཁན་དེ་ཡིན།   ཆོས་རྒྱལ་མྱ་ངན་མེད་དམ་དྷརྨ་ཨཱ་ཤྭ་ཀ་ནི།  མ་གྷ་དྷའི་རྒྱལ་རབས་ལྔ་པ་རྨ་བྱའི་རྒྱལ་རབས་སམ་མོརྱའི་རྒྱལ་རབས་ཀྱི་རྒྱལ་པོ་གསུམ་པ་དང་བཀའ་བསྡུ་གསུམ་པའི་སྦྱིན་བདག་མཛད་མཁན་དེ་ཡིན།   དེས་ན་གོང་དུ་གཏམ་རྒྱུད་གསེར་གྱི་ཐང་མར་འདི་གཉིས་ཀ་མིང་དང་བྱ་བ་མཚུངས་པས་ཞེས་གསུངས་འདུག་པ་ལ་རྒྱུ་མཚན་ཡོད་དེ།  གཉིས་ཀའི་མིང་ལ་མྱ་ངན་མེད་དམ་ཨ་ཤྭ་ཀ་ཞེས་བྱ་བས་མིང་མཚུངས་ཤིང་། གཉིས་ཀས་བཀའ་བསྡུ་བའི་སྦྱིན་བདག་དང་མཆོད་རྟེན་བཞེངས་པ་སོགས་བསྟན་པའི་སྦྱིན་བདག་བྱས་པས་བྱ་བ་མཚུངས་སོ།།

མྱ་ངན་མེད་གཉིས་ཀས་བཀའ་བསྡུ་བའི་ཡོན་བདག་བྱས་པ་འདི་དགེ་ཆོས་ཀྱི་དགོངས་པའང་ཡིན་ཏེ།  གཏམ་རྒྱུད་གསེར་ཐང་དུ།  དེ་ལ་གནས་བརྟན་པ་དག་གི་ལྟར་ན། མ་སྐྱེས་དགྲའི་ཁྲི་ལོ་བརྒྱད་པར་བཀའ་བསྡུ་དང་པོ་བྱས།  དེ་ལ་གནས་བརྟན་པའི་བཀའ་བསྡུ་ཟེར།  དེ་ནས་ཨ་ཤྭ་ཀ་ནག་པོའི་དུས་སུ་དགྲ་བཅོམ་ནམ་གྲུ་དང་གྲགས་པ་སོགས་ཀྱིས་བསྡུས། དེ་ལ་ཕལ་ཆེན་པའི་བསྡུ་བ་ཟེར།  དེ་ནས་མྱ་ངན་མེད་ཀྱི་དུས་ཀྱི་ཁྲི་ལོ་བཅུ་བདུན་པ་ལ་མཽ་གལ་བུ་སོགས་ཀྱིས་བསྡུ་བ་བྱས།  དེ་དུས་སྡེ་པ་བཅོ་བརྒྱད་གྱེས་ཟིན།  དེ་ཡང་མ་སྐྱེས་དགྲའི་བུ་འཆར་ཀ ། དེའི་བུ་མ་འགགས་པ།  དེའི་བུ་སྤྱི་ཟླུམ། དེའི་བུ་ཀླུ་བྱིན།  དེའི་བློན་པོའི་བུ་ཨ་ཤྭ་ཀ་ནག་པོ།  དེའི་ཁྲི་ལོ་བཅུ་པར་སངས་རྒྱས་འདས་ནས་ལོ་བརྒྱ་སོང་།  སངས་རྒྱས་འདས་ནས་ཉིས་བརྒྱ་དང་དོན་གཅིག་པ་ལ་རྒྱལ་པོ་མྱ་ངན་མེད་ཀྱི་ཁྲི་ལོ་ཚུགས་པ་སོགས་ཡིན་ནོ།།  ཞེས་དགེ་ཆོས་ཀྱིས་མྱ་ངན་མེད་གཉིས་བཞེད་བཞིན་ཡོད་པ་ཤིན་ཏུ་གསལ་བར་འདུག་ཅིང་། ཁོང་གི་དགོངས་དོན་མཐར་ཐུག་པ་ལུང་འདི་དག་གིས་བདེ་བླག་ཏུ་རྟོགས་ནུས་པས་གསལ་བཤད་མང་པོ་ཞུ་མི་དགོས།

གཉིས་པ།  གཏད་རབས་ཤོག་འཁྱར་གྱི་དགོངས་དོན་བཀྲལ་བ།

གཏད་རབས་ཤོག་འཁྱར་ལས་ཀྱང་མྱ་ངན་མེད་གཉིས་བཞེད་བཞིན་ཡོད་པ་ཤེས་ནུས་པར་འདུག་སྙམ་སྟེ།  དེ་ཉིད་ལས་འཕགས་པ་ཉེ་སྦས་ཀྱི་དུས་མྱ་ངན་མེད་བྱ་བའི་སྟོབས་ཀྱིས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཞིག་བྱུང་བར་བཤད་པ་དང་།  སྟོན་པ་འདས་ནས་ལོ་སུམ་བརྒྱ་ན་མྱ་ངན་མེད་བྱ་བའི་རྒྱལ་པོ་ཞིག་གཤེགས་པར་གསུངས་ཡོད་ཅིང་། གྲགས་པའམ་དགྲ་བཅོམ་ཉེ་སྦས་ནི་བསྟན་པའི་གཏད་རབས་བཞི་པ་ཡིན་པ་ཡོངས་གྲགས་ཡིན།

དེ་ལྟ་ན་འོད་སྲུང་གིས་ཀུན་དགའ་བོ་ལ་བསྟན་པ་གཏད།   ཀུན་དགའ་བོས་ལོ་བཞི་བཅུར་བསྟན་པ་བསྐྱངས་ནས་ཤཱ་ནའི་གོས་ཅན་ལ་གཏད།  དེས་ཉེ་སྦས་ལ་གཏད་པས་ཉེ་སྦས་འདི་སྟོན་པ་འདས་རྗེས་ཀྱི་དུས་རབས་དང་པོ་དང་གཉིས་པའི་ནང་ཙམ་ལ་བྱོན་པ་ཡིན་པ་ཤེེས་ནུས་པར་འདུག་ཅིང་།  ད་དུང་ལུང་ཕྲན་ཚེགས་ལས། ང་འདས་ནས་ལོ་བརྒྱ་ན་སྤོས་ཚོང་སྦས་པའི་བུ་ཉེར་སྦས་ཞེས་བྱ་བ་རབ་ཏུ་བྱུང་ནས་མཚན་མེད་པའི་སངས་རྒྱས་སུ་འགྱུར་ཏེ་སངས་རྒྱས་ཀྱི་བྱ་བ་བྱེད་དོ། །  ཞེས་ཀྱང་འབྱུང་བས་འདས་རྗེས་ཀྱི་དུས་རབས་དང་པོ་དང་གཉིས་པའི་སྟོད་ཙམ་ལ་བྱོན་པ་ཡིན་པ་གོར་མ་ཆག་ལ།  ཡོངས་གྲགས་སུ་ཀཱ་ལ་ཨ་ཤྭ་ཀ་དགུང་ལོ་དྲུག་བཅུ་རྩ་བརྒྱད་ལ་བཞུགས་ཤིང་།  དྷརྨ་ཨ་ཤྭ་ཀ་དགུང་ལོ་དོན་གསུམ་ལ་བཞུགས་པར་བཤད།   དེས་ན་ཉེ་སྦས་དང་དུས་མཉམ་པའི་མྱ་ངན་མེད་དེ་དང་སྟོན་པ་འདས་ནས་ལོ་སུམ་བརྒྱ་ན་ཤི་བར་བཤད་པའི་མྱ་ངན་དེ་གཉིས་གཅིག་མ་ཡིན་པར་ངེས་ཏེ།   ཉེ་སྦས་ཀྱི་དུས་ནས་བཟུང་སྟོན་པ་འདས་ནས་ལོ་སུམ་བརྒྱའི་བར་དུ་དུས་རབས་གཉིས་ཡས་མས་ཤིག་འདུག་ལ། ཨ་ཤྭ་ཀ་གཉིས་ཀྱི་ནང་ནས་སུ་ཡང་དགུང་ལོ་དེ་འདྲ་མཐོན་པོར་བཞུགས་མེད་པས་སོ། །

དེ་བཞིན་གཏམ་རྒྱུད་གསེར་ཐང་དུ་ཡང་ཉེ་སྦས་དང་དུས་མཉམ་པ་དེ་ཀཱ་ལ་ཨ་ཤྭ་ལ་བཤད་ཅིང་།  སྟོན་པ་འདས་ནས་ལོ་སུམ་བརྒྱ་ན་ཤི་བར་བཤད་པ་དེ་དྷརྨ་ཨ་ཤྭ་ཀ་ཡིན་པ་ཡང་གསལ་བས་དགེ་ཆོས་དང་འགོས་ཀྱིས་བསྒྱུར་བའི་གཏད་རབས་ཤོག་འཁྱར་གཉིས་ཞལ་མཐུན་པ་བདེན་ཡང་།  བན་ཤུལ་པས་བཤད་པ་ལྟར་མྱ་ངན་མེད་གཉིས་མེད་པར་འདོད་པའི་ཕྱོགས་ལ་ཞལ་མཐུན་པ་ནི་གཏན་ནས་མ་ཡིན་ནོ། །

གསུམ་པ།  དགེ་སློང་སཱ་བཾ་གི་མེ་གྷ་ཀར་གྱིས་མཛད་པའི་མྱ་ངན་མེད་ཀྱི་རྣམ་ཐར་ཡང་དེ་དག་དང་མཐུན་ཚུལ་བཤད་པ།   

ཡང་ཆོས་རྒྱལ་མྱ་ངན་མེད་ཀྱི་ལོ་རྒྱུས།  དགེ་སློང་སཱ་བཾ་གི་མེ་གྷ་ཀར་གྱིས་བརྩམས་པ། (རྣམ་ཐར་འདི་ད་ལྟ་ཁོས་བལྟ་བཞིན་ཡོད་ཅེས་བཤད་འདུག་པས་དེར་གསལ་བ་དག་ངོ་སྤྲད་ན་དེ་ཡང་ཡག་པོ་ཡོད་ས་རེད། ) བན་ཤུལ་པ་ཁྱོད་ཀྱིས་ཤིན་ཏུ་རྒྱས་ཞེས་བཤད་པ་དེའི་ནང་དུ་ཡང་། རྒྱལ་པོ་གཟུགས་ཅན་སྙིང་པོ་ནས་ནན་ད་རིགས་རྒྱུད་ཀྱི་ཟས་དགའ་བར་དུ་མངའ་བདག་ཅི་ཙམ་ཞིག་མ་གྷ་དྷའི་རྒྱལ་ཁྲིར་ཕེབས་པ་དེ་རྣམས་ཀུན་གྱིས་མ་གྷ་དྷའི་རྒྱལ་སྲིད་འཕེལ་རྒྱས་སུ་བཏང་ཞེས་གསལ་བས།  མོརྱའི་རྒྱལ་རབས་ཀྱི་སྔོན་ལ་སཻ་སུ་ན་གའི་རྒྱལ་རབས་དང་ནན་དའི་རྒྱལ་རབས་སོགས་སོང་ཟིན་པ་ཁོང་གིས་ཀྱང་བཞེད་བཞིན་འདུག་ལ། ཧརྱན་ཀའི་རྒྱལ་རབས་ཀྱི་འོག་ཏུ་སཻ་སུ་ག་ནའི་རྒྱལ་རབས་དང་ནན་ད་རྒྱལ་རབས་བྱུང་བར་བཤད་ཚེ། མོརྱའི་མྱ་ངན་མེད་ཀྱི་ལོ་ཚིགས་དག་ཀྱང་ཕྱི་ལོ་སྔོན་གྱི་དུས་རབས་ལྔ་པའི་ནང་ཡིན་ཐབས་མེད།  དེས་ན་ཁོང་གིས་མྱ་ངན་མེད་ཀྱི་འཁྲུངས་འདས་ཀྱི་ལོ་ཚིགས་ཕྱི་ལོ་སྔོན་གྱི་༣༠༣་ནས་༢༣༢བར་ཞེས་བཀོད་འདུག་པ་འདི་ཀ་མ་ཡིན་ནམ།  ཁྱོད་ཀྱིས་བཤད་པའི་འཁྲུངས་ལོ ༤༢༠་དེ་འདི་དག་སུས་ཀྱང་བཞེད་བཞིན་མི་འདུག་གོ  །

དོན་འདི་དག་ལ་དགོངས་ནས་ཐུབ་བསྟན་མཆོག་སྒྲུབ་ལགས་ཀྱིས་ཀྱང་།    རང་རེའི་ལོ་རྒྱུས་ལ་མཁས་པར་རློམས་པ་མང་པོས་ཀལཱཨཤོཀ་དང་ཆོས་རྒྱལ་མྱ་ངན་མེད་སོ་སོར་ཡིན་པ་མ་ཤེས་པར་དེ་གཉིས་གཅིག་ཡིན་པར་བསམ་ནས་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཀའ་བསྡུ་གཉིས་པའི་སྦྱིན་བདག་བྱས་པར་འདོད་ལ།  དེ་ལ་བརྟེན་ནས་ཆོས་རྒྱལ་མྱ་ངན་མེད་ཀྱི་དུས་ཚོད་སོགས་འཁྲུག་རྐྱེན་མང་པོ་བྱུང་བ་དང་། རྒྱལ་རབས་ལོ་རྒྱུས་གོང་འོག་འཆོལ་བ་རྣམས་ལ་ཡིད་བརྟན་ཅི་ཡོད།  ཅེས་གསུངས་འདུག་པ་ལྟར་ཡིན་ནོ། །

དེས་ན་མཁས་དབང་དགེ་ཆོས་དང་།   འགོས་ལོས་བསྒྱུར་བའི་གཏད་རབས་ཤོག་འཁྱར་གཉིས་ཀས་མྱ་ངན་མེད་གཉིས་བཞེད་བཞིན་འདུག་པ་གསལ་ལ།  ད་ལན་བན་ཤུལ་པ་ཁྱོད་ལྟར་ན་བོད་ཀྱི་ལོ་རྒྱུས་སྨྲ་བ་ཡོངས་ཀྱི་གཙུག་རྒྱན་དུ་གྱུར་པ།  དགེ་ཆོས་དང་འགོས་ལོ་ཡང་གཡག་རྭ་ལྟ་བུའི་བོད་རྒན་དང་།    ལོ་རྒྱུས་དྲང་པོར་མི་སྨྲ་བའི་གཡོ་ཇུས་མཁན་དེ་དག་གི་གྲས་སུ་ཐེ་བ་ཡིན་མོད།   དོན་ངོ་མར་བུ་སྟོན་ཆེན་པོ་དང་།ལེགས་ལྡན་འབྱེད།  བྷ་བྱ་སོགས་ཀྱིས་འདས་ལོའི་དུས་རབས་གཉིས་པའི་ནང་ཙམ་ལ་བཀའ་བསྡུ་གཉིས་པ་བྱས་ཞེས་གསུང་པ་དེ་དག་དྷརྨ་ཨ་ཤྭ་ཀ་ལ་བཙན་སྦྱོར་བྱས་ཤིང་།   དེ་ཉིད་དྷརྨ་ཨ་ཤྭ་ཀའི་འཁྲུངས་འདས་ཀྱི་ལོ་ཚིགས་དང་མི་མཐུན་བཞིན་དུ་ཨུ་ཚུགས་བྱས་ནས་འདུག་མཁན་དག་གཡག་རྭ་ལྟ་བུ་དང་གཡོ་ཇུས་མཁན་རེད་ཅེས་ངས་མི་སྨྲ་མོད། ལྟ་བ་དེ་འདོར་དགོས་པའི་དུས་ལ་ནི་བསླེབས་ཟིན་པའི་ཚོད་དུ་གདའ་ཞེས་གྲོས་སུ་འདེབས་སོ། །

བཞི་པ།  རྒྱ་གར་གྱི་རྒྱལ་རབས་རྣམས་སུའང་འདི་ལྟར་གསལ་ཞེས་ཞིབ་རྒྱས་སུ་བཀྲལ་བ། 
༡ ཀཱ་ལ་ཨ་ཤྭ་ཀ །   

རྒྱ་གར་གྱི་རྒྱལ་རབས་རྣམས་སུ་གསལ་བ་ལྟར་ན།  མྱ་ངན་མེད་གཉིས་ཀྱི་ནང་ནས་ཐོག་མར་བྱུང་བ་ནི་ཀཱ་ལ་ཨ་ཤྭ་ཀ་ཡིན་ཏེ།   འདིས་སངས་རྒྱས་འདས་ནས་ལོ་བརྒྱ་དང་ཉེར་ལྔ་ཙམ་ན་སྲིད་བཟུང་ཞིང་ལོ་ཉེར་བརྒྱད་ཀྱི་ཡུན་ལ་མ་གྷ་དྷའི་རྒྱལ་པོ་བྱས་པར་བཤད།

གནས་བརྟན་སྟོན་པའི་འདས་ལོ་གཞིར་བཞག་ན་སྤྱི་ལོའི་སྔོན་གྱི་(419-391) བར་དེར་བྱུང་།     དེ་ཡང་འཇམ་དཔལ་རྩ་རྒྱུད་ལས།     ང་ནི་ས་སྟེང་མྱ་ངན་འདས།།  ལོ་བརྒྱ་དག་ནི་འདས་པ་ན།། ཞེས་མྱ་ངན་མེད་ནག་པོ་འབྱུང་བའི་དུས་ལུང་བསྟན་ཞིང་། ཡང་དེའི་འོག་ཏུ།  གྲོང་ཁྱེར་མེ་ཏོག་ཅན་དུ་ནི།།  མྱ་ངན་མེད་ཅེས་བྱ་བ་ཡི།། རྒྱལ་པོ་ས་ནི་སྐྱོང་བྱེད་པ།།  ཁྲོ་བཅས་ལས་ནི་དྲག་པོ་བྱེད།།  ཅེས་གནས་དང་གང་ཟག་བཅས་ལུང་བསྟན།   ཡང་།  དེ་ཚེ་རྒྱལ་བའི་མཆོད་རྟེན་གྱིས།། ས་རྣམས་མ་ལུས་མཛེས་པར་བྱས།།   ཞེས་ལས་བྱ་བ་དང་བཅས་པ་ལུང་བསྟན་ཡོད་པ་དེ་ཉིད་ཡིན།   ཀླུ་བྱིན་གྱི་བློན་པོ་དང་ཀཱ་ལ་ཨ་ཤྭ་ཀའི་ཡབ་ཆེན་སཻ་སུ་ནཱ་ག་བྱ་བ་འདི་ཐོག་མར་མ་གྷ་དྷའི་རྒྱལ་རབས་གཉིས་པ་ཧརྱན་ཀའི་རྒྱལ་རབས་ཀྱི་བློན་ཆེན་ཞིག་ཡིན་ཞིང་།  རྒྱལ་པོ་ཀླུ་བྱིན་གྱི་ཐུགས་བཀོད་ལྟར་ཝཱ་རཱ་ན་སཱིའི་ཡུལ་གྱི་དཔོན་པོར་བསྡད།མ་གྷ་དྷའི་རྒྱལ་པོ་ཀླུ་བྱིན་རང་གི་བུས་བསད་རྗེས་འབངས་གྱེན་ལོག་བྱུང་བས། ཡུལ་མི་རྣམས་ཀྱིས་སཱཻ་སུ་ནཱ་ག་རྒྱལ་པོར་བསྐོས།  དེ་ནས་བཟུང་མ་གྷ་དྷའི་ཡུལ་ལ་བློན་པོ་ཞིག་གིས་རྒྱལ་པོའི་གོ་ས་འཛིན་པའི་དབུ་བརྩམས་ཤིང་།  མ་གྷ་དྷའི་རྒྱལ་རབས་གསུམ་པ་སཻ་སུ་ནཱ་གའི་རྒྱལ་རབས་བྱ་བའི་རྒྱལ་རབས་དེའི་དབུ་འཁྱུད་ཀྱང་ཐོག་མར་བྲིས་པ་ཡིན་འདུག   དེའི་བུ་ནི་སཻ་སུ་ནཱ་གའི་རྒྱལ་རབས་ཀྱི་རྒྱལ་པོ་གཉིས་པ་སྟེ། ཀཱ་ལ་ཨ་ཤྭ་ཀའམ་མྱ་ངན་མེད་ནག་པོ་དང་དུས་ཀྱི་མྱ་ངན་མེད་བྱ་བ་དེ་ཡིན།

གཏམ་རྒྱུད་གསེར་ཐང་དུ།  དེའི་བུ་ཀླུ་བྱིན།  དེའི་བློན་པོའི་བུ་ཨ་ཤྭ་ཀ་ནག་པོ།  ཞེས་པའི་དོན་འདི་ཉིད་ཡིན།     དེ་ཡང་ཨ་ཤྭ་ཀ་ནག་པོས་ཡངས་པ་ཅན་དུ་རྒྱལ་ས་བྱས།  ཁོང་གིས་སྲིད་དབང་བཟུང་བའི་སྐབས།  དགྲ་བཅོམ་གྲགས་པ་དང་ཟླ་སྒུར་སོགས་དགྲ་བཅོམ་བདུན་བརྒྱ་བསྡུས་ནས་ཡངས་པ་ཅན་དུ་བྱེ་མ་ཅན་གྱི་ཀུན་དགའ་ར་བར་བཀའ་བསྡུ་གཉིས་པ་བྱས།   མྱ་ངན་མེད་ནག་པོའམ་དུས་ཀྱི་མྱ་ངན་མེད་ཀྱིས་བཀའ་བསྡུ་བའི་སྦྱིན་བདག་བྱས་ཤིང་དེ་ལ་བཀའ་བསྡུ་གཉིས་པར་གྲགས་སོ། །       ཡང་། གཏམ་རྒྱུད་གསེར་གྱི་ཐང་མར།  དེ་ནས་ཨ་ཤྭ་ཀ་ནག་པོའི་དུས་སུ་དགྲ་བཅོམ་ནམ་གྲུ་དང་གྲགས་པ་སོགས་ཀྱིས་བསྡུས། དེ་ལ་ཕལ་ཆེན་པའི་བསྡུ་བ་ཟེར།  ཞེས་དང་། འགོས་ལོས་བསྒྱུར་བའི་གཏད་རབས་ཤོག་འཁྱར་ལས།    འཕགས་པ་ཉེ་སྦས་ཀྱིས་བསྟན་པ་སྐྱོང་བའི་དུས་ཨ་ཤྭ་ཀ་བྱ་བའི་སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཞིག་བྱུང་ཞེས་བཤད་པ་དེ་དག་ཀཱ་ལ་ཨ་ཤྭ་ཀ་ལ་གོ་དགོས་ཤིང་། དགྲ་བཅོམ་གྲགས་པ་དང་ཉེ་སྦས་གཉིས་གཅིག་ཡིན་ཞེས་ལྡེའུ་ཆོས་འབྱུང་སོགས་སུ་གསལ།

༢ དྷརྨ་ཨ་ཤྭ་ཀ  །

དྷརྨ་ཨཱ་ཤྭ་ཀ་ནི་མ་གྷ་དྷའི་རྒྱལ་རབས་ལྔ་པ་(རིག་བྱེད་དུས་རབས།  ཧརྱན་ཀའི་རྒྱལ་རབས། སཻ་སུ་ནཱ་གའི་རྒྱལ་རབས། ནནྟའི་རྒྱལ་རབས།མོརྱའི་རྒྱལ་རབས་སམ་རྨ་བྱའི་རྒྱལ་རབས།)གུཔྟའི་རྒྱལ་རབས་ཀྱི་རྒྱལ་པོ་གསུམ་པ་ཡིན་ཞིང་།   ཁྱོད་ཀྱིས་ཀཱ་ལ་ཨ་ཤྭ་ཀའི་ཡབ་ཏུ་བསྙད་པའི་སྙིང་པོ་ཐིག་ལེའི་བུ་ཡིན།   འུ་ཅག་གིས་ཆོས་རྒྱལ་མྱ་ངན་མེད་ཅེས་འཆད་བཞིན་ཡོད་པ་དེ་འདི་ཉིད་ཡིན་ཞིང་། ཁོང་ནི་གནས་བརྟན་སྡེ་པའི་སྟོན་པའི་འདས་ལོ་ལྟར་ན།  སྟོན་པ་འདས་ནས་ལོ་ཉིས་བརྒྱ་བཞི་བཅུ་ཙམ་ན་འཁྲུངས་ཤིང་།    ཉིས་བརྒྱ་བདུན་བཅུ་དོན་དྲུག་ལ་སྲིད་དབང་བཟུང་།  སུམ་བརྒྱ་བཅུ་གསུམ་པ་ལ་གྲོངས་པར་འདོད།  སྤྱི་ལོ་སྔོན་གྱི་༢༧༢-༢༣༥བར་ཁོང་གིས་སྐྱ་ནར་བུའི་གྲོང་ཁྱེར་དུ་རྒྱལ་ས་བྱས། འདིའི་ཚུལ་གཏམ་རྒྱུད་གསེར་ཐང་དུ་འཆད་སྐབས་གྷི་རི་སིའི་གཞུང་ནས་མངགས་པའི་གཞུང་ཚབ་མེ་གྷ་ནེ་སི་བྱ་བའི་སྐོར་ཅུང་ཟད་ཅིག་འབྱུང་།

དེ་ཡང་ཨེ་ལག་ཟན་ཊར་གྱི་དམག་རྒྱ་གར་ནས་སོང་རྗེས་ཙམ་ནས།  གྷི་རིགས་ཀྱི་གཞུང་ཚབས་ལ་རྒྱ་གར་པཏ་ནར་ནས་ཡུན་རིང་པོར་བསྡད་པའི་མེ་གྷ་ནེ་སིས་སྐབས་དེར་རྒྱ་གར་གྱི་ལོ་རྒྱུས་ཤིག་བྲིས་གནང་མཛད་ཡོད་ཅིང་།  དེའི་ནང་དུ་མོརྱན་གྱི་རྒྱལ་རབས་གསལ་པོར་བཤད་པ་ལས་ཆོས་རྒྱལ་མྱ་ངན་མེད་གཉིས་པ་འདི་མོརྱའི་རྒྱལ་རབས་ཀྱི་རྒྱལ་པོ་གསུམ་པ་ཡིན་པ་བཤད་ཡོད་འདུག   གཏམ་རྒྱུད་གསེར་ཐང་དུ།  འཁྲུག་པ་འདུམ་ནས་ཡ་བ་ནའི་སོ་བ་ན་མེ་གྷསྠཱན་བྱ་བ་གྲོང་ཁྱེར་སྐྱ་ནར་གྱི་བུར་བརྫངས།  བློན་པོ་དེ་མ་ག་དྷར་ཡུན་རིང་པོར་བསྡད་དེ།  རང་ཉིད་ཀྱིས་ཅི་ལྟར་མཐོང་བའི་ལོ་རྒྱུས་ཀྱི་ཡི་གེ་རྒྱས་པ་ཞིག་བྲིས་པ་དེ།  ད་ལྟའི་མཽརྱའི་རྒྱལ་ཁམས་ལ་ལྟ་བའི་མེ་ལོང་ལྟ་བུར་གནས།  ཞེས་གསལ།    མྱ་ངན་མེད་འདིས་གཏམ་རྒྱུད་དག་འུ་ཅག་ལ་ཡོངས་སུ་གྲགས་ཤིང་གྲུབ་ལ།     བཀའ་བསྡུ་བའི་ཡོན་བདག་བྱས་ཚུལ་ནི།   རྒྱལ་པོ་འདིའི་ཁྲི་ལོ་བདུན་པའི་དུས་གནས་བརྟན་མཽ་གལ་བུ་ཆེན་པོ་སོགས་ཀྱིས་གྲོང་ཁྱེར་མེ་ཏོག་རྒྱས་ལྡན་གྱི་ཀ་བ་བརྒྱད་ཅུ་ཅན་གྱི་གཙུག་ལག་ཁང་དུ་ཡེ་ཤེས་བརྙེས་པ་སྟོང་ཕྲག་གཅིག་གིས་བཀའི་བསྡུ་བ་གསུམ་པ་བྱས་ཤིང་།  དྷརྨ་ཨ་ཤྭ་ཀས་བཀའ་བསྡུ་བའི་སྦྱིན་བདག་བྱས།   དེས་ན་གཏམ་རྒྱུད་གསེར་ཐང་དུ།  སངས་རྒྱས་འདས་ནས་ཉིས་བརྒྱ་དང་དོན་གཅིག་པ་ལ་རྒྱལ་པོ་མྱ་ངན་མེད་ཀྱི་ཁྲི་ལོ་ཚུགས།  ཅེས་དང་།   གཏད་རབས་ཤོག་འཁྱར་ལས།  སངས་རྒྱས་འདས་ནས་ལོ་སུམ་བརྒྱ་ན་མྱ་ངན་མེད་བྱ་བའི་རྒྱལ་པོ་ཞིག་འདས་པར་བཤད་པ་དེ་དག་དྷརྨ་ཨ་ཤྭ་ཀ་འདི་ཡིན་ནོ། །

བཀའ་བསྡུ་དང་པོ་ནི་སྟོན་པ་འདས་པའི་ལོ་དེའི་དབྱར་གནས་ཀྱི་གསོ་སྦྱོང་གསུམ་པའི་དུས་འོད་སྲུང་དང་ཀུན་དགའ་བོ་སོགས་ཀྱིས་བྱས་ཤིང་།  མ་སྐྱེས་དགྲས་སྦྱིན་བདག་མཛད།  བཀའ་བསྡུ་བཞི་པ།  སྟོན་པ་འདས་ནས་ལོ་བཞི་བརྒྱ་ན་བྱས་ཤིང་། ཀ་ནི་ཀས་སྦྱིན་བདག་མཛད་ཅེས་གཏམ་རྒྱུད་གསེར་ཐང་དང་། ཐང་ཟན་ལམ་ཡིག་ཏུ་འབྱུང་ཞིང་།  དེ་ལ་ཐེག་པ་ཆེ་ཆུང་གཉིས་ཀའི་བཀའ་བསྡུར་གྲགས་སོ། །

མཇུག་བསྡུ་བ།   

དེས་ན།   མྱ་ངན་མེད་གཉིས་སུ་བཤད་པ་ནི།  བོད་རྒན་དག་གིས་རང་ལྟ་མཁྲེགས་འཛིན་བྱས་པ་ཙམ་མིན་པར་རྒྱ་གར་པའི་ལོ་རྒྱུས་རང་དང་སིངྒ་ལའི་ལོ་རྒྱུས་དེབ་ཐེར་དག་གིས་བདེན་དཔང་བྱས་ཡོད་པ་འདི་རེད། ཡིན་ནའང་། ལོ་རྒྱུས་ཀྱི་དོན་གནད་རེ་འགའི་ཐད་ལ་ལྟ་ཚུལ་མི་གཅིག་པ་གང་ནས་ཀྱང་འབྱུང་ངེས་པས། ངས་འདིར་མྱ་ངན་མེད་གཉིས་ཡོད་ཅེས་ཨུ་ཚུགས་བྱེད་ཀྱི་མེད་མོད། དགེ་ཆོས་ཀྱི་དགོངས་པ་ངོ་མ་འདི་ཉིད་ཡིན་པ་ཟུར་ཙམ་བསྟན་པ་ལགས་སོ། །

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།