བོན་དཔེ་དྲི་མེད་གཟི་བརྗིད་ལས་བྱུང་བའི་འདབ་ཆགས་གཏམ་རྒྱུད་དང་། སྒྲུང་གཏམ་རྩོམ་རིག་བར་གྱི་འབྲེལ་བའི་སྐོར་རགས་ཙམ་གླེང་བ།

ནང་དོན་གནད་བསྡུས། དེང་རབས་སློབ་གྲྭ་ཆེ་འབྲིང་ཁག་གི་བསླབ་གཞིའི་ཡིག་ཆ་ཁག་ལས་དེང་རབས་སྒྲུང་གཏམ་སྐོར་ལ་ཇི་ལྟར་འགྲེལ་བརྗོད་བྱས་ཡོད་པ་རྣམས་གཙོ་དོན་དུ་བཟུང་སྟེ། བོན་དཔེ་མདོ་དྲི་མེད་གཟི་བརྗིད་པོད་གཉིས་པ་ལས་བྱུང་བའི་«འདབ་ཆགས་ཀྱི་གཏམ་རྒྱུད»ཅེས་པའི་ནེ་ཙོ་སྤུན་གསུམ་གྱི་གཏམ་རྒྱུད་དེ་ཉིད་དེང་རབས་སྒྲུང་གཏམ་གྱི་ཁྱད་ཆོས་ཇི་ལྟར་ལྡན་ཚུལ་སྐོར་ནས་གླེང་ཡོད།

བརྡ་ཆད་གཙོ་བོ། མདོ་དྲི་མེད་གཟི་བརྗིད། ནེ་ཙོ་སྤུན་གསུམ། སྒྲུང་གཏམ།

གླེང་གཞི།

བོད་ཀྱི་རྩོམ་རིག་གི་གནས་བབ་ལ་མཚོན་ན། གནའ་བོའི་དཔེ་རྙིང་ཁག་ལས་བྱུང་བའི་རྩོམ་རིག་གི་ངོ་བོ་དང་། སྒྱུ་རྩལ། མཛེས་རྟོག། རྣམ་དབྱེ། བརྡ་ཆད་སོགས་མང་པོ་ཞིག་སྔོག་འདོན་མ་ཐུབ་པར་ས་རྡོའི་ནང་དུ་གསེར་ལུས་པ་ལྟར་གྱུར་ཡོད་པ་ནི། བོད་ཀྱི་རྩོམ་རིག་ལོ་རྒྱུས་དང་རིག་གཞུང་གཉིས་ཀའི་ཐད་ནས་གྱོང་གུད་ཆེ་ཤོས་སུ་གྱུར་ཡོད། བོན་དཔེ«དྲི་མེད་གཟི་བརྗིད»ནི་རྩོམ་རིག་གི་དཔུང་ཚན་ཧ་ཅང་མཐུག་པའི་རིག་གཞུང་དཔེ་རྙིང་ཞིག་ཡིན་པ་དང་། དཔེ་གཞུང་འདི་ལས་སྙན་ངག་དང་ལྷུག་རྩོམ། ལེགས་བཤད་སྒྲུང་གཏམ་སོགས་རྩོམ་ལུས་ཀྱི་རིགས་མི་འདྲ་བ་སྣ་ཚོགས་ཤིག་བྱུང་བ་མ་ཟད། དེ་དག་ཀྱང་བོད་ཀྱི་རང་སའི་རིག་གནས་ཀྱི་ཁྱད་ཆོས་མངོན་པར་གསལ་ཞིང་། ལྷག་དོན་བོད་ཀྱི་རྩོམ་རིག་གི་མཛེས་པས་སྒོ་ཀུན་ནས་སྤྲས་ཡོད་པའི་དཔེ་གཞུང་གལ་ཆེན་ཞིག་རེད། ད་ལམ་བདག་གིས་བོན་དཔེ་དྲི་མེད་གཟི་བརྗིད་ལས་བྱུང་བའི་རྩོམ་རིག་ཁག་ལས། པོད་གཉིས་པའི་ནང་དུ་བྱུང་བའི«འདབ་ཆགས་ཀྱི་གཏམ་རྒྱུད»ཅེས་པ་ལས་འཕྲོས་ཏེ། བོན་དཔེ་དྲི་མེད་གཟི་བརྗིད་དང་སྒྲུང་གཏམ་རྩོམ་རིག་བར་གྱི་འབྲེལ་བའི་སྐོར་ནས་རྒྱ་ཆེའི་དཔྱོད་ལྡན་པ་རྣམས་དང་། ལྷག་དོན་བོད་ཀྱི་རྩོམ་པ་པོ་དང་རྩོམ་རིག་དཔྱད་བརྗོད་པའི་སྡེ་ལ་རྟིང་སྐུལ་གྱི་ཚུལ་དུ་གླེང་སློང་ཙམ་ཞུ་བར་འདོད།

གཅིག མདོ་དྲི་མེད་གཟི་བརྗིད་ཀྱི་མཚམས་སྦྱོར་མདོར་བསྡུས།

བོན་དཔེ་མདོ་དྲི་མེད་གཟི་བརྗིད་ནི། སྤྱི་ལོའི་དུས་རབས་བཅུ་བཞི་པའི་ནང་གི་བོན་གྱི་རིག་གཞུང་མི་སྣ་གྲགས་ཅན་སྤྲུལ་སྐུ་བློ་ལྡན་སྙིང་པོ(སྤྱི་ལོ་1360ལོར་འཁྲུངས)ལ་སྙན་དུ་བརྒྱུད་པ་ཞིག་ཡིན་པ་དང་། སྙན་དུ་རྒྱུད་པ་པོ་ནི་སྟངས་ཆེན་དམུ་ཚ་གྱེར་མེད་དང་། གཏན་ལ་ཕབ་ཡུལ་དེང་ཆར་ཁྱུང་པོ་སྟེང་ཆེན་རྫོང་ནས་སྤྱི་ལེ་བཅུ་ཕྲག་ལྷག་ཙམ་གྱི་སར་ཡོད་པའི་གནས་མཆོག་གསའ་ཡི་བྲག་ར་ཞེས་པ་དེ་རེད། དཔེ་ཆ་འདི་ནི། སྟོན་པ་གཤེན་རབ་མི་བོའི་རྣམ་ཐར་རྒྱས་རྒྱས་འབྲིང་བསྡུས་གསུམ་ཞེས་སུ་གྲགས་པའི་ནང་ཚན་རྒྱས་པ་རུ་ངོས་འཛིན་བྱེད་པ་མ་ཟད། བོད་ཀྱི་རིག་གནས་ཆེ་བ་ལྔ་ཡི་གཞུང་ལུགས་ཀྱིས་གྲུབ་པའི་དཔེ་གཞུང་ཞིག་ཡིན་པ་དང་། ཁྱོན་བསྡོམས་པོད་ཏི་བཅུ་གཉིས་དང་ལེའུ་དྲུག་ཅུ་རེ་གཅིག་ཡོད།

གཉིས། «འདབ་ཆགས་གཏམ་རྒྱུད»ཀྱི་ནང་དོན་མདོར་ཙམ་བཤད་པ།

འདབ་ཆགས་གཏམ་རྒྱུད་ནི། མདོ་དྲི་མེད་གཟི་བརྗིད་པོད་གཉིས་པ་ལས་བྱུང་བ་དང་། དེའི་ནང་དོན་གཙོ་བོ་ནེ་ཙོ་སྤུན་གསུམ་དང་འབྲེལ་བའི་གཏམ་རྒྱུད་ཅིག་ཡིན་ཞིང་། ལེའུ་ལྔ་པ་རྒྱལ་བུ་རོལ་རྩེད་ཀྱི་མདོ་ནང་དུ་འཁོད་ཡོད། དེ་ཡང་། སྟོན་པ་གཤེན་རབ་རྒྱལ་བུའི་དུས་སུ་དཔག་བསམ་ཨ་བ་ན་རའི་ཚལ་གསེབ་ཅེས་པའི་ས་ཆར་བཞུགས་པའི་ཚེ། འདབ་ཆགས་ཀྱི་ཚོགས་རྣམས་ཀྱིས་གུས་འདུད་ཀྱི་ཚུལ་བྱས་པ་ལ་བརྟེན་ནས། སྟོན་པའི་འཁོར་ལྷ་ཡི་བུ་མོ་འོད་ལྡན་ཉི་མས་ཞུས་དོན་ལྟར། སྟོན་པ་གཤེན་རབ་ཀྱིས་འཁོར་རྣམས་ལ་གསུངས་པའི་གཏམ་རྒྱུད་ཅིག་རེད།

གཏམ་རྒྱུད་ཀྱི་ནང་དོན་མདོར་བསྡུས།

དུས་རེ་ཞིག་ན། ཤིང་ཨ་པར་ནེའུ་ལྗང་གི་ཚལ་ཞེས་པའི་ནགས་ཚལ་ཞིག་ན། འདབ་ཆགས་སྐད་སྙན་ནེ་ཙོ(མ་དཔེའི་ནང་དུ་ནེའུ་ཙོ་ཞེས་བྲིས་འདུག་ཀྱང་དེང་དུས་ཀྱི་བརྡ་འགྲོས་སྤྱི་ལྟར་གཤམ་ནས་ནེ་ཙོ་ཞེས་བྲི་བར་བྱ)གཡུ་རུ་དང་། ནེ་ལྕམ་ལ་ལོ་མ་བྱ་བ་གཉིས་འཚོས་པ་ལ། ཁྱད་དུ་འཕགས་པའི་སྒོ་ང་གསུམ་བྱུང་སྟེ་བརྡོལ་བས། མིང་ལ་ནེ་ཙོ་གཡུ་གཤོག་དང་། ཁ་ལ་ནེ་ཙོ། སྤུ་རུ་གཞའ་འོད་ཅེས་པ་གསུམ་བྱུང་། དེ་གསུམ་གྱིས་གཅིག་སྟེང་ལྷ་ཡུལ་དུ་སོང་ནས་སྨན་གྱི་བཅུད་བསགས། གཅིག་འོག་ཀླུ་ཡུལ་དུ་སོང་ནས་རྩི་ཡི་བཅུད་བསགས། གཅིག་བར་མི་ཡུལ་དུ་སོང་ནས་འབྲུ་ཡི་གཏེར་བསགས། ལོ་སྐོར་ཟླ་བ་བཅུ་གཉིས་ཀྱི་ནང་དུ། ཕུན་སུམ་ཚོགས་པའི་ཡོ་བྱད་འབྲས་ཁལ་ལྔ་བརྒྱ་དང་། རྩི་བཅུད་ཕུལ་སྟོང་དང་། སྨན་གྱི་སྡོང་པོ་རྩི་ལོ་སུམ་བརྒྱ་བཅས་བྱུང་། དེ་ནས་ནེ་ཙོ་ཡབ་ཡུམ་སྲས་རྣམས་གྲོས་མོལ་བྱས་དོན་ལྟར། སྲས་ཆེ་བ་གཡུ་ཤོག་གིས། ཟས་ནོར་དེ་དག་གང་གི་ཕྱོགས་སུ་གཏང་དགོས་ཚུལ་གྱི་གྲོས་གཞི་བཏིང་།

དེ་ལ་ཡབ་སྐད་སྙན་ནེ་ཙོ་གཡུ་རུས་གསུངས་པར། ཕུན་སུམ་ཚོགས་པའི་ཟས་ནོར་དེ་དག་གིས། ཡུལ་མཁར་ས་ཞིང་རྒྱ་ཆེན་བསྒྲུབ་དགོས་ཟེར། ཡུམ་ནེའུ་ལྕམ་ལ་ལོ་མས། སྲས་གསུམ་ལ་ལྷ་བྱ་དཀར་མོ་དང་། རྒྱ་བྱ་ཁྲ་མོ། ངང་མོ་ཤང་དཀར་བཅས་བག་མ་བསུས་ཏེ། གཉེན་སྲིད་ཀྱི་སྟོན་མོ་རྒྱ་ཆེན་བསྒྲུབ་དགོས་ཟེར། སྲས་འབྲིང་པོ་ཁ་ལ་ནེ་ཙོས། ཟས་ནོར་རྣམས་ཆུས་ཟོས་མེད་པར་དགེ་ལ་གཏོང་ཞིང་། བསོད་ནམས་ཚོགས་བསགས་དང་། གསུང་རབ་འབྲི་ཀློག། རྟེན་དང་ཕོ་བྲང་བཅས་བཞེངས་དགོས་ཟེར། གཅུང་པོ་སྤུ་རུ་གཞའ་འོད་ཀྱིས། འདབ་ཆགས་བྱ་ལ་རྒྱལ་སྲིད་དང་རྒྱལ་ཁྲིམས་ཀྱི་འདུན་མ་མེད་པས། རྒྱལ་པོ་དང་། རྗེ་བོ། བློན་པོ། རྒྱལ་ཁྲིམས་བཅས་བསྐོ་བཞག་བྱེད་དེ། འདབ་ཆགས་བྱ་ཡི་འདུན་མ་བཤམ་དགོས་ཟེར།

དེ་ལ། གཅེན་པོ་གཡུ་ཤོག་གིས་སྨྲས་པ། ཡབ་ཡུམ་གཉིས་ཀྱི་གཏམ་ལ་བདེན་པར་སྣང་ཡང་། གཅུང་པོ་གཉིས་ཀྱིས་གྲོས་གཞི་ལྟར་ཕྱི་མའི་ཆེད་དུ་སྐུ་གཤེན་གདན་འདྲེན་ཞུ་ནས་བསོད་ནམས་ཀྱི་ཚོགས་གསོག་རྒྱུ་དང་། ད་ལྟའི་ཆེད་དུ་རྒྱལ་ཁྲིམས་ཀྱི་འདུན་མ་བཏིང་ཞིང་རྒྱལ་སྲིད་འཛུགས་རྒྱུ་ཡིན་ཞེས་སྨྲས། དེ་ལ་ཡབ་ཡུམ་སྲས་སོགས་ཀུན་གྱིས་ལེགས་པའི་བྱ་བ་བྱིན།

དེ་ནས། ནེའུ་ཙོ་ཡབ་ཡུམ་སྲས་གསུམ་རྣམས། ལྷ་ཀླུ་མི་གསུམ་གྱི་བར་མཚམས་གསེར་གྱི་རི་བདུན་ཁ་ལ་འཚོགས་ཏེ། ཡབ་ཀྱིས་གཅན་ཟན་གྱི་ཚོགས་དང་བསྡེབས་ནས་མང་སའི་ཤ་བཙལ། ཡུམ་གྱིས་དྭངས་མའི་སྨན་དང་བསྡེབས་ནས་ཡུ་ཏིའི་ཆང་བཙོས། གཅེན་པོས་ལྷ་ཡུལ་ནས་ལྷ་ཡི་གཤེན་པོ་རྒོད་གསས་ཁྱུང་རུམ་གཙོ་འཁོར་ལྔ་བརྒྱ་གདན་དྲངས་ནས་གྲལ་གྱི་དབུ་བཟུང་། འབྲིང་པོ་མི་ཡུལ་ནས་སྨྲ་བུ་ལེགས་ལྡན་བོས་ནས་བྱ་བའི་སྐོས་གཏོད། གཅུང་པོ་མི་ཡུལ་ནས་ཀླུ་ཟ་གཡུ་སྨིན་བོས་ནས་སྲིད་ཀྱི་ཚོད་བཟུང་། དཀར་གསུམ་དང་མངར་གསུམ། ཤིང་ཏོག ཞལ་ཟས། སྤྱན་གཟིགས་སོགས་ཕུན་སུམ་ཚོགས་པར་གྲུབ་ནས། འདབ་ཆགས་རྣམས་གདན་འདྲེན་པར་འཕྲིན་པ་སུས་ནུས་ཟེར་བར། བྱ་རིགས་རྣམས་འཕྲིན་སྐྱེལ་དུ་འགྲོ་རྒྱུའི་དོན་ལ་རྩོད་པ་མང་དུ་བྱུང་ཞིང་། མཐར་ནེའུ་ཙོ་སྨྲ་མཁན༼འདི་ནེའུ་ཙོ་སྤུན་གསུམ་དང་ཡབ་ཡུམ་བཅས་ཀྱི་གྲལ་མ་ཡིན༽འགྲོ་རྒྱུའི་ཐག་བཅད། ནེ་ཙོ་སྨྲ་མཁན་སྟེང་ལྷ་ཡུལ་དུ་སོང་ནས་ཡོངས་འདུ་ཤིང་གི་རྩ་བར་བྱ་རིགས་སུམ་བརྒྱ་དྲུག་ཅུ་འཚོགས་སར། གོང་གི་ནེ་ཙོ་ཡབ་སྲས་གསུམ་གྱི་གྲོས་དོན་རྣམས་རེ་རེ་བཞིན་སྨྲས་ཏེ། འདབ་ཆགས་བྱ་ཡི་འདུན་མ་བཤམ་རྒྱུའི་ཆེད་དུ་གསེར་གྱི་རི་བདུན་ཁ་རུ་གཤེགས་པར་ཞུ་ཞེས་སྨྲས། ཐོག་མར་བྱ་རིགས་རྣམས་གྲོས་ཀྱི་ཁ་མ་འཆམ་ཡང་། མཐར་སྨྲ་མཁན་ནེ་ཙོའི་འཕྲིན་བརྫངས་ལྟར་བྱ་རིགས་སུམ་བརྒྱ་དྲུག་ཅུ་ཀུན་ཀ་གསེར་གྱི་རི་བདུན་ཁ་རུ་འཕུར་ཏེ་བབས། དེ་ནས་འདབ་ཆགས་རྣམས་གསེར་གྱི་རི་བདུན་གྱི་ཁ་ཁྱེར་དང་པོ། སིང་ལྡིང་འཛིན་གྱི་ནགས་ཚལ་ལ་ནེ་ཙོ་ཡབ་ཡུམ་སྲས་རྣམས་ཀྱིས་བསགས་པའི་རྒྱུ་ནོར་དང་ཡོ་བྱད་མང་པོ་མཐོང་ནས། འདབ་ཆགས་ཀུན་དགའ་སྟེ་སྤྲོ་བ་སྐྱེས་སོ། །དེ་ནས་བྱ་བོན་འཕྲིན་པ་བཅུ་གསུམ་གྱི་ནང་ཚན་ཕ་ཝང་གིས་གམ་ཚིག་མཆེད་གསུམ་གྱི་གླེང་བསླངས་ཏེ། སྤྱིར་གཡུང་དྲུང་བོན་གྱི་ལོ་རྒྱུས། སྒོས་འདབ་ཆགས་བྱ་ཡི་ལོ་རྒྱུས་དང་བྱུང་རབས་ཞིབ་པར་བཀྲལ། ལྷ་ཡི་གཤེན་པོས་སྨོན་འདུན་གྱི་མཚམས་སྦྱར་ཏེ། ནེ་ཙོ་གཅེན་པོ་སྟོང་གསུམ་འཁོར་ལོ་བསྒྱུར་བའི་རྒྱལ་པོ་རུ་སྐྱེ་བ་དང་། ཡབ་ཡུམ་གཉིས་ནི་དེའི་ཡབ་ཡུམ་དུ་འགྱུར་བ། གཅུང་པོ་གཉིས་པོ་ཐུགས་སྲས་དམ་པ་རེ་རེ་འགྱུར་བ། ཕ་ཝང་ནི་མཚན་མཁན་བྲམ་ཟེ་ཞིག་ཏུ་སྐྱེ་བ། རྨ་བྱ། རྒྱ་བྱ། ཁྱིམ་བྱ་གསུམ་ནི་ཕྱིས་ཀྱི་བསྟན་པ་འཛིན་པའི་སློབ་མ་གསུམ་དུ་སྐྱེ་བ་དང་། བྱ་བརྒྱའི་འདུན་མ་ལེགས་པར་འཆམ་པའི་བཀྲ་ཤིས་སྨོན་ལམ་གྱི་ཞལ་གཡང་ལེགས་པར་གནང་།

དེ་ནས་བྱ་རྒྱལ་ཁྱུང་ཆེན་གྱིས་ནེ་ཙོ་ལ་བྱ་བརྒྱའི་བསྐོ་བཞག་དགོས་པའི་བཀའ་གནང་ལྟར། གཅེན་པོ་ནེ་ཙོ་གཡུ་ཤོག་གིས། བྱ་རྒྱལ་ཁྱུང་ཆེན་ནི་འདབ་ཆགས་བྱ་རིགས་ཀྱི་རྒྱལ་པོ་དང་། ཁུ་བྱུག་བྱ་རྒྱལ་གྱི་གསུང་སྙན། ཀང་ཀ་རྒོད་པོ་ཕྱི་བློན། བྱ་དམར་མཚལ་བུ་ནང་བློན། མཁའ་ལྡིང་ནག་མོ་བར་བློན། དམག་ལ་འགྲོ་མཁན་གླག  ཡེ་ཙེ་སྔོན་མོ་ཁྲིམས་དཔོན། གཡུ་ཕུག་སྔོན་མོ་བླ་མཆོད། བྱ་ཝང་ནི་འཕྲིན་པ་རུ་རལ་མལ། མཐིང་རིལ་བྱ་ཝང་གི་འཕྲིན་རོགས། ཕ་ཝང་མང་སྐེ་སྨྲ་མཁན། དེ་བཞིན་ཤ་ཟན། འདམ་ཟན། སྤུ་སྡུག སྐད་སྙན་གྱི་ཚོགས་རྣམས་ལ་རང་རང་གི་འདུག་སའི་རྟེན་དང་། ཡུལ། ཁ་ཟས། འཚོ་བ། འགྲོ་འདུག བྱ་སྤྱོད་ཀུན་ཀར་རྒྱལ་ཁྲིམས་ཀྱི་དབྱེ་མཚམས་དང་། ཁྲིད་སྲིད་ཀྱི་བརྐོ་བཞག་བྱས་ཏེ། བྱ་བརྒྱའི་འདུན་མ་བཏིང་བ་སོགས་ཀྱི་སྐོར་འཁོད།

འདབ་ཆགས་ཀྱི་གཏམ་རྒྱུད་དེང་རབས་སྒྲུང་གཏམ་དང་ཇི་ལྟར་འབྲེལ་བའི་སྐོར།
གཅིག འདབ་ཆགས་ཀྱི་གཏམ་རྒྱུད་སྒྲུང་གཏམ་གྱི་ཁོངས་སུ་འདུ་ཚུལ།

དེང་རབས་རྩོམ་རིག་གི་གར་སྟེགས་སུ་བཤད་པ་ལྟར་ན། སྒྲུང་གཏམ་ལ་གོ་བ་འདི་འདྲ་ཞིག་ལེན་པ་སྟེ། “མི་སྣའི་གཤིས་ཀ་འབྲི་བཞེངས་དང་། གཏམ་རྒྱུད་ཀྱི་བྱུང་རིམ་སྤེལ་བ་ལ་བརྟེན་ནས། བརྗོད་བྱའི་དོན་མཚོན་པའི་རྩོམ་ཡིག”༼ངོས།༢༢༠༽ལ་སྒྲུང་གཏམ་ཞེས་བརྗོད་བཞིན་ཡོད། གཤམ་ལ་འདབ་ཆགས་གཏམ་རྒྱུད་ལ་སྒྲུང་གཏམ་གྱི་མཚན་ཉིད་དེ་དག་ལྡན་ཚུལ་རིམ་པ་བཞིན་གླེང་རྒྱུ་ཡིན། དཔེ་གཞུང་གི་དངོས་བསྟན་ལྟར་ན། འདབ་ཆགས་གཏམ་རྒྱུད་ཀྱི་རྩོམ་པ་པོ་ནི་སྟོན་པ་གཤེན་རབ་མི་བོ་ཆེ་ཡིན། རྩོམ་ཐབས་ནི་རབ་རྟོག་སྒྲུང་གཏམ་ཡིན། འོ་ན། རབ་རྟོག་སྒྲུང་གཏམ་ཞེས་པ་དེ་གང་ཞིག་ལ་ཟེར་རམ་ཞེ་ན། “སྲོག་ཆགས་དང་སྐྱེ་དངོས་སོགས་རྩོམ་གྱི་བརྗོད་བྱར་དྲངས་ཏེ། དེ་དག་ལ་མིའི་བསམ་སྤྱོད་ལྡན་པ་བྱས་ནས་གཏམ་རྒྱུད་ཀྱི་བྱུང་རིམ་སྤེལ་བའི་རྩོམ་ལུས”ལ་རབ་རྟོག་སྒྲུང་གཏམ་ཞེས་བརྗོད། སྐབས་འདིར་འདབ་ཆགས་ཀྱི་གཏམ་རྒྱུད་རབ་རྟོག་སྒྲུང་གཏམ་གྱི་ཁོངས་སུ་འདུ་ཚུལ་ཤུགས་ཀྱིས་རྟོགས་ཐུབ།

གཉིས། འདབ་ཆགས་གཏམ་རྒྱུད་ལ་སྒྲུང་གཏམ་གྱི་གྲུབ་ཆ་གསུམ་ཚང་ཚུལ།

སྐབས་འདིར་བཤད་པའི་སྒྲུང་གཏམ་གྱི་གྲུབ་ཆ་གསུམ་ནི། སྒྲུང་གཏམ་གྱི་མི་སྣ་དང་། སྒྲུང་གཏམ་གྱི་བྱུང་རིམ། སྒྲུང་གཏམ་གྱི་ཁོར་ཡུག་བཅས་ལ་བརྗོད་པ་ཡིན།

དང་པོ། མི་སྣ།

སྒྲུང་གཏམ་གྱི་མི་སྣ་ལ། མི་སྣ་གཙོ་བོ་དང་མི་སྣ་ཕལ་པ་གཉིས་སུ་འབྱུང་ཞིང་། འདབ་ཆགས་གཏམ་རྒྱུད་ནང་གི་མི་སྣ་གཙོ་བོ་ནི། ནེ་ཙོ་སྤུན་གསུམ་ཏེ། གཅེན་པོ་གཡུ་ཤོག། འབྲིང་པོ་ཁ་ལ་ནེའུ་ཙོ། གཅུང་པོ་སྤུ་རུ་གཞའ་འོད་བཅས་ཡིན་པར་འདོད། སྐབས་འདིར་མི་སྣ་ཕལ་པ་ནི་ཧ་ཅང་མང་སྟེ། མི་སྣ་ཕལ་པའི་ཁྲོད་དུ་སྒྲུང་གཏམ་འདིར་དམིགས་བསལ་གྱིས་གོ་ནས་བཟུང་མཁན་གྱི་རིགས་ནི། ནེའུ་ཙོ་ཡབ་ཡུམ་གཉིས་དང་། སྨྲ་མཁན་ནེ་ཙོ། རྨ་བྱ། རྒྱ་བྱ། ཁྱིམ་བྱ། བྱ་ཁྱུང་། ཕ་ཝང་། བྱ་རོག། འུག་པ། ལྷ་ཡི་གཤེན་པོ་བཅས་ཡིན་པ་དང་། གཞན་ཡང་སྒྲུང་གཏམ་འདིའི་ནང་དུ་མིང་སྨོས་པ་ཙམ་མམ། སྒྲུང་གཏམ་གྱི་མི་སྣར་བརྗོད་རུང་བ་ཙམ་གྱི་རིགས་ཤིན་ཏུ་མང་པོ་ཞིག་ཡོད་པས་འདིར་རེ་རེ་བཞིན་བགྲང་བར་མི་བྱ།

གཉིས་པ། སྒྲུང་གཏམ་གྱི་བྱུང་རིམ།

སྒྲུང་གཏམ་གྱི་བྱུང་རིམ་ལ་བཞི་རུ་དབྱེ་བ་སྟེ། འགོ་ཚུགས། འཕེལ་རྒྱས། མཐོ་རླབས། མཇུག་འབྲས་བཅས་ལ་བརྗོད་པ་དང་། སྐབས་འདིར་བཤད་པའི་འགོ་ཚུགས་ནི། སྒྲུང་གཏམ་དེའི་འགོ་ཐོག་མར་བཙུགས་པ་ལ་ཟེར་ཞིང་། དེས་ན་འདབ་ཆགས་གཏམ་རྒྱུད་ཀྱི་ཐོག་མའི་འགོ་འཛུགས་ས་ནི། “ཤིང་ཨ་པར་ནེའུ་ལྗང་གི་ཚལ་དུ་ནེ་ཙོ་ཡབ་ཡུམ་གཉིས་འཚོས་པ་ལས། སྒོ་ང་ཁྱད་པར་དུ་འཕགས་པ་གསུམ་བྱུང”བ་དེ་ཡིན་ཞེས་བརྗོད་ཆོག། འཕེལ་རྒྱས་ཞེས་པ་ནི། སྒྲུང་གཏམ་དེ་ཉིད་འགོ་བཙུགས་ནས་བཟུང་། སྒྲུང་གཏམ་གྱི་བརྗོད་བྱ་ཧྲིལ་པོར་འཕེལ་རྒྱས་སོང་བའི་སྣང་ཚུལ་གྱི་རང་བཞིན་ཞིག་ལ་ངོས་བཟུང་ན་འགྲིག་པར་སྙམ་སྟེ། འདབ་ཆགས་གཏམ་རྒྱུད་ནང་གི་སྒྲུང་གཏམ་གྱི་འཕེལ་རྒྱས་ཀྱི་གཞི་གཙོ་བོ་ནི། ནེ་ཙོ་སྤུན་གསུམ་གྱིས་ལྷ་ཀླུ་མི་གསུམ་གྱི་ཡུལ་ནས་ཟས་ནོར་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་བསགས་པ་ལ་བརྟེན་ནས་བྱུང་བར་འདོད། མཐོ་རླབས་ཞེས་པ་ནི་ཚད་གཞི་ཧ་ཅང་མཐོ་བའི་འཕེལ་རྒྱས་ཀྱི་རང་བཞིན་ཏེ། སྒྲུང་གཏམ་གྱི་ནང་དོན་མཐར་ཐུག་དེ་ཉིད་ལ་ངོས་བཟུང་ན་འགྲིག་སྟེ། ནེ་ཙོ་སྤུན་གསུམ་གྱིས་སྐུ་གཤེན་གདན་དྲངས་པ་དང་བྱ་བརྒྱའི་འདུན་མ་བཏིང་པ་ནི་སྒྲུང་གཏམ་འདིའི་ནང་དོན་མཐར་ཐུག་དེ་ཡིན། མཇུག་འབྲས་ནི་སྒྲུང་གཏམ་གི་དམིགས་ཡུལ་དང་བྱུང་རིམ་གི་འབྲས་བུ་ཞིག་ཡིན་པ་སྟེ། སྐབས་འདིར་འདབ་ཆགས་གཏམ་རྒྱུད་ནང་གི་མི་སྣ་གཙོ་བོ་ནེ་ཙོ་སྤུན་གསུམ་གྱིས་ཐོག་མཐའ་བར་གསུམ་གྱི་བྱ་བའི་མཇུག་འབྲས་དངོས་ནི། ཚེ་འདི་དང་ཕྱི་མ་གཉིས་སམ་ཆོས་དང་འཇིག་རྟེན་གཉིས་སུ་དབྱེ་རུང་བ་སྟེ། ཆོས་ཀྱི་རིན་ཐང་ནི་ཡོ་བྱད་ཆུས་ཟོས་སུ་མ་སོང་བར་དགེ་བ་རླབས་པོ་ཆེ་གྲུབ་པ་དང་། འཇིག་རྟེན་གྱི་རིན་ཐང་འདབ་ཆགས་བྱ་ལ་ཁྲིམས་ཀྱི་བསྐོས་བཞག་བྱས་པས། ཞི་བདེ་འཚེ་མེད་དཔལ་ལ་རོལ་ཐུབ་པར་བསྟན་ཡོད།

གསུམ་པ། ཁོར་ཡུག

སྒྲུང་གཏམ་གྱི་ཁོར་ཡུག་ལ་དབྱེ་ན་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་གཉིས་སུ་དབྱེ་བཞིན་ཡོད།

༡ རང་བྱུང་ཁོར་ཡུག་ནི།  “མི་སྣའི་འགུལ་སྐྱོད་ཀྱི་དུས་ཚོད་དང་། ས་ཆ། ནམ་དུས། གནམ་གཤིས། ས་ཁམས་ཀྱི་རྣམ་པ་སོགས”ལ་རང་བྱུང་ཁོར་ཡུག་ཅེས་བརྗོད་པ་སྟེ། ནེ་ཙོ་སྤུན་གསུམ་གྱི་སྐྱེས་ཡུལ་ཤིང་ཨ་པར་ནེའུ་ལྗང་ཚལ་དང་། བྱ་རིགས་སུམ་བརྒྱ་དྲུག་ཅུ་འཚོགས་སའི་སྟེང་ལྷ་ཡུལ་གྱི་ཡོངས་འདུས་ཤིང་གི་རྩ་བར་མི་ཡུལ། བྱ་བརྒྱའི་འདུན་མ་གཤམ་སའི་ལྷ་ཀླུ་མི་གསུམ་གྱི་བར་མཚམས་གསེར་གྱི་རི་བདུན། ཟས་ནོར་གསོག་པའི་དུས་ཚོད་ཉིན་ཞག་སུམ་བརྒྱ་དྲུག་ཅུ་སོགས་ཡིན།

༢ སྤྱི་ཚོགས་ཁོར་ཡུག་ནི། མི་སྣས་བྱེད་སྒོ་སྤེལ་བ་དང་། བྱ་བའི་འབྱུང་ས། བྱ་བ་འཕེལ་རྒྱས་འགྲོ་སའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་བཅས་ཏེ། ནེ་ཙོ་ཡབ་ཡུམ་སྲས་གསུམ་གྱི་ཕ་མ་བུ་རྒྱུད་ཀྱི་འབྲེལ་ལམ། ཝ་ཕང་གིས་བཤད་པའི་འདབ་ཆགས་བྱ་ཡི་ལོ་རྒྱུས་གྲོལ་ཚུལ། ལྷ་ཡི་གཤེན་པོ་སྐུ་གཤེན་དུ་གྱུར་པ། བྱ་བརྒྱའི་འདུན་མ་བཤམ་རྗེས་ཀྱི་ཆབ་སྲིད་དང་ཁྲིམས་ལུགས་ཀྱི་དབྱེ་མཚམས་དང་འབྲེལ་ལམ་བཅས་ལ་ངོས་བཟུང་ཆོག།

གསུམ། འདབ་ཆགས་གཏམ་རྒྱུད་དང་འབྲེལ་བའི་མི་སྣ་ཞིབ་འབྲིའི་སྐོར།

“རྩོམ་ཡིག་ཁྲོད་དུ་གསོན་ཉམས་ལྡན་པའི་མི་སྣའི་སྣང་བརྙན་ཇི་ལྟར་གསར་བཞེངས་བྱེད་པ་དང་། ཀློག་པ་པོར་རྩོམ་ཡིག་ཁྲོད་ཀྱི་མི་སྣ་དང་། དོན་དག་ལ་བག་ཆགས་ཟབ་མོ་ཇི་ལྟར་ཡོང་མིན་ནི།”གཙོ་བོ་ཞིབ་འབྲི་བྱེད་ཐབས་ལ་རག་ལས་པ་ཡིན།

ཞིབ་འབྲིའི་སྐབས་ཀྱི་གནད་དོན། ༡ དམིགས་ཡུལ་གསལ་པོ་ཡོད་པ། ༢ ཁྱད་ཆོས་འཛིན་ཐུབ་པ། ༣ བསམ་པའི་བརྩེ་དུང་ལྡན་པ། དེས་ན། ཞིབ་འབྲི་བྱེད་ཐབས་ལ། མི་སྣ་ཞིབ་འབྲི་དང་། ཁོར་ཡུག་ཞིབ་འབྲི། རྣམ་པ་ཞིབ་འབྲི་བཅས་རིགས་གསུམ་དུ་ཡོད་པ་ལས། སྐབས་འདིར་འདབ་ཆགས་ཀྱི་གཏམ་རྒྱུད་ལ་མི་སྣ་ཞིབ་འབྲིའི་ཐབས་ལམ་ཇི་ལྟར་བརྒྱུད་ཡོད་དམ་ཞེ་ན།

དང་པོ། མི་སྣའི་སྐད་ཆ་ཞིབ་འབྲི།

ནེ་ཙོ་སྤུན་གསུམ་ཡབ་ཡུམ་སྲས་གསུམ་གྱི་གྲོས་མོལ། འཕྲིན་སྐྱེལ་བ་སྨྲ་མཁན་ནེ་ཙོའི་འཕྲིན་པ། ཕ་ཝང་གིས་བཤད་པའི་འདབ་ཆགས་ཀྱི་ལོ་རྒྱུས། ནེ་ཙོ་གཅེན་པོ་གཡུ་ཤོག་གིས་བཤད་པའི་བྱ་བརྒྱའི་བརྐོ་བཞག་སོགས་ཀྱི་སྐད་ཆ་ཡོད་ཚད་ཀྱི། བརྗོད་བྱ་གཏིང་ཟབ་ཅིང་། གནད་ལ་ཁེལ་བ། ཁ་གསལ་བ། རྗོད་བྱེད་ཚིག་གི་ཉམས་འགྱུར་ཕུན་སུམ་ཚོགས་པའི་སྒོ་ནས་མི་སྣའི་སྐད་ཆ་ཞིབ་འབྲི་བྱས་ཡོད་པ་ཡིན།

གཉིས་པ། མི་སྣའི་བྱ་བྱེད་ཞིབ་འབྲི།

གཏམ་རྒྱུད་ལས། “དེ་ལ་བྱ་ཆེན་རྣམས་གཅིག་གིས་གཅིག་ལ་བལྟ་ཞིང་། མཆིད་གླེང་བའི་ཚུལ་དུ་ཡོད་པ་ལ། བཞད་བྱས་སྤུ་རུ་གཡས་གཡོན་ནི་བསླང་། ཟ་འོག་གི་སླག་པ་ནི་བཀྲམ། རྐན་སྒྲ་ཐག་ཐག་ཅིག་བརྡབས་ནས་སྨྲས་པ།”ཞེས་པ་དང་། དེ་ཉིད་ལས། “དེ་ལྟ་བུའི་ཆད་མདོ་བྱས་ནས། ཁྱུང་གི་སྦར་ཞབས་ནས་བཏོན་ཏེ། སྤུ་རུ་ཡང་བསྙལ། སྒྲོག་རུས་ཀྱང་གཞོལ། སྤུ་གསེབ་ཏུ་མཆུ་བཅུག་ནས་བཞིན་ལོག་གེར་འདུག་གོ།”ཞེས་སྐབས་འདིར་བཞད་བྱ་ནི་འུག་པ་སྟེ། འུག་པའི་བྱ་བྱེད་སྣ་ཁ་གཉིས་ལ་གསོན་ཉམས་ལྡན་པའི་ངང་ནས་ཞིབ་འབྲི་བྱས་ཡོད་པ་སྟེ། སྔ་མ་ནི་འུག་པས་རང་གི་ང་རྒྱལ་གྱི་ཆེ་བ་འདོན་པའི་བྱ་བྱེད་དང་། ཕྱི་མ་ནི་རང་གི་བྱ་སྤྱོད་ལམ་ལྷོང་མ་བྱུང་བར་ཕམ་ཉེས་ཤོར་བའི་ཚུགས་ཀ་ཞིག་གིས་མི་སྣའི་བྱ་བྱེད་ཞིབ་འབྲི་བྱས་ཡོད།

གསུམ་པ། མི་སྣའི་གཟུགས་རིས་ཞིབ་འབྲི།

གཏམ་རྒྱུད་ལས། “དེར་ཁོ་དགའ་ནས་སྨྲས་པ། ང་ལ་མགོ་ལ་བཅིང་པའི་ཐོད་ཅིག་དང་། རྒྱབ་ན་གོན་པའི་བེར་ཞིག་དང་། ལག་ན་བཟུང་བའི་ལྕག་ཅིག་དང་། འོག་ན་ཞོན་པའི་རྟ་ཞིག་དགོས་ཟེར་བ་ལ། དབུ་ལས་སྲིན་བལ་གྱི་ཐོད་ནི་བཅིང་། སྐུ་ལ་ཤིང་ལོའི་བེར་ནི་གོན། ལག་ན་ཨ་འབྲས་ཀྱི་ལྕག་ནི་བཞག བྱ་མ་བྱིའུ་རྟ་ཞིག་ལ་བསྐྱོན་ནས། ཁྱིམ་བྱས་རྟ་ཁ་ཁྲིད་དེ། རྨ་བྱ་དང་རྒྱ་བྱ་གཉིས་ཀྱིས་གཡས་གཡོན་ནས་བརྟེན་ཏེ། ཕ་ཝང་གིས་འདི་སྐད་དོ།”ཞེས་ངོ་མཚར་ལ་དགོད་བྲོ་བའི་ཚུལ་གྱིས་སྐབས་དེར་ཕ་ཝང་གི་གཟུགས་རིས་ལ་རབ་རྟོག་གི་ཐབས་ལམ་སྤྱད་དེ་ཞིབ་འབྲི་བྱས་ཡོད་པ་ལྟ་བུ་ཡིན།

བཞི་པ། མི་སྣའི་སེམས་ཁམས་ཞིབ་འབྲི།

འདིར་མི་སྣའི་སེམས་ཁམས་ཞིབ་འབྲིའི་ཐབས་ལམ་ནི། གཏམ་རྒྱུད་འདིའི་འགོ་མཇུག་གི་བྱུང་རིམ་གྱི་ཕྱོགས་མང་པོ་ནས་མངོན་ཡོད། གཏམ་རྒྱུད་འདི་ཀློག་སྐབས་མི་སྣ་གཙོ་བོ་ནེ་ཙོ་སྤུན་གསུམ་དང་། གཞན་མི་སྣ་ཕལ་པ་དག་གི་སེམས་ཁམས་གང་འདྲ་ཡིན་མིན་སྟབས་བདེའི་ངང་ནས་རྟོགས་ནུས་པ་ཡིན། དཔེར་མཚོན་ཙམ་བཀོད་ན། ནེ་ཙོ་གཅེན་པོ་གཡུ་གཤོག་གིས་ཡབ་ཡུམ་སྤུན་མཆེད་རྣམས་ལ་གྲོས་གཞི་འདིང་སྐབས་ནེའུ་ཙོ་སྤུན་གསུམ་དང་། ནེ་ཙོའི་ཡབ་ཡུམ་གཉིས་བཅས་ཀྱིས་རང་རང་གི་དགའ་ཕྱོགས་དང་འབྲེལ་བའི་ཕུགས་འདུན་གྱི་སེམས་ཁམས་ཞིབ་འབྲི་བྱས་ཡོད། དེ་ནི། ནེ་ཙོ་ཕ་མ་གཉིས་ལ་མཚོན་ན། ཡུལ་མཁར་ས་ཞིང་བསྐྲུན་པའི་བསམ་བློའི་ཕུགས་འདུན་དང་། འཇིག་རྟེན་གཉེན་སྲིད་ཀྱི་བྱ་བ་རྒྱ་ཆེར་གཉེར་བའི་བསམ་བློའི་འདུན་པ། ནེ་ཙོ་སྤུན་མཆེད་གཉིས་ལ་མཚོན་ན། གཅིག་གིས་ཕྱི་མའི་དགེ་སྐུལ་སྒྲུབ་པ། གཅིག་གིས་ད་ལྟའི་འདུན་མ་གཤམ་དགོས་ཚུལ་སོགས་ཀྱི་བསམ་བློའི་འདུན་པ་དང་། དེ་ལས་ཀྱང་གལ་ཆེ་བ་ཞིག་ལ། ནེ་ཙོ་གཅེན་པོ་གཡུ་གཤོག་གི་ཕྱོགས་ལྷུང་མ་ཡིན་པའི་རིས་མེད་ཀྱི་ལྟ་བ་དང་། བསམ་བློའི་ཕུགས་འདུན་མངོན་པ་མ་ཟད། གཟི་བརྗིད་ལྡན་པའི་སྒོ་ནས་རང་གི་མི་ཚེའི་ཕུགས་འདུན་ལ་འཇུག་པར་ནུས་པའི་བློ་གྲོས་དང་། སྤོབས་པ་བཅས་ཀྱིས་མི་སྣའི་སེམས་ཁམས་ཀྱི་རྣམ་པ་གང་འདྲ་ཡིན་མིན་གསལ་སྟོན་བྱས་ཡོད།

བཞི། འདབ་ཆགས་གཏམ་རྒྱུད་ཀྱི་མཚོན་དོན།

སྒྲུང་གཏམ་ཞིག་ལ་མཚོན་ན་དེས་སྤྱི་ཚོགས་ཀྱི་གནས་བབ་དང་རྒྱབ་ལྗོངས་མི་འདྲ་མཚོན་སྲིད། མདོ་དྲི་མེད་གཟི་བརྗིད་ལས་བྱུང་བའི་འདབ་ཆགས་གཏམ་རྒྱུད་ཀྱི་མཚོན་དོན་འདི། གཏམ་རྒྱུད་ཀྱི་མཇུག་བསྡུའི་སྐབས་སུ་སྟོན་པ་གཤེན་རབ་ཀྱིས་ཞུ་བའི་འཁོར་ལྷ་ཡི་བུ་མོ་འོད་ལྡན་ཉི་མ་ལ་འདི་ལྟར་གསུངས་པར་འཁོད་དེ། “དེ་ནི་འདི་ལྟར་ཏེ། སྔོན་གྱི་ནེ་ཙོ་གཡུ་རུ་ནི། ད་ལྟ་ཡབ་རྒྱལ་བོན་ཐོད་ཀར་ཉིད་དོ། །སྔོན་གྱི་ནེ་ལྕམ་ལ་ལོ་ནི། ད་ལྟ་ཡོ་ཕྱི་རྒྱལ་བཞད་མ་ཉིད་དོ། །སྔོན་གྱི་ནེ་ཙོ་གཡུ་གཤོག་ནི། ད་ལྟ་རྒྱལ་བུ་བདག་ཉིད(སྟོན་པ་གཤེན་རབ)དོ། །སྔོན་གྱི་གཅུང་པོ་གཉིས་ནི། ད་གཟོད་སྲས་རྨ་ལོ་དང་གཡུ་ལོ་བྱ་བ་གཉིས་འབྱུང་ངོ་། །སྔོན་གྱི་ཕ་ཝང་ནི་ད་ལྟ་མཚན་མཁན་བྲམ་ཟེ་ཉིད་དོ། །སྔོན་གྱི་རྨ་བྱ་དང་། རྒྱ་བྱ། ཁྱིམ་བྱ་གསུམ་ནི་ཕྱི་དུས་ཀྱི་བདག་གི་བསྟན་པ་འཛིན་པ་བཀའ་ཡི་སློབ་མ་གསུམ་འབྱུང་ངོ་། །སྔོན་གྱི་སྨྲ་བུ་ལེགས་ལྡན་ནི། ད་ལྟ་ཁྲི་ཤེས་འཁོར་ལོ་ཉིད་དོ། །སྔོན་གྱི་ཀླུ་ལྕམ་གཡུ་སྨིན་ནི། ད་ལྟ་འོད་ལྡན་ཉི་མ་ཉིད་དོ། །སྔོན་གྱི་འདབ་ཆགས་འདི་རྣམས་ནི། ད་ལྟར་འདབ་ཆགས་འདི་རྣམས་སོ། །སྔོན་གྱི་ལྷ་ཡི་གཤེན་པོ་ནི། གཏོ་འབུམ་ཁྲི་གློག་གི་ལྕེ་ཅན་ཉིད་དོ། །སྔོན་གྱི་གཡུང་དྲུང་སེམས་དཔའ་ལྔ་བརྒྱ་ནི། དགྲ་བཅོམ་པའི་འབྲས་བུ་ཐོབ་སྟེ་དགྲ་བཅོམ་པ་ལྔ་བརྒྱ་ཉིད་དོ། །”ཞེས་གསལ་པོར་བསྟན་ཡོད།

དཔྱད་གཞིའི་ཡིག་ཆ།

སྟོན་པ་གཤེན་རབ་ཀྱི་བཀའ། «མདོ་དྲི་མེད་གཟི་བརྗིད»པོད་གཉིས་པ། གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། ཀན་སུའི་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན།
བློ་བཟང་ནམ་མཁས་བསྒྲིགས། «བློ་གསལ་རིག་མཛོད»ལྗོངས་ཞིང་ལྔའི་མཉམ་སྒྲིག་བསླབ་གཞི། ཆབ་མདོའི་སློབ་གསོ་རྩོམ་སྒྲིག་ཁང་། ༢༠༡༣ལོར་པར་དུ་བསྐྲུན།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།