ཞིབ་འཇུག་ཐབས་རྩལ་[1]ཞེས་པའི་དཔེ་ཀློག་ཟིན་བྲིས།
འདས་པའི་དུས་སུ་ཞིབ་འཇུག་ཟེར་བར་སྤྱི་བབ་ཙམ་ལས་ཞིབ་མོ་རྣམ་འཐག་གིས་མ་འཇུག་པས། རང་ཉིད་ཀྱི་ཉིན་རྒྱུན་འཚོ་བའི་ཀློང་ནས་དོགས་སློང་དང་བསམ་གཞིགས་ཀྱི་རྒྱུན་ཆད་དེ་དཔེ་ཀློག་གི་གཏིང་མ་ཚུགས་པའི་སྐྱོན་མུ་འབྱམས་སུ་ཡོད་པས། འདི་ལ་ཅིས་ཀྱང་བཟང་པོ་དག་བཅོས་ཀྱི་དགོས་པ་ཆེ་ཆེར་མཐོང་བས། དེབ་འདིར་ཞིབ་ཀྱིས་འཇུག་པར་བྱ།
ཁག་དང་པོ། ཞིབ་འཇུག་དང་། ཞིབ་འཇུག་པ། ཀློག་པ་པོ།
དེ་ཡང་སུས་ཞིབ་འཇུག་བྱེད་དགོས་པ་རེད་ཅེ་ན། མི་མང་པོ་ཞིག་གི་བག་ཆགས་སུ་ཞིབ་འཇུག་པ་ཟེར་བ་ནི་གདོང་ལ་སྤྱན་ཤེལ་བསྐྱོན་པའི་ཚོད་ལྟ་ཁང་དང་ཡང་ན་དཔེ་མཛོད་ཁང་གི་ཡིག་ཆ་པ་ལྟ་བུ་ཞིག་གི་སྣང་བརྙན་ཞིག་ལས་མེད་མོད། དོན་ཏུ་དེ་འདྲ་ཞིག་ཏུ་ག་ལ་ཡིན་ཏེ། ཆ་འཕྲིན་གྱི་དུས་རབས་སུ་བསྙད་པའི་དུས་སྐབས་འདིར། ཆ་འཕྲིན་འཚོལ་ཤེས་པས་མི་ནུས་པར་ཆ་འཕྲིན་ལ་དཔྱད་འཇོག་དང་། ཆ་འཕྲིན་ཡང་དག་ཅི་ལྟར་ཞིབ་གསལ་སྤུས་དག་ངང་སྒྲོག་དགོས་པ་བཞིན་ཆ་འཕྲིན་ལྟར་སྣང་དག་ལ་དེ་ལྟར་རྣམ་རྟོག་འཆང་དགོས། འདི་ནི་ཕྱིས་སུ་ཆེད་ལས་པ་ངེས་པར་མཁོ་བའི་ལེགས་བྱང་ཞིག་ཏུ་སེམས་དགོས།
ད་སྔ་ང་ཚོ་ཆེད་ལས་མི་སྣ་ཞིག་མིན་ནའང་ཞིབ་འཇུག་བྱེད་ཤེས་ཚེ་སོ་སོས་ད་ལྟའི་གནས་བབ་དང་འབྱུང་འགྱུར་གྱི་ལམ་བུར་སྨན་པར་མ་ཟད་སྤོབས་པའི་གདེང་གིས་ཟིན་ཆོག ཞིབ་འཇུག་གི་ལམ་དུ་ཞུགས་པས་ད་གཟོད་རང་ཉིད་ཀྱིས་བཀླགས་ཟིན་པའི་དོན་གང་ཞིག་ལ་ངེས་པ་རྙེད་དེ་ཡང་དག་པའི་ཐག་གཅོད་རྙེད་སྲིད་པ་ལས། གཞན་གྱི་ཞིབ་འཇུག་འབྲས་བུ་ཙམ་པོ་བས་བོགས་ཐོན་མི་སྲིད། དེ་ཡང་བསླབ་དེབ་དང་བརྙན་འཕྲིན། ཆེད་མཁས་པའི་འཆད་ཁྲིད་སོགས་ནི་ལེགས་པོར་མཐོང་ནའང་། དེ་དག་སྲིད་འབྱོར་སོགས་ཀྱི་རྐྱེན་མང་པོས་མག་མོག་གིས་བཏང་ཡོད་པས། དེ་ལས་སོ་སོ་རང་ཉིད་ཀྱིས་དངོས་སུ་ཞིབ་འཇུག་གི་བགྱི་བ་དང་དུ་བླང་ཚེ་རྙོག་འཛིང་གིས་གཏམས་པའི་དོན་དངོས་དེ་མཐོང་ཐུབ། འདི་ནི་ང་ཚོས་ཞིབ་འཇུག་བྱེད་ཤེས་དགོས་པའི་རྒྱུ་མཚན་དེ་ཡིན་པར་ངེས་དགོས།
ཤེས་བྱ་གསར་པ་ཞིག་ཐོབ་པའི་འགག་རྩ་ནི་དྲི་བ་ཅི་ཞིག་འདོན་པ་སྟེ། རང་ཉིད་ཀྱི་ཞིབ་འཇུག་གྲུབ་འབྲས་ལས་དྲི་བ་ཅི་ཞིག་བྱུང་བ་དང་ལན་ཇི་ལྟར་གདབ་རྒྱུར་མནོ་བསམ་དང་བགྲོ་གླེང་བྱེད་དགོས། ང་ཚོས་ཤེས་ནས་རྟོགས་པ་ནི་ང་ཚོས་བློ་གཏད་བྱེད་སའི་ཤེས་བྱ་དག་ནི་ཞིབ་འཇུག་གི་སྤུས་ཚད་དང་ཞིབ་འཇུག་སྙན་ཞུའི་ཡང་དག་རང་བཞིན་ལ་འཕྲད་ཡོད། གཞན་ཞིབ་འཇུག་གི་དགེ་མཚན་ནི་གཞན་གྱིས་མ་རྟོགས་པའི་དོགས་གནད་སེད་དཀྲོལ་བྱེད་ཐུབ་པ་དེ་ཡིན་ལ། མང་པོས་ཞིག་གིས་དེ་ནི་རྒྱང་རིང་དང་ཕུགས་བསམ་རིང་ལུགས་ཤིག་ཏུ་འདོད་མོད། ཡིན་ནའང་དེ་ཡིས་ང་ཚོར་ནང་སེམས་ཀྱི་བདེ་སྐྱིད་ཅིག་སྦྱིན་ནུས། དེ་བས་ཞིབ་འཇུག་གི་བརྒྱུད་རིམ་ནི་རྙོག་འཛིང་ཞིག་ཡིན་ནའང་ལམ་ཕྱོགས་ནི་གཏན་འཇགས་ཤིག་ཡིན་པས། ང་ཚོས་གོམ་པ་རེ་རེ་བཞིན་སོང་ཚེ་འཇིགས་སྣང་དང་སེམས་འཚབ་མི་དགོས་པར་ཡིད་རྟོན་ངང་གིས་འཕེལ་ངེས།
ཞིབ་འཇུག་རྣམ་གྲངས་གང་རུང་ཞིག་གི་འགོ་བརྩམ་ཚེ། ཐོག་མར་གང་ཞིག་ནས་འགོ་རྩོམ་དགོས་མི་ཤེས་ལ། བརྗོད་གཞི་གང་ཞིག་འདེམ་མིན་དང་། ཆ་འཕྲིན་གང་དུ་འཚོལ་བ། ཆ་འཕྲིན་ཇི་ལྟར་ཐག་གཅོད་གནང་བ་སོགས་ལ་དམིགས་གཏད་གང་ཡང་ཡོད་མི་སྲིད་པས། དེབ་འདིར་དཀའ་སྡུག་དེ་དག་གི་སེལ་ཐབས་སྐོར་གླེང་ཏེ་མཐའ་མཇུག་རིན་ཐང་ལྡན་པའི་ཞིབ་འཇུག་གྲུབ་འབྲས་ཤིག་ལེན་པའི་ལམ་སྟོན་བྱེད་རྒྱུ་དེ་ཡིན་པར་བཤད།
ཞིབ་འཇུག་འཆར་གཞི་བཟོས་རྗེས་དེས་སོ་སོའི་དྲི་བར་ལན་འཚོལ་ཞིང་ཨ་ལན་གང་འདྲ་ཞིག་ཡིན་མིན་རང་ཉིད་ཀྱིས་གདེང་ཚོད་བྱེད་ཐབས་མེད་མོད། དེ་ཡིས་ཡུན་གྱིས་དོན་གནད་ཀྱི་རང་བཞིན་དེ་གསལ་བོར་ལྷང་ལ་ཕུད་ངེས། ཞིབ་འཇུག་འཆར་གཞིས་ཞིབ་འཇུག་དང་དཔྱད་རྩོམ་འབྲི་བར་ཕན་ཐོགས་ཤིང་། དེ་མིན་ཐོག་མའི་མ་ཟིན་ཞིག་བཟོ་བ་དེས་ཚད་གཞི་སྒྲིག་གཞི་ལས་མི་འགོང་བར་ཕན་ལ་དེ་ལས་སོ་སོའི་ཞིབ་འཇུག་གི་ཁྱད་ཆོས་ཀྱང་མངོན་པར་བྱེད་ཐུབ། དེབ་འདིས་འཆར་གཞི་ལྡན་པའི་ངང་ཞིབ་འཇུག་དང་ཞིབ་འཇུག་སྙན་ཞུ་སོགས་འབྲི་བར་རོགས་རྐྱེན་བྱེད་པ་དེས་བསམ་གཞིགས་ཀྱི་མཐོང་ཁྱབ་རྒྱང་བསྐྱེད་བྱེད་པར་མ་ཟད་ཀློག་པ་པོས་ཀྱང་སོ་སོའི་ཞིབ་འཇུག་གི་རིན་ཐང་རྟོགས་པར་ཡང་ཕན།
ཞིབ་འཇུག་གི་ལས་དོན་ནི་དཀའ་ངལ་ཆེ་ཞིང་། ལྷག་ཏུ་ཚོད་བགམ་ཆེ་བའི་ལས་དོན་མཐའ་དག་དཀའ་སྡུག་མེད་པ་ཞིག་མེད་མོད། དཀའ་སྡུག་གི་ལས་དོན་གྱིས་མི་རྣམས་ཀྱི་ཡིད་སེམས་ཆེས་ཆེར་མགུ་བར་བྱེད། དེ་ཡང་ཡིད་སེམས་དེ་མགུ་དོན་ནི་རང་དང་འདོད་བློ་མཐུན་པའི་ཀློག་པ་པོ་གང་ཞིག་ལ་རང་ཉིད་ཀྱིས་རྙེད་པའི་བདེན་དོན་དེ་ཤེས་སུ་འཇུག་པར་མ་ཟད་ཐ་ན་ཁོང་ཚོའི་འཚོ་བ་དང་བསམ་བློར་ཀྱང་འགྱུར་ལྡོག་གཏོང་ཐུབ་པསོ། །
དོན་ཚན་དང་པོ། བསམ་བློའི་རྗེས་ཤུལ།
ཞིབ་འཇུག་གི་སྤྱོད་སྒོ་ནི་དམངས་དང་སྒེར་བར་ཞབས་ཞུ་བྱེད་པ་ཞིག་སྟེ། འདས་པའི་ཞིབ་འཇུག་དག་གི་འབྲས་བུ་ལས་ང་ཚོས་དོགས་གཞི་གསར་པ་བསླངས་ཏེ་རང་ཉིད་ཀྱི་དྲིས་ལན་ཞིག་ཡོད་དགོས། ཞིབ་འཇུག་ལ་ཡུལ་དུས་ཀྱི་ཚད་བཀག་མེད་པར་དོན་དུ་དེ་ནི་འཛམ་གླིང་དུ་གཞི་ཁྱོན་ཆེས་ཆེ་བའི་ཐོན་ལས་ལྟ་བུ་ཞིག་ཡིན་ཏེ། གལ་སྲིད་ཁྱེད་ཀྱིས་ཞིབ་འཇུག་ལས་དོན་ལེགས་པོ་མ་འཁྱོངས་ཤིང་གཞན་གྱི་ཞིབ་འཇུག་ལའང་དཔྱད་འཇོག་མ་ནུས་ཚེ་ནུས་མེད་ཆིག་རྐྱང་ཞིག་ཏུ་འགྱུར་ངེས། རྒྱུ་མཚན་འཇིག་རྟེན་འདི་ཞིབ་འཇུག་པ་རྣམ་དག་དག་གི་ཡང་དག་པའི་ཆ་འཕྲིན་ལ་བརྟེན་ནས་འཚོ་བཞིན་ཡོད། གལ་སྲིད་ལོག་རྟོག་གི་ཞིབ་འཇུག་ལ་འཇུས་ཚེ་འགྲོ་བ་ཡོངས་ལ་ཉེས་ལྟུང་གི་བསམ་བློ་དང་ཆག་སྒོ་སྣ་ཚོགས་སྐྱེལ་བཞིན་ཡོད་པས། འགྲོ་བ་ཡོངས་ཀྱི་བདེ་སྡུག་དང་སྐྱིད་སྡུག་མཉམ་གཤིབ་ཆེད་ག་དུས་ཀྱང་དོགས་སློང་གི་བསམ་བློས་ཞིབ་འཇུག་གི་བགྱི་བ་དང་དུ་ལེན་དགོས།
ཅི་ཞིག་ལ་ཞིབ་འཇུག་ཟེར་ཞེ་ན། སྒྲ་ཡངས་པོའི་ངོས་ནས་ཞིབ་འཇུག་ནི་དྲི་བ་ཞིག་གི་ཨ་ལན་འཚོལ་བའི་ཕྱིར་ཆ་འཕྲིན་བསྡུ་ལེན་གྱི་རྣམ་པ་ཞིག་ལ་གོ་ཞིང་། གལ་སྲིད་ཁྱེད་ཀྱིས་ཞིབ་འཇུག་ལས་དོན་ནི་འགན་འཁྲི་ཙམ་པོ་བའི་ཆེད་དུ་ཡིན་ཚེ་ཚེ་སྲོག་འཕྲོ་བརླག་ཙམ་དུ་ཟད། དེ་ལས་ལྡོག་སྟེ་ཞིབ་འཇུག་ལས་དོན་ལེགས་པོ་བྱུང་ཚེ་དེ་ནི་མིའི་རིགས་ཀྱི་བསམ་བློའི་སྐར་ཆེན་གྱི་གྲས་སུ་བགྲང་ངེས། ཡང་ན་འབྱུང་འགྱུར་གྱི་ཆར་མི་མང་པོ་ཞིག་ལོག་ལམ་ལས་ཐར་བར་ལམ་སྟོན་མི་སྲིད་པ་མ་ཡིན། ཉི་མ་ག་དུས་ཤིག་ལ་ཁྱེད་ཀྱིས་འཛམ་གླིང་ཡོངས་ལ་འགྱུར་ལྡོག་བཏང་མི་ནུས་ཀྱང་མ་མཐའ་ཡང་རང་ཉིད་ཀྱིས་སྒྲུབ་བཞིན་པའི་ཞིབ་འཇུག་གི་ལས་དོན་དེས་རང་ཉིད་ཀྱི་འཚོ་བར་འགྱུར་ལྡོག་གཏོང་ནུས་སོ། །[2]
ཅིའི་ཕྱིར་རྩོམ་འབྲི་དགོས་པ་རེད་ཅེ་ན། ནམ་རྒྱུན་ང་ཚོའི་ཁྲོད་ཀྱི་མི་མང་པོ་ཞིག་བདེན་དོན་སྲུང་སྐྱོབ་ཀྱི་སླད་དུ་གཏམ་བཤད་མི་སྤོབས་ལ། གལ་སྲིད་དེའི་ཆེད་དུ་ཟབ་འཇུག་བྱེད་འདོད་ཚེ་ངེས་པར་དུ་དྲི་བ་དང་ལུང་རིགས་ཀྱི་རྒྱབ་རྟེན་ལེགས་པོ་ཞིག་བཙལ་དགོས་པ་མ་ཟད་དེ་ཡི་དྲིས་ལན་གནད་སྨིན་ཅིག་བློས་བསླངས་བྱེད་ཐུབ་དགོས།[3] ཁྱེད་ཀྱིས་ཇི་འདྲའི་དཔྱད་རྩོམ་ལེགས་པོ་ཞིག་བྲིས་ཀྱང་དེ་ནི་ཁྱེད་ཀྱིས་འབྲི་ནུས་པ་མཚོན་པ་ལས་རིན་ཐང་གཞན་མེད་པར་སྨྲ་ལ། རྒྱུ་མཚན་ཅིག་སྨྲ་དགོས་ཚེ། དེ་ནི་ང་ཚོས་རྩོམ་ལེགས་པོ་ཞིག་འཁྱོངས་པ་དེས་ང་ཚོའི་ལས་དོན་མཉམ་སྤྱོད་བྱེད་པ་མཚོན་པར་མ་ཟད། དེ་ཡིས་མུ་ནས་ལས་དོན་ཇེ་ལེགས་སུ་འགྲོ་བར་ཕན་སྲིད་དོ། །[4]
རྩོམ་དུ་འབྲི་བ་ནི་བརྗེད་ཐོའི་ཆེད་དུ་ཡིན་ཏེ། ཆ་འཕྲིན་མང་པོ་ཞིག་དྲན་པའི་ཡུལ་ངོས་ནས་བརྗེད་ངེས་སུ་ཕྱིན་སླ་བས། ཉམས་མྱོང་གིས་ཕྱུག་པའི་ཞིབ་འཇུག་པ་མང་པོ་ཞིག་གིས་བལྟས་ཟིན་པའི་ཤེས་བྱ་དག་ཐོག་མར་ཐོ་རུ་འདེབས་པའི་གོམས་གཤིས་ཡོད། དེ་བས་ཟིས་བྲིས་མ་ཚེ་བརྗེད་སླ་བར་མ་ཟད་ཐ་ན་དྲན་པ་འཆོལ་ཏེ་གོ་ལོག་བརྡ་ལོག་ཏུ་འགྲོ་བའི་ཉེན་ཁའང་ཡོད་དོ། །
ད་དུང་རྩོམ་དུ་འབྲི་བ་ནི་བལྟས་ཟིན་པའི་རྒྱུ་ཆའི་ནང་དུ་དེ་ལས་ལྷག་པའི་དོན་སྙིང་ལྡན་པའི་ཆ་འཕྲིན་རྙེད་ཐུབ་པའི་ཆེད་དུ་ཡིན་ཏེ། ཟིན་བྲིས་འབེབས་སྐབས་ཐབས་ལམ་གསར་ཞིག་གི་ངོས་ནས་ཆ་འཕྲིན་དག་ལེགས་སྒྲིག་བྱེད་ནུས་པསོ། །[5]སེམས་སུ་འཆར་བ་གང་ཞིག་ལག་ཏུ་བྲིས་ཚེ་རང་ཉིད་ཀྱི་བསམ་བློའི་འཆར་སྒོ་མང་པོ་ཞིག་སྒོར་བཏོན་ཐུབ་ལ། ང་ཚོའི་སྣང་ངོར་རང་ཉིད་ཀྱི་བསམ་བློའི་གཏིང་རིམ་དུ་རྣོ་དབལ་ལྡན་པའི་གཏན་ཚིགས་ཤིག་ཡོད་པར་འཆང་མོད། དེ་ནི་ཡིག་ཐོག་ཏུ་མ་ཕབ་ཚེ་ཀློག་པ་པོའི་ང་ཚོའི་བསམ་བློའི་གཏིང་ཐག་མི་ཆོད་པས། མ་ལག་དང་སྒྲིག་གཞི་ལྡན་པའི་ངང་ཡིག་ཐོག་ཏུ་ཕབ་ནུས་ཚེ་རང་ཉིད་ཀྱི་དྲན་ཤེས་དང་། གོ་རྟོགས་ལ་ཕན་པར་མ་ཟད། གཞན་གྱིས་ང་ཚོའི་བསམ་བློར་དཔྱད་འཇོག་བྱེད་པར་ཡང་ཕན། དེ་མིན་ཞོར་དུ་རང་ཉིད་ཀྱིས་བྲིས་པ་ཇི་ལྟར་མང་ཚེ་དཔེ་ཀློག་ནུས་པ་ཡང་རང་བཞིན་གྱིས་དེ་ལྟར་ཇེ་ལེགས་སུ་འགྲོའོ། །[6]
དཔྱད་རྩོམ་ཅིའི་ཕྱིར་ཚད་ལྡན་ངང་འབྲི་དགོས་པ་རེད་ཅེ་ན། དཔྱད་རྩོམ་གྱིས་རྩོམ་པ་པོ་དང་ཀློག་པ་པོའི་བར་འབྲེལ་ལམ་འཛུགས་ཐུབ་པར་མ་ཟད་ཕན་ཚུན་བར་སྤྱི་བའི་རིན་ཐང་ལྟ་ཚུལ་ཞིག་བྱུང་བར་ཕན་ཞིང་། དེ་མིན་རང་སྣང་གང་ཤར་གྱིས་བྲིས་ཚེ་རང་ཉིས་ཀྱི་བསམ་བློའི་འཆིང་རྒྱ་ལས་གྲོལ་དཀའ་བར་སྨྲ། དཔྱད་རྩོམ་འབྲི་བའི་ཐོག་མའི་ཀུན་སློང་ནི་རང་ཉིད་ཀྱི་ཆེད་དུ་མིན་པར་གཞན་དོན་གྱི་ཆེད་དུ་ཡིན་པའི་ངེས་པ་གཏིང་ནས་རྙེད་ཚེ། རང་ཉིད་ལ་གཟུང་བའི་རེ་བའང་མཐོ་རུ་ཕྱིན་ཏེ་ཀློག་པ་པོ་དང་མཉམ་སྤྱོད་དང་བགྲོ་གླེང་བྱེད་པའི་དགོས་པ་མཐོང་བར་མ་ཟད། རང་ཉིད་ཀྱི་དྲི་བར་ལན་ཇི་ལྟར་འཚོལ་བ་དང་། རང་ཉིད་ཀྱི་དཔྱད་རྩོམ་གྱི་སྒྲུབ་བྱེད་ཀྱི་རྟིང་གནོན་གང་ནས་ཡོང་མིན་སོགས་དཔྱད་རྩོམ་ཚད་ལྡན་ཞིག་གི་སྒྲིག་གཞི་ནི་གློ་བུར་གང་ཤར་ཞིག་མིན་པར། གཞུང་ལུགས་ཀྱི་གཏན་ཚིགས་ཡོད་པའི་ཆེད་ལས་རང་བཞིན་ཅན་ཞིག་ཡིན་ལ། འདི་ལ་གུས་བརྩི་དང་མཉམ་ཞུགས་གནང་ཚེ་གཞན་གྱི་ཞིབ་འཇུག་གྲུབ་འབྲས་དང་རང་ཉིད་ཀྱི་རེ་སྨོན་སོགས་ཀྱང་ཞར་དུ་འགྲུབ་ཐུབ་པས། ཞིབ་འཇུག་བྱེད་ཤེས་ཚེ་མ་འོངས་པར་ལས་གནས་གང་དུ་སོང་ཀྱང་ལས་དོན་ལེགས་པོ་མཐའ་དག་གི་ཚད་གཞི་གཅིག་ལས་འདའ་བ་མེད་དོ། །
རྩོམ་འབྲི་བ་ནི་བསམ་གཞིགས་ཀྱི་གོ་རིམ་ཞིག་སྟེ། དཔྱད་རྩོམ་འབྲི་བ་ནི་མཐར་གཏུགས་ཚེ་ཀློག་པ་པོ་དང་མཉམ་དུ་བསམ་གཞིགས་བྱེད་་པའམ་ཡང་ན་ཀློག་པ་པོའི་ཆེད་དུ་བསམ་གཞིགས་བྱེད་དགོས་པ་དེ་ཡིན་ལ། གཞན་གྱི་ཆེད་དུ་དཔྱད་རྩོམ་འབྲི་དགོས་ཚེ་རང་ཉིད་ཀྱི་སྒེར་སེམས་སྟོར་དགོས་ཏེ། དེ་ལྟར་ནུས་ཚེ་གཞི་ནས་གཞན་དུ་མཉམ་དུ་འཚོལ་ཞིབ་དང་ངེས་རྟོགས་སོགས་བྱུང་ཚེ་རང་ཉིད་གཅིག་པུ་ལས་ལྡབ་འགྱུར་གྱིས་ལེགས། གཞན་གྱི་ཆེད་དུ་བསམ་གཞིགས་གནང་སྐབས་མག་མོག་དང་རགས་བཤད་ཙམ་གྱིས་མི་འཐུས་པས། གཟབ་ནན་དང་ཡུན་རིང་ངང་ཕྱོགས་ཀུན་ལ་བསམ་བློ་གཏོང་དགོས། དེ་བས་རིགས་པ་རྣལ་དུ་སྒྲིམ་ནས་བསམ་གཞིགས་ལྡན་པའི་རང་ཉིད་སྤྲོ་བ་ཡོད་པའི་གནད་དོན་དེར་སྒྲུབ་བྱེད་བརྟན་པོའི་གཞི་འདིང་དགོས། ཞིབ་འཇུག་གི་གྲུབ་འབྲས་ལེགས་ཤོས་ནི་བརྩོན་པའི་རྒྱུན་དང་ངང་རྒྱུད་རིང་བའི་མི་ལ་དབང་ཞིང་།[7] ཁོང་ཚོས་རང་ཉིད་ཀྱི་དྲི་བའི་ཨ་ལན་གསལ་བོ་རྙེད་ཡོད་པསོ། །
དོན་ཚན་གཉིས་པ། ཀློག་པ་པོ་དང་འབྲེལ་ལམ་འཛུགས་དགོས།
རང་ཉིད་ཀྱི་གོ་བབ་འམ་མཐོང་སྣེ་དང་ཀློག་པ་པོའི་གོ་བབ་འམ་མཐོང་སྣེ་ཤེས་དགོས་ལ། ང་ཚོས་དཔེ་དེབ་ཅིག་གམ་ཡང་ན་དཔྱད་རྩོམ་གང་རུང་ཞིག་ཀློག་པའི་སྐབས་སུ་རྩོམ་པ་པོ་དང་ཀློག་པ་པོའི་བར་ཕན་ཚུན་གཏམ་གླེང་བྱེད་བཞིན་ཡོད་པར་མ་ཟད་བརྩམས་ཆོས་བཀླགས་པའི་ཀློག་པ་པོ་གཞན་རྣམས་དང་ཡང་རིག་པའི་བགྲོ་གླེང་གནང་བཞིན་ཡོད་ཅེས་བཤད་ཆོག་ལ། རང་ཉོད་ཀྱིས་ཞིབ་འཇུག་སྙན་ཞུ་ཚར་བའི་སྐབས་སུ་ཁྱེད་ཀྱིས་གོང་གི་བགྲོ་གླེང་དེར་རང་གི་བསམ་ཚུལ་བཏོན་ཡོད་པར་མ་ཟད། ཁྱེད་ཀྱིས་ཀློག་པ་པོ་གཞན་གྱིས་ཀྱང་ཁྱེད་ལ་ལབ་གླེང་བྱེད་པར་རེ་ལ། དེ་ལ་ཡང་བསྐྱར་ཁྱེད་ཀྱིས་ཨ་ལན་འདེབས་བཞིན་ཕན་ཚུན་གྱི་རིག་པའི་བགྲོ་གླེང་གི་རྒྱུན་དེ་སྐྱོང་དགོས།
ཀློག་པ་པོ་དང་གླེང་མོལ་བྱེད་པ་ནི་རྩོམ་པ་པོའི་ལེགས་བྱང་ཞིག་ཏུ་ངེས་དགོས་ཏེ། དཔེ་ཀློག་དང་བསྟུན་བསམ་གཞིགས་གནང་ཞོར་རྩོམ་པ་པོའི་ཀློག་པ་པོའི་དགོས་མཁོ་དང་དམིགས་གཞིར་ཚོད་དཔག་བྱེད་དགོས་པར་མ་ཟད། ཀློག་པ་པོས་རྩོམ་པ་པོར་དོགས་གཅོད་གནང་ཆོག་ལ་རྩོམ་པ་པོས་ཀྱང་ཀློག་པ་པོར་དོགས་གཅོད་གནང་ཆོག
རང་ཉིད་ཀྱི་གོ་བབ་ངོས་ཟིན་དགོས་ཏེ། མ་གཞི་ནས་ཞིབ་འཇུག་དཔྱད་རྩོམ་ནི་སྤྲོ་སྣང་ལྡན་པ་ཞིག་མིན་པས་ཁྱེད་ཀྱིས་ངེས་པར་དུ་ཀློག་པ་པོའི་སྣང་ངོར་ཕན་ཐོགས་པར་སྙམ་པའི་ཐབས་རྩལ་ལྡན་དགོས། ཞིབ་འཇུག་སྐབས་སུ་ངེས་པར་དུ་རང་ཉིད་ཀྱི་གོ་བབ་བརྗེས་ཏེ་ཀློག་པ་པོ་ལས་མང་དུ་ཤེས་དགོས་པར་མ་ཟད་ཁོང་ཚོའི་དང་བ་འདྲེན་ཅི་ཐུབ་བྱེད་པར་བརྩོན་དགོས། དོན་དངོས་ར་སྤྲོད་ལ་རྒྱུན་ལྡན་དུ་རྒྱུ་མཚན་གསུམ་ཙམ་ཡོད་དེ།
2.2.1ངས་སྤྲོ་སྣང་ལྡན་པའི་ཆ་འཕྲིན་ཅིག་རྙེད་བྱུང་།
2.2.2ངས་དངོས་ཡོད་གནད་དོན་ཅིག་ཐག་གཅོད་ཐུབ་སོང་།
2.2.3ངས་དྲིབ་གལ་ཆེན་ཅིག་ལ་ལན་རྙེད་སོང།
ཀློག་པ་པོའི་གོ་བབ་བློས་བསླངས་བྱེད་དགོས་ཏེ། ཁྱེད་དང་ཀློག་པ་པོའི་བར་འབྲེལ་བ་རིགས་གསུམ་ཙམ་ཡོད་སྲིད་དེ། རྩོམ་པ་པོར་ཆ་འཕྲིན་ཅིག་འདོན་སྤྲོད་བྱེད་རྒྱུ་ཡོད་པ་དང་། རྩོམ་པ་པོས་ཀློག་པ་པོར་གནད་དོན་ཐག་གཅོད་ཐུབ་པ། རྩོམ་པ་པོས་ཀློག་པ་པོར་སྔར་ལས་ལེགས་པའི་ངང་དོན་དངོས་དེར་ཤེས་རྟོགས་འབྱུང་དུ་འཇུག་ཐུབ་པ་བཅས་ཀྱི་གདེང་ཚོད་ཡོད་དགོས། ཁྱེད་ཀྱིས་ངེས་པར་དུ་ཀློག་པ་པོའི་དགོས་མཁོ་དང་རེ་འདུན་རྟོགས་པར་བྱས་ཚེ་ཀློག་པ་པོ་ཁྱེད་ཀྱི་འདོད་བློ་བཞིན་འགུགས་པར་བྱེད་ཐུབ་སྟེ།
2.3.1ང་ལ་དགའ་སྤྲོ་སྟེར་ཐུབ་པ།
2.3.2ང་ལ་དངོས་ཡོད་གནད་དོན་ཅིག་ཐག་གཅོད་བྱེད་ནུས་པ།
2.3.3ང་ལ་སྔར་ལས་ལྷག་པ་ཞིག་རྟོགས་སུ་འཇུག་པ་བཅས་ཡིན་པས། ཞིབ་འཇུག་གི་གོ་རིམ་ཁྱེད་ལ་ཤེས་ཡོན་པའི་གན་རྒྱའི་དགོངས་པ་ཡོད་དགོས་ཏེ། ཤེས་ཡོན་པ་ནི་ཤེས་བྱ་གང་མང་ཤེས་རྟོགས་དང་ཡང་ན་སྔར་ལས་ལྷག་པའི་ཤེས་རྟོགས་འབྱུང་བར་སྤྲོ་སྣང་ཆེ་བ་དེའོ། །
ཀློག་པ་པོར་ཆ་རྒྱུས་ངེས་ཅན་ཡོད་དགོས་ཏེ། དཔེར་ན་སུ་ཞིག་གི་ངའི་ཞིབ་འཇུག་སྙན་ཞུ་ལ་ཉན་ངེས་ཤིང་། ཁོང་ཚོས་རེ་བར་ངས་ཅི་ཞིག་བཤད་དགོས་པ་དང་ངས་ཇི་ལྟར་བཤད་མིན། དེ་མིན་ཁོང་ཚོ་བརྗོད་གཞི་འདིར་རྒྱུས་མངའ་ག་ཙམ་ཡོད་མེད། ཀློག་པ་པོས་ངའི་ཞིབ་འཇུག་མཐའ་སྡོམ་དང་ལྟ་བ་གཙོ་བོར་བསམ་ཚུལ་ག་འདྲ་ཅཆང་མིན་སོགས་ལ་མནོ་བསམ་བཞེས་དགོས།
ཁག་གཉིས་པ། དྲི་བ་བཏོན་ཏེ་དྲིས་ལན་འཚོལ་བ།
ཞིབ་འཇུག་འཆར་གཞི་བཟོ་བར་ཐོག་མར་དོགས་གནད་ཅིག་བཙལ་དགོས་ལ། དོགས་གནད་དེས་ཁྱེད་ཀྱི་ཞིབ་འཇུག་གི་གནད་དོན་དེ་ཐག་གཅོད་རིན་ཡོད་པ་ཞིག་ཏུ་ལམ་སྟོན་བྱེད་ཐུབ་དགོས། དེ་ནི་བརྗོད་གཞི་བྱེ་བྲག་ཅིག་དང་། རང་ཉིད་ལ་སྤྲོ་སྣང་ཡོད་པའི་དོགས་གཞི་ཞིག་རྙེད་པའི་བར་དུ་བརྗོད་གཞི་དེར་དྲི་བ་མང་དུ་འདོན་དགོས་ལ། སྒྲུབ་བྱེད་གང་འདྲ་ཡོད་ཚེ་ཀློག་པ་པོས་ཁྱེད་ཀྱི་དོགས་གནད་དེའི་དྲིས་ལན་ཐོབ་ཡོད་པར་རྒྱབ་སྐྱོར་བྱེད་སྲིད་པ་སོགས་ལ་བསམ་གཞིགས་བྱེད་པ་ལས། གལ་སྲིད་སྒྲུབ་བྱེད་ཡང་དག་ཅིག་མ་རྙེད་ཚེ་ཞིབ་འཇུག་བྱེད་པའི་དོན་སྙིང་དབེན་པར་བཤད། དེ་བས་རང་ཉིད་ཀྱི་དོགས་གནད་སེར་དྲིས་ལན་གསལ་བོ་འཐོབ་པར་རྒྱུ་ཆ་འདང་ངེས་ཞིག་འཛོམས་ཚེ་གཞི་ནས་ཞིབ་འཇུག་འཆར་གཞི་དང་རྩོམ་གྱི་མ་ཟིན་སོགས་ཀྱི་འགོ་རྩོམ་དགོས། དེ་བས་སྒྲུབ་བྱེད་དུ་རྒྱུ་ཆའི་གྲངས་འབོར་འདང་ངེས་ཞིག་ཡོད་པ་གལ་འགངས་ཧ་ཅང་ཆེ། ཞིབ་འཇུག་གི་གོ་རིམ་དུ་རྩོམ་འབྲི་ཚད་ཧ་ཅང་མང་མོད། དེ་ལས་མང་ཆེ་ཤོས་ནི་ཟིན་བྲིས་བྱེད་རྒྱུ་ཡིན་ལ། ཟིན་བྲིས་སྐབས་སུ་བསམ་གཞིགས་ལྡན་པའི་ངང་བྲིས་ཚེ་རང་ཉིད་ཀྱི་གོ་རྟོགས་ལ་ལེགས་པར་སྨན། ལྷག་པར་གློ་བུར་སེམས་བྱུང་དག་དེ་མ་ཐག་ཟིན་བྲིས་སུ་གདབ་རྒྱུ་གལ་ཆེ། དེ་ཡང་ཞིབ་འཇུག་པ་མང་པོ་ཞིག་གིས་ཞིབ་འཇུག་ལ་ཉིན་ཐོ་ཧ་ཅང་ཕན་པར་བཤད་ལ། སོ་སོའི་སྐབས་ཐོག་དེའི་ཚོར་བ་དང་། བསམ་ཚུལ། དྲི་བ་སོགས་ཉིན་ཐོར་ཕབ་ཚེ་ངང་ངམ་ཤུགས་ཀྱིས་རང་ཉིད་ཀྱི་དོགས་སློང་བསམ་གཞིགས་འཕལེ་བཞིན་ཡོད་པར་མ་ཟད། སྔར་ལས་ལྷག་པའི་ངང་རྒྱུ་ཆར་གོ་བ་ཟབ་མོ་ལོན་པར་ཡང་ཕན་ཞིང་མཐའ་མར་དཔྱད་རཐཙོམ་ལེགས་པོ་འཁྱོངས་པའི་གྲོགས་དན་ཀྱང་ཡིན་པར་བཤད།[8] ཞིབ་འཇུག་གི་ལས་རིམ་ནི་གྲོགས་མེད་ཁེར་རྐྱང་ངང་ལེགས་པོ་ཞིག་འཁྱོངས་པར་དཀའ་བས་ཚོགས་སྡེ་དང་རིས་མཐུན་གྲོགས་པོ་མང་པོར་ཟབ་ཞུགས་བྱས་ཚེ་བློ་བསྐྱེད་དང་གནད་དོན། དྲི་བ་སོགས་མང་དུ་འཕེལ་བར་བཤད་དོ། །
དོན་ཚན་གསུམ་པ། བརྗོད་གཞི་ནས་དོགས་གནད།
བརྗོད་གཞིར་བརྗོད་སྙིང་དང་བྲལ་ཚེ་ཆ་འཕྲིན་ཇི་འདྲ་མང་ཀྱང་སྙིང་པོ་མེད། དེ་ཡང་དོགས་གཞི་དང་གནད་དོན་གཉིས་མི་མཚུངས་ཏེ། དོགས་གནད་ཅིག་གནད་དོན་དུ་གཏོང་ཐུབ་ལ། དོགས་གནད་དེར་དྲིས་ལན་ཡག་པོ་མ་རྙེད་ཚེ་དེ་ལ་འཐུས་ཤོར་མང་པོ་ཞིག་ཤོར་འགྲོ། གལ་སྲིད་དོགས་གནད་ཅིག་ལ་དྲིས་ལན་ཞིག་རྙེད་ཀྱང་མཇུག་འབྲས་མངོན་གསལ་ཞིག་མེད་ཚེ་དོགས་གནད་དེ་གནད་དོན་དུ་གཏོང་མི་ནུས། ཁྱེད་ཀྱིས་གནད་དོན་རིགས་ཤིག་ལ་ཞིབ་འཇུག་མ་བྱས་ཡར་སྔོན་དུ་བརྗོད་གཞི་ལས་ཞིབ་འཇུག་གི་གནད་དོན་ཅིག་རྙེད་དགོས།
དགའ་ཕྱོགས་ནས་བརྗོད་གཞི་འཚོལ་དགོས་ཏེ། གནད་དོན་གང་ཞིག་ལ་ཞིབ་འཇུག་བྱས་ཀྱང་རང་ཉིད་ཆེས་སྤྲོ་བ་ཡོད་ཡུལ་དེ་གདམ་དགོས། དོན་བྱ་གཅིག་ལ་བློ་སེམས་རྩེ་གཅིག་གིས་བློ་ཐག་རྦད་ཆོད་བྱུང་ཚེ་ཁྱེད་ཀྱིས་ཅི་ནས་ཀྱང་རྒྱུ་སྤུས་མཐོ་བའི་ལས་དོན་ཞིག་འཁྱོངས་ཐུབ། ཐོག་མར་བརྗོད་གཞི་བཙལ་བའི་སྐབས་སུ་རང་ཉིད་ཀྱི་བསམ་བློའི་བཀག་རྒྱ་ལས་གྲོལ་ཏེ་བརྗོད་གཞི་ཚ་ཤོས་དང་། ཡང་ན་སློབ་གྲོགས་དང་དགེ་རྒན་སོགས་ལ་བཀའ་འདྲི་གནང་ནས་ཁོང་ཚོས་གང་འདྲ་གདམས་མིན་སོགས་ལ་རྒྱུས་ལོན་བྱེད་དགོས་པ་གལ་ཆེ་ལ། བརྗོད་གཞི་ཞིག་རྙེད་སོན་བྱུང་ཚེ་དེ་དང་འབྲེལ་ཡོད་ཀྱི་རིགས་ལམ་དང་ཞིབ་འཇུག་མདུན་ལམ་ཡོད་མེད། སྔ་རབས་དག་གིས་ཇི་ལྟར་ཞིབ་འཇུག་བྱེད་སྟངས་སོགས་ལ་སློབ་སྦྱོང་གནང་ཏེ། རང་ཉིད་ཀྱི་བརྗོད་གཞི་དེ་སྤྱི་བམ་ནས་བྱེ་བྲག་དང་། ཆེན་པོ་ཆུང་ངུ་ཞིག་གི་སྟེང་དུ་ལྟུང་དགོས། བརྗོད་གཞི་ནི་ཡུལ་དུས་གཉིས་ལས་ཡུལ་ལྲ་བུར་ངོས་གཟུང་སྟེ། བརྗོད་གཞི་བྱེ་བྲག་པ་ཞིག་གམ་ཉུང་དུ་གཏོང་སྐབས་ཕན་ཚུན་འགལ་བ་དང་། འགྲེལ་བརྗོད་གོ་རིམ། བྱས་རྗེས། འཕེལ་རྒྱས་སོགས་ལ་ནུས་པ་ཅི་ཞིག་སླེབས་མིན་སོགས་ལ་བསམ་བློ་གཏོང་དགོས། བརྗོད་གཞི་ཆུང་དུ་གཏོང་སྐབས་དོགས་གནད་གཙིགས་སུ་འཛིན་དགོས་ཏེ། རྒྱུ་ཆ་མང་པོ་ལེགས་སྒྲིག་བྱས་ཏེ་དཔྱད་རྩོམ་དུ་འདོད་པ་ནི་ཧ་ཅང་མི་ལེགས་ཏེ། རྩོམ་པ་པོས་རིན་ཐང་ལྡན་པའི་དོགས་གནད་འདོན་མ་ཐུབ་ཚེ་དཔྱད་རྩོམ་ལ་སྙིང་པོ་བྲལ་བས། ཕྱོགས་སྒོ་མོ་ནས་དོགས་གནད་སྣ་ཚོགས་བསླངས་ཏེ་དྲིས་ལན་གང་ལྟར་འདེབས་མིན་ལ་དོགས་གཅོད་བྱེད་དགོས། ངེས་པར་དུ་ཇི་ལྟར་དང་ཅིའི་ཕྱིར་གྱི་དོགས་སློང་དང་ལུས་དང་གྲིབ་མ་བཞིན་མཚམས་ལྷོད་མི་རུང་།
བརྗོད་གཞི་གང་དེའི་ལོ་རྒྱུས་ཀྱི་དྲི་བ་དག་ལ་དོ་སྣང་དགོས་ཏེ། བརྗོད་གཞི་འདིས་ལོ་རྒྱུས་སུ་གནས་བབ་གང་འདྲ་ཟིན་ཡོད་མེད་དང་ཇི་ལྟར་བྱུང་མིན། བརྗོད་གཞི་འདིའི་འཕེལ་རིམ་ལོ་རྒྱུས། དུས་སྐབས་སོ་སོའི་གནས་འགྱུར་སོགས་ལ་ཐུགས་བསམ་ནན་ཏུ་བཞེས་དགོས། བརྗོད་གཞིའི་སྒྲིག་གཞི་དང་བསྟུན་པའི་དྲི་བ་འདོན་པ་སྟེ། དཔེར་ན་བརྗོད་གཞི་ཆེན་པོ་དང་ཇི་ལྟར་འབྲེལ་བ། སྤྱི་ཚོགས་རིག་གནས་ཡུལ་ཁམས་མི་འདྲ་བའི་གནས་སྟངས་ཀྱི་རིན་ཐང་ལྟ་བ། ཕན་ནུས་སོགས་ལ་མནོ་བསམ་གཏང་དགོས། དེ་མིན་བརྗོད་གཞི་དེར་རིགས་ཅི་འདྲ་དབྱེ་བ་དང་། རིགས་ཅི་ཙམ་ཡོད་པ། དེ་མིན་བརྗོད་གཞི་དང་ཇི་ལྟར་བསྡུར་དཔྱོད་བྱེད་པ་སོགས་ལ་དམིགས་པའི་དྲི་བ་འདོན་དགོས། དེ་མིན་ལྡོག་འདྲི་བྱེད་པ་དེའང་རིགས་ལམ་ཡག་ཤོས་ཅིག་ཡིན་པར་བཤད། གཞན་འདི་ལྟར་བྱས་ཚེ་ཇི་ལྟར་འགྱུར་བའི་རྣམ་རྟོག་གི་སྒོ་མོ་ཀུན་ནས་སློང་བཞིན་བརྟག་པ་མཐའ་བཟུང་དུ་མ་སོང་བར་འདི་ཡི་འཕྲོ་ལ་དེ་འབྱུང་བའི་རྒྱུ་རྐྱེན་ཕྲ་མོ་དག་ལ་བསམ་གཞིགས་བྱེད་དགོས།
རང་ཉིད་ཀྱི་ཟུར་བལྟའི་རྒྱུ་ཆར་དོགས་གནད་སློང་སྐབས་ལྟ་བ་མཐུན་ཕྱོགས་ནས་དོགས་གནད་བཙལ་ཆོག་ལ། ལྡོག་ཕྱོགས་ནས་ཀྱང་དོགས་གནད་བཙལ་ཏེ་དགག་སྒྲུབ་གནང་དགོས། དེ་མིན་དོགས་གནད་ལ་དཔྱད་འཇོག་བྱེད་དགོས་ཏེ། ཁྱེད་ཀྱིས་བསླངས་ཟིན་པའི་དོགས་གནད་མཐའ་དག་ཡང་དག་པ་གཏན་ནས་ཡིད་མི་སྲིད་པས་དེ་དག་ལ་སེད་དཀྲོལ་བྱས་ཏེ་གབ་པ་མངོན་ཆུང་གི་དོགས་གནད་དག་ལ་གཟབ་འཇུག་བྱེད་དགོས་པར་བཤད།
དོགས་གནད་གལ་ཆེ་ཤོས་ཤིག་ནི། དེ་འདྲ་ཡིན་ན་ཅི་རེད་ཅེས་པའི་དྲི་བ་དེར་བཟློག་ཐབས་བྲལ་བས། ཐོག་མར་རང་ཉིད་ཀྱི་དེ་ལ་བརྗོད་གཞི་གང་དེར་ཁ་བྱང་ཞིག་བཏགས་ཏེ་དཔེར་ན་ངས་འབྲོག་པའི་རིག་གནས་འཇིག་རྐྱེན་ལ་ཞིབ་འཇུག་བྱེད་འདོད་ཅེས་འབྲི་བ་དང་། དེ་རྗེས་དོགས་གནད་དེ་བསྐོར་ནས་རང་ཉིད་དེ་སྔ་ཆ་རྒྱུས་མེད་པའི་ཚུལ་གྱིས་ངས་སུ་ཞིག་གིས་གང་འདྲ་ཞིག་ལ་ཡུལ་དུས་གང་དུ་ཅིའི་ཕྱིར་ཅི་ལྟ་བུའི་སྒོ་ནས་ཡིན་མིན་ཤེས་འདོད་ཀྱི་བློ་སོགས་ཀྱིས་འབྲོག་པའི་རིག་གནས་འཇིག་རྐྱེན་ནི་ཕྱུགས་ཟོག་སྐྱོང་དུ་མ་འཇུག་པར་རྩྭ་ཐང་ནས་གྲོང་ཁྱིམ་དུ་གནས་སྤོར་བྱེད་པའི་རྐྱེན་སོགས་ཀྱིས་རེད་ཅེས་ལན་འདེབས་པ་དང་། ཕྱིས་སུ་གོང་དུ་བྱུང་བའི་དེ་འདྲ་ཡིན་ན་ཅི་རེད་པར་ལན་ངའི་དམིགས་ཡུལ་ནི་ངའི་ཀློག་པ་པོར་སྐབས་ཐོག་དེའི་ལམ་ལུགས་དེ་སྐྱེ་ཁམས་ཁོར་ཡུག་གི་ཆོས་ཉིད་ང་བསྟུན་མེད་པ་ར་སྤྲོད་བྱེད་ཆེད་དམ་ཡང་ན་མི་དང་རང་བྱུང་ཁམས་ལ་གཏོར་བརླག་བྱས་པ་མཚོན་པའི་ཆེད་དུ་ཡིན་ཞེས་བྲིས་ཏེ། ངའི་དམིགས་འབེན་ནི་ངས་ཅི་ཞིག་འབྲི་བཞིན་ཡོད་པ་དང་བརྗོད་གཞི་གང་འདྲ་ཡིན་པ། ཁྱེད་ཀྱིས་མ་རྟོགས་པའི་ཆ། ངས་གསར་རྙེད་བྱེད་དགོས་པའི་ཕྱོགས། ངས་ཅིའི་ཕྱིར་ཀློག་པ་པོར་ཤེས་སུ་འཇུག་པ། ཀློག་པ་པོར་སྔར་ལས་ལྷག་པའི་གོ་རྟོགས་སད་དུ་འཇུག་པ་སོགས་ཀྱི་ཆེད་དུ་ཡིན་ཞེས་གསལ་འདོན་བྱེད་དགོས་པར་བཤད།
དོན་ཚན་བཞི་པ། དོགས་གཞི་ནས་གནད་དོན།
བརྗོད་གཞི་ནི་གང་ཞིག་ལ་ཞིབ་འཇུག་བྱེད་བཞིན་པ་དེ་དང་། དོགས་གཞི་ནི་ངས་རྒྱུ་མཚན་ཅིའི་ཕྱིར་ཡིན་པ་ཤེས་འདོད་པ། དོན་སྙིང་ནི་ཀློག་པ་པོར་གོ་རྟོགས་འབྱུང་བར་ཕན་ཐོགས་པ་བཅས་ཡིན། ཞིབ་འཇུག་གནད་དོན་ནི་རང་ཉིད་སྒེར་པའི་དོན་དག་གཅིག་པུ་མིན་པར་དེ་ནི་ཀློག་པོ་པོ་དང་འབྲེལ་བའི་ཐག་གཅོད་དགོས་པ་ཞིག་ཡིན་པས། དེ་ལ་དངོས་ཡོད་གནད་དོན་དང་བསམ་བློའི་གནད་དོན་གཉིས་ཡོད་དེ། དངོས་ཡོད་གནད་དོན་ནི་ང་ཚོས་ཇི་ལྟར་བསྒྲུབ་དགོས་པ་དང་། བསམ་བློའི་གནད་དོན་ནི་ང་ཚོས་ཇི་ལྟར་བསམ་བཞིགས་བྱེད་པ་དགོས་པ་དེ་ཡིན། དེ་བས་ཞིབ་འཇུག་གནད་དོན་ཁྱེད་ཀྱིས་མ་ཤེས་པ་དང་མ་རྟོགས་པའི་ཆ་ལ་དངོས་ཡོད་གནད་དོན་ཟེར་ཞིང་། བསམ་བློའི་གནད་དོན་ཐག་གཅོད་བྱེད་པ་ནི་ང་ཚོས་འཇིག་རྟེན་ལ་འགྱུར་ལྡོག་གཏོང་རྒྱུ་དེ་མིན་པར་འཇིག་རྟེན་ལ་ངོས་འཛིན་བྱེད་རྒྱུ་དེ་ཡིན།[9]ཞིབ་འཇུག་གནད་དོན་གྱི་སྒྲིག་གཞི་ནི་གནས་ཚུལ་དེ་དང་དེས་དེད་པའི་མཇུག་འབྲས་མི་ལེགས་པ་དེ་ཡིན་ཞིང་། དེ་ཡི་ཁྱད་པར་ནི་གནད་དོན་ཙམ་དང་ཉེར་སྤྱོད་གནད་དོན་ཡིན།
ཞིབ་འཇུག་གནད་དོན་ལེགས་པོ་ཞིག་འཚོལ་བར་རྒན་རབས་པ་དག་ལ་བཀའ་འདྲི་[10]དང་། རྒྱུ་ཆ་ཀློག་པའི་གོ་རིམ་དུ་གནད་དོན་འཚོལ་བ། དེ་མིན་རང་ཉིད་ཀྱི་སྡོམ་ཚིག་ལ་ཞིབ་བཤེར་བྱེད་པ། གནད་དོན་དང་འབྲེལ་འདྲིས་མཉམ་གཤིབ་བྱེད་པ་སོགས་ཀྱང་གལ་ཆེ་བར་མཐོང་དགོས་སོ། །
དོན་ཚན་ལྔ་པ། གནད་དོན་ནས་དཔྱད་གཞིའི་རྒྱུ་ཆ།
ཞིབ་འཇུག་གནད་དོན་རྙེད་པའམ་རྙེད་གྲབས་བྱེད་བཞིན་ཡོད་ཚེ། དྲིས་ལན་བདེན་བཤེར་གྱི་རྒྱུ་ཆ་བསྡུ་གསོག་བྱེད་དགོས་ཏེ། རྒྱུ་ཆ་གང་ཞིག་ལ་ཡང་བསྐོར་བསྐྱར་བསྐོར་བྱེད་རྒྱུ་ནི་ཞིབ་འཇུག་གི་གནད་དམ་པ་ཞིག་སྟེ། དེ་ལ་བློ་ཡུལ་འདས་པའི་གྲུབ་འབྲས་ཡོང་ཞིང་། ཞིབ་འཇུག་གི་གསར་རྙེད་མང་ཤོས་ཤིག་ནི་རྣམ་རྟོག་སྣ་ཚོགས་དང་མི་དྲན་དགུ་དྲན་ལས་རྙེད་པ་ཤ་སྟག་ཡིན།[11] ཞིབ་འཇུག་འཆར་འགོད་སྐབས་སུ་སྔོན་ལ་རྒྱུ་ཆའི་རིམ་པ་གསུམ་ངེས་དགོས་ཏེ། དང་པོ་ནི་ཐོག་མའི་མ་བཅོས་རྒྱུ་ཆ་དང་། རིམ་པ་གཉིས་པ་རྒྱུ་ཆ་རིམ་པོ་དང་པོའི་གཞི་རྐང་ལས་འཕྲོས་པའི་དཔེ་དེབ་དང་རྩོམ་ཡིག་སྣ་ཚོགས་ལ་གོ་ཞིང་། དེ་ནི་གཙོ་བོ་ཆེད་མཁས་དག་གི་ཁྱབ་ཁོངས་སུ་ཕྱོགས་ཡོད། རྒྱུ་ཆ་རིགས་གསུམ་པ་ནི་མང་ཚོགས་རང་བཞིན་གྱི་རྒྱུན་ཤེས་ལྟ་བུའི་སློབ་དང་། ཤེས་བྱ་ཀུན་འདུས་ལྟ་བའི་རིགས་ལ་གོ་དགོས། གོང་གི་རིམ་པ་འདི་གསུམ་ནི་ཀུན་ལ་ཁྱབ་པ་ཞིག་མིན་པར་གནས་ཚུལ་དང་བསྟུན་གང་མཁི་བེད་སྤྱོད་གཏོང་དགོས་པ་ཞིག་ཡིན་ལ། རྩ་བའི་ཆ་ནས་དེ་དག་གི་ཡིད་ལ་ངེས་པར་འཇགས་ཚེ་ཕན་ཆེ། རིགས་དབྱེ་ནི་ལག་ཆ་ཙམ་ལས་དམིགས་འབེན་མིན་པས། གནད་དོན་གལ་ཆེ་ཤོས་ནི་རྒྱུ་ཆ་རིགས་དབྱེ་དེ་མ་ཡིན་པར་རྒྱུ་ཆ་ཇི་ལྟར་བེད་སྤྱོད་དེ་རང་གི་ཞིབ་འཇུག་གནད་དོན་ལས་བསམ་ཚུལ་གསར་པ་བཏོན་ཏེ་སྤྲོ་བ་ཡོད་པའི་སྒྲུབ་བྱེད་འགོད་རྒྱུ་དེ་ཡིན། འཆར་གཞི་ལྡན་པའི་ངང་དཔེ་མཛོད་ཁང་བེད་སྤྱོད་བྱེད་དགོས་ལ། ཐོག་མར་རྒྱུ་ཆར་ངེས་པར་དུ་དཔྱད་འཇོག་བྱས་ཏེ་ད་གཟོད་བེད་སྤྱོད་གཏོང་དགོས། དེ་མིན་ཆེད་སྤྱོད་རྒྱུ་ཆ་དང་དཔེ་མཛོད་ཁང་དཀར་ཆག་འཚོལ་ཞིབ་བྱེད་དགོས་ཏེ། དཔེ་མཛོད་རྔོག་བཤེར་དང་ཟུར་བལྟའི་ཡིག་ཆའི་དཀར་ཆག་དག་རྗེས་འདེད་གསལ་ཞིབ་གནང་སྟེ་བརྗོད་དོན་འཚོལ་བཤེར་བྱེད་དགོས། དྲ་རྒྱ་བེད་སྤྱོད་གཏོང་སྐབས་རྩོམ་པ་པོའི་ཁེ་དབང་ལ་བརྩི་འཇོག་གནང་དགོས། གཞན་རྒྱུ་ཆའི་འབྲེལ་ཡོད་རང་བཞིན་དང་བློ་ཁེལ་རང་བཞིན་ལ་དཔྱད་འཇོག་བྱེད་རྒྱུ་གལ་ཆེ་སྟེ། དཔེ་སྐྲུན་ཁང་ཚད་ལྡན་ཡིན་མིན་དང་མིང་གྲགས་ཡོད་མེད། ཆེས་མཁས་པས་ཞུ་དག་བྱས་ཡོད་མེད། རྩོམ་པོ་པོར་ཡིད་རྟོན་བྱེད་ཆོག་མིན། རྒྱུ་ཆ་གསརབ་ཡིན་མིན། ཟུར་བལྟའི་དཀར་ཆག་ཡོད་མེད། བརྗོད་ལུགས་ལུགས་དང་མཐུན་མིན། མི་གཞན་གྱིས་བཀླགས་ཡོད་མེད། རྒྱུ་ཆ་གང་དེ་ནམ་རྒྱུན་མི་རྣམས་ཀྱིས་བེད་སྤྱོད་བྱས་ཡོད་མེད་སོགས་ལ་དཔྱད་ཞིབ་གནང་དགོས། ད་དུང་རྒྱུ་ཆ་འཚོལ་སྐབས་རྒྱུན་སྤྱོད་མ་ཡིན་པའི་རིགས་ཀྱི་རྒྱུ་ཆར་ཉམས་འཇོག་གནང་ཚེ་ཕན་པར་བཤད། ལྷག་པར་དུ་རང་ལས་གཞན་པའི་མི་རྣམས་ཀྱི་ཡོན་ཏན་ལེགས་ཆར་གཟུང་སྟེ་རང་གི་ཞིབ་འཇུག་ལས་དོན་གྱི་རྒྱུན་སྐྱོང་དགོས། གསལ་བཤད་ཅིག་ལ་གལ་སྲིད་བཅར་འདྲི་སོགས་ཀྱི་སྐབས་སུ་མི་ཆོས་ཀུན་སྤྱོད་ལ་དོ་སྣང་ཤུགས་ཆེར་བྱེད་དགོས་པ་ལས་དེ་དང་འགལ་མི་རུང་ངོ་། །
དོན་ཚན་དྲུག་པ། རྒྱུ་ཆ་བེད་སྤྱོད།
རང་ཉིད་ཀྱི་ཞིབ་འཇུག་ལ་གཏན་ཚིགས་རང་བཞིན་དང་བློ་གཏད་རང་བཞིན་ཡོད་ཆེད་ལུགས་མཐུན་ཡང་དག་ངང་རྒྱུ་ཆ་བེད་སྤྱོད་དགོས་ཤིང་། དེ་ཡང་དཔྱད་གཞིའི་ཡིག་ཆའི་ཆ་འཕྲིན་ཆ་ཚང་ངང་ཟིན་བྲིས་སུ་ཕབ་ཐུབ་དགོས། [12]གཞན་རྒྱུ་ཆ་བེད་སྤྱོད་གོ་རིམ་དུ་ངེས་པར་དུ་རང་འགུལ་ངང་ཤེས་རྟོགས་བྱེད་རྒྱུ་ཧ་ཅང་གལ་ཆེ་སྟེ། རང་ཉིད་ཀྱིས་རྒྱུ་ཆ་གང་ཞིག་ལ་ཡང་ཞིབ་བསྐྱར་ཞིབ་བྱས་ཏེ་དེ་ལ་རང་གིས་སྤྱི་བཤད་ཅིག་བྲི་བར་ཚོད་ལྟ་བྱེད་དགོས། གལ་སྲིད་ཆ་ཚང་ཞིག་འབྲི་མ་ནུས་ཚེ་ད་དུང་གོ་བ་ཡག་པོ་ལོན་མེད་པའི་རྟགས་ཡིན་པས་དགག་ལན་ཞིག་འབྱུང་མི་སྲིད།
དཔེ་ཀློག་སྐབས་སུ་འདུ་ཤེས་ཡོད་པའི་ངང་གནད་དོན་འཚོལ་དགོས་ཤིང་། དཔེར་ན་གསར་གཏོད་རང་བཞིན་གྱི་ཁས་ལེན་ཡོང་བར་སྒྲུབ་བྱེད་གསར་པ་དང་། ལྟ་ཚུལ་གཞི་མི་ཚུགས་པའི་བདེན་དཔང་། དེ་མིན་རྒྱུ་ཆའི་ལྟ་ཚུལ་རྒྱ་བསྐྱེད་བྱེད་དགོས། དེ་མིན་གསར་གཏོད་རང་བཞིན་ཁས་མི་ལེན་པའི་འགལ་རྐྱེན་དག་སྟེ། སྤྱི་དང་བྱེ་བྲག་གི་འགལ་བ། རྒྱུ་འབྲས་ཀྱི་འགལ་བ། དེ་མིན་མཐོང་སྣེ་མི་འདྲ་བ་སྤྱད་དེ་བསམ་གཞིགས་བྱེད་དགོས། གཞན་སྒྲུབ་བྱེད་ཀྱི་ཆེད་དུ་དཔེ་ཀློག་བྱེད་པ་སྟེ། ལྟ་བ་མི་མཐུན་པར་གདོང་གཏད་ཆེད་དང་དཔེ་ཀློག་བྱེད་དགོས་ཏེ། གཞན་གྱི་ལཏ་ཚུལ་མི་མཐུན་ཤེས་རྟོགས་བྱུང་ཚེ་གཟོད་རང་ཉིད་ཀྱི་ལྟ་ཚུལ་གསལ་བོ་རྟོགས་ཐུབ། གཞན་གྱི་རིགས་ལམ་དབྱེ་ཞིབ་བྱེད་ཆོག དཔེ་ཀློག་སྐབས་སུ་སྒྲུབ་བྱེད་དུ་རུང་བའི་གྲངས་འབོར་རྒྱུ་ཆ་དང་རངཉིད་ཀྱི་ལྟ་བར་རྒྱབ་གནོན་ཐུབ་པའི་ལྟ་ཚུལ་འཚོལ་བཤེར་གང་ནུས་བྱེད་དགོས།
ཟིན་བྲིས་བྱེད་རྒྱུ་ཧ་ཅང་གལ་ཆེན་ཅིག་སྟེ། ལྷག་པར་ཡིག་ཐོག་ཏུ་བྲིས་ཚེ་ཁྱེད་ཀྱི་རྒྱུ་ཆའི་ཁུངས་ལུང་ལ་ཕན་པར་མ་ཟད་བསམ་གཞིགས་ལའང་ཕན། དེ་མིན་རྩིས་འཁོར་མ་ལག་སོགས་སུའང་ཟིན་བྲིས་ཕབ་ཆོག་སྟེ། དཔེར་ན་ཆེད་སྤྱོད་ཡིག་ཚང་དོ་དམ་མ་ལག་དང་། ཟིན་བྲིས་མ་ལག དེ་མིན་ཡིག་གཏགས་མ་ལག་སོགས་སྤྱད་ཆོག ཁྱེད་ཀྱིས་རྩོམ་ཡིག་ཏུ་ལུང་འདྲེན་དང་། དག་བཅོས། སྤྱི་བཤད་སོགས་འབྲི་སྐབས་ངེས་པར་དུ་ཚིག་གི་ཁམས་སམ་སྐད་ཆའི་ཁོར་ཡུག་ལ་ཟབ་དགོས་ཏེ། ཡང་དག་པའི་ངང་ནས་མ་ཡིག་གི་ནང་དོན་མངོན་པར་བྱེད་དགོས། དཔེར་ན་ལྟ་ཚུལ་ཅིག་འགྲེལ་བརྗོད་སྐབས་སུ་མ་ཡིག་ལ་ཐོན་པའི་ནུས་པ་དང་ལྟ་བ་དེའི་ཁྱབ་ཡུལ། དེ་དག་མི་མཐུན་པའི་ཆ་སོགས་ངེས་པར་བྱས་ཏེ་མཚོན་ཐུབ་པར་བྱེད་དགོས།
གཞན་རྒྱུ་ཆར་མཆན་འགོད་དགོས་རྒྱུ་ནི་ཞིབ་འཇུག་གི་གྲོགས་རྐྱེན་ལེགས་ཤོས་ཤིག་སྟེ། དེ་ཡིས་དཔྱད་ཐུང་དང་། དོགས་སློང་སོགས་ཀྱི་ནུས་པ་མང་པོ་ཡོད། གཞན་ཟུར་བལྟའི་དཔྱད་གཞིའི་དཀར་ཆག་ལ་མཆན་བཀོད་དེ་སྤྱི་དོན་ལྟ་བུ་ཞིག་བྲིས་ཚེ་ཕན་པ་ཤིན་ཏུ་ཆེ། དེ་ལྟར་ཞིབ་འཇུག་གི་གོ་རིམ་སེམས་པ་ཉོབ་པའི་དུས་སུ་རང་གི་བཟའ་མི་དང་གྲོགས་པོ། སློབ་གྲོགས། བྱིས་པ་སོགས་ཆེད་ལས་རྒྱབ་ལྗོངས་གང་ཡང་མེད་པ་དག་དང་མཉམ་སྤྱོད་གནང་ཚེ་ལག་ལེན་བྱིས་པའི་ངག་ལས་ཀྱང་ལེན་པ་ནི་ཉམས་མྱོང་རྒན་པོའི་བསླབ་བྱ་དང་དེས་བསམ་གཞིགས་ཀྱི་བར་སྟོང་མང་དུ་འབྱིན་ཐུབ།
ཁག་གསུམ་པ། སྒྲུབ་བྱེད་ཇི་ལྟར་འཇོག་པ།
སྒྲུབ་བྱེད་ཇི་ལྟར་སྒྲུབ་མིན་གྱི་སྒྲིག་གཞི་རྩ་འཛུགས་གནང་དགོས་ཏེ། སྒྲུབ་བྱེད་འཆར་གཞི་ནི་དཔྱད་རྩོ་རྒྱུ་ཆ་འཚོལ་བ་དང་བསྟུན་འཆར་འགོད་བཟོས་ཏེ་གནས་ཚུལ་གཞིགས་ནས་འགྱུར་བ་གཏོང་དགོས། སྒྲུབ་བྱེད་བསྒྲུབ་པའི་སྐབས་ངེས་པར་དུ་ཀློག་པ་པོ་ངོས་ཟིན་དགོས་ཏེ། རང་ཉིད་ཀྱིས་ཀློག་པ་པོའི་ངོས་ནས་དྲི་བ་འདོན་ཞོར་དྲིས་ལན་འདེབས་ཞོར་དུ་སྒྲུབ་བྱེད་ཀྱི་རིགས་པའི་ཁུངས་སྐྱེལ་བྱེད་དགོས།
དོན་ཚན་བདུན་པ། སྒྲུབ་བྱེད་ལེགས་པོ་ནི་ཅི་ཞིག་ཡིན།
སྒྲུབ་བྱེད་ཞིབ་འཇུག་སྐབས་སུ་རང་ཉིས་ཀྱིས་བཏོན་པའི་དྲི་བར་གནས་ལུགས་ཀྱི་རྟེན་སྐྱོར་མཁོ་ཞིང་། གནས་ལུགས་ལ་སྒྲུབ་བྱེད་ལུང་ཁུངས་མཁོ། དེ་མིན་སྒྲུབ་བྱེད་ཁུངས་སྐྱེལ་སྐབས་སུ་ཁས་ལེན་དང་ལྟ་ཚུལ་གཞན་དག་ལ་ཨ་ལན་ལྡོན་དགོས། སྒྲུབ་བྱེད་ཁུངས་སྐྱེལ་གྱི་སྙིང་པོ་ནི་རང་གི་ཞིབ་འཇུག་གནད་དོན་ལ་ལན་གདབ་དགོས་ཤིང་། རང་གིས་ལན་བཏབ་པ་དེ་དག་ནི་རང་གི་ལྟ་བ་ཡིན་མོད། དེ་གཅིག་པས་མི་འཐུས་པར་འབྱུང་སྲིད་པའི་ལྟ་ཚུལ་མི་མཐུན་པ་དག་ལ་ཁས་ལེན་དང་ཨ་ལན་སྤྲད་དགོས། རང་གི་ལྟ་བར་གནས་ལུགས་སམ་རྒྱུ་མཚན་དང་སྒྲུབ་བྱེད་ལུང་ཁུངས་ཀྱི་རྒྱབ་རྟེན་དགོས། དེ་བས་སྒྲུབ་བྱེད་ཀྱི་རྨང་གཞིའི་སྟེང་རྟགས་སམ་རྒྱུ་མཚན་བྱུང་སྟེ་གཞི་ནས་ལྟ་བ་འབྱུང་བ་རེད། དེ་བས་ལྟ་བ་དང་རྒྱུ་མཚན་སྒྲུབ་བྱེད་ཟུང་དུ་སྦྲེལ་ཐུབ་དགོས། དེ་ཡང་སླ་མོ་ནས་རིམ་བཞིན་གཏིང་ཟབ་ཀྱི་སྒྲུབ་བྱེད་ཀྱིས་བསྒྲུབ་སྟེ། སྒྲུབ་བྱེད་བཙན་པོ་བས་ཉིད་ཀྱི་རིགས་པའི་གདེང་དེ་མངོན་པར་བྱེད་པར་ཕན། དེ་བས་ག་དུས་ཀྱང་རང་ཉིད་ཀྱི་སྒྲུབ་ཁུངས་ལུང་དེ་ལྟ་བ་མཐའ་གཅིག་ཏུ་བདེན་པར་མི་སེམས་པར་ག་དུས་ཀྱང་རིགས་ལམ་གསར་པ་དང་ཐབས་ལམ་གསར་པ། མཐོང་སྣེ་གསར་པ་ནས་ཡང་ཞིབ་བསྐྱར་བྱ་རྒྱུ་ནི་ཞིབ་འཇུག་གི་གནད་ཀྱི་དམ་པར་མཐོང།
ཞིབ་འཇུག་གནད་དོན་སྐབས་སུ་ཐོག་མར་རང་ཉིད་ཀྱི་དྲིས་ལན་ཞིག་ཡིད་ལ་འཆང་དགོས་པ་དང་། དྲིས་ལན་དེའི་མཐོང་སྣེ་དེ་ནས་རང་ཉིད་ཀྱི་ལྟ་བ་དེ་ངེས་པར་དུ་རྟོགས་དགོས་པར་མ་ཟད་དེ་ལུགས་མཐུན་ཡིན་དགོས་པར་མ་ཟད་དོན་སྙིང་ངེས་ཅན་ཡོད་དགོས། ཞིབ་འཇུག་གནད་དོན་བཏོན་པ་དེས་རང་གི་ལྟ་བ་དང་ལུང་རིགས་སྒྲུབ་བྱེད་ཀྱི་ངོ་བོ་ཐག་བཅད་ཡོད་པས་ལྲ་བ་ལུགས་མཐུན་ཞིག་འདོན་དགོས། ལྟ་བ་འདོན་སྐབས་འདུ་ཤེས་རང་བཞིན་གྱི་ལྟ་བ་དང་ཡིན་ཆོག་ལ་བེད་སྤྱོད་རང་བཞིན་གྱི་ལྟ་བའང་ཡིན་ཆོག རྗེས་སུ་རང་གི་ལྟ་བར་དཔྱད་འཇོག་གནང་སྟེ། ལྟ་བ་བྱེ་བྲག་ཏུ་བབས་ཡོད་མེད་དང་སྐད་བརྡ་དག་མིན། གཏན་ཚིགས་ལྡན་མིན་སོགས་ལ་བལྟ་དགོས་ཤིང་། ལྷག་ཏུ་ལྟ་བ་གང་དེ་དོན་སྙིང་ལྡན་པ་ཞིག་ཡིན་དགོས། ལྟ་བ་ཚད་དང་རན་པ་ཞིག་ཡིན་ཚེ་ཀུན་གྱིས་དགའ་བསུ་དང་ཡིད་ཆེས་ཐོབ་ངེས་ཏེ། [13]ཚད་ཡོད་རང་བཞིན་ཁས་ལེན་དང་སྐད་ཆ་མག་མོག་གིས་ཡང་དག་རང་བཞིན་ཅུང་གབ་སྦས་ཀྱི་ཚུལ་དུ་སྤྱོད་དགོས།
དོན་ཚན་དགུ་པ། རྒྱུ་མཚན་དང་བདེན་དཔང་།
རང་གི་ལྟ་བའི་གཞི་ཚུགས་མིན་གྱི་རྐྱེན་གཙོ་ཤོས་གཉིས་ནི་བདེན་དཔང་དང་རྒྱུ་མཚན་ཡིན་ཏེ། སྒྲུབ་བྱེད་ཀྱི་གཏན་ཚིགས་སྒྲིག་གཞི་ཞིབ་དག་ཅིག་དང་སྒྲུབ་བྱེད་དང་རྒྱུ་མཚན་གཉིས་དབྱེ་འབྱེད་བྱེད་དགོས། དེ་བས་བདེན་དཔང་ནི་ཀློག་པ་དོགས་པ་མ་ཟོས་པའི་གནས་སྐབས་སུ་བདེན་དཔང་དུ་འགྲོ་བ་ལས་དོགས་པ་བསླངས་ཟིན་དུ་དོན་དག་གཞན་ཞིག་གོ། བདེན་དཔང་དང་བདེན་དཔང་གསལ་སྟོན་ནི་མི་མཚུངས་པར་དེ་ལ་སྒྲུབ་བྱེད་དེ་ཀློག་པ་པོར་ཡིད་ཆེས་སུ་འཇུག་ཐུབ་དགོས། སྒྲུབ་བྱེད་ལ་དཔྱད་འཇོག་བྱེད་སྐབས་སྒྲུབ་བྱེད་ཡང་དག་ཡིན་པར་སྟོན་དགོས་པ་དང་གནད་དུ་ཁེལ་བ་ཚད་དང་ལྡན་པ་ཞིག་དགོས། དེ་མིན་སྒྲུབ་བྱེད་དག་ཕུན་སུམ་ཚོགས་དགོས་པར་མ་ཟད་ཚབ་མཚོན་རང་བཞིན་ཅིག་ཡིན་དགོས་ལ། ལྷག་ཏུ་ཚད་ལྡན་ཞིག་ཡིན་མིན་ལ་བསམ་བློ་གཏང་དགོས།
དོན་ཚན་བཅུ་པ། ངོས་ལེན་དང་ཨ་ལན།
ཀློག་པ་པོའི་དོགས་སློང་བྱེད་སྲིད་པའི་དྲི་བ་དང་བསམ་ཚུལ་ངོས་ལེན་གྱི་རྨང་གཞིའི་སྟེང་དེ་ལ་ཨ་ལན་གདབ་པར་གྲ་སྒྲིག་བྱེད་དགོས་ཏེ། ཀློག་པ་པོ་ནང་བཞིན་རང་ཉིད་ཀྱི་སྒྲུབ་བྱེད་ལ་དོགས་སློང་དང་། སྒྲུབ་བྱེད་ཐབས་ཇུས་མི་འདྲ་བ་མང་པོར་འཆར་ཡན་རྗེས་དཔག་བྱེད་དགོས། དེ་མིན་གདམ་ཀ་ཡོད་པའི་ངང་ངོས་ལེན་བྱས་ཏེ་གང་ཞིག་ངོས་ལེན་རུང་མིན་སོགས་ཏེ། དཔེར་ན་སྒྲུབ་བྱེད་ཀྱི་མ་འདང་བའི་ཆ་ལན་སྤྲོད་མི་ཐུབ་པའི་ཆ་ངོས་ལེན་བྱེད་དགོས་པར་བཤད། ཨ་ལན་སྤྲོད་པ་ནི་སྒྲུབ་བྱེད་ཕལ་བར་འཛིན་དགོས་ལ། ངོས་ལེན་དང་ཨ་ལན་སྤྲོད་སྐབས་ཡི་གེ་བཀོལ་སྤྱོད་གནད་དོན་ཉམས་སྣང་བྱེད་དགོས་པའང་མཁོ་གལ་ཆེ། དེ་མིན་ལྟ་ཚུལ་མི་མཐུན་པ་དང་འཐུས་ཚབ་ཇུས་གཞི་ངོས་ལེན་དང་ཨ་ལན་སྤྲོད་དགོས། ད་དུང་ཤེས་དགོས་པ་ཞིག་ལ་ཚོད་དཔག་བྱེད་ནུས་པའི་བསམ་ཚུལ་མི་འདྲ་བ་གསུམ་སྟེ། ཁྱེད་ཀྱི་ལྟ་བ་ལས་གཞན་པའི་ལྟ་བ་སྣ་ཚོགས་འབྱུང་སྲིད་པ། ལྡོག་ཕྱོགས་དཔེར་མཚོན་ལ་ཇི་ལྟར་བལྟ་བ། ངས་བཀོད་པའི་མཚན་ཉིད་གང་དེ་ཉིད་ཀྱི་འགོད་སྟངས་དང་མི་འདྲ་ཚུལ་བཅསོ། །
དོན་ཚན་བཅུ་གཅིག་པ། སྒྲུབ་བྱེད།
རྒྱུ་མཚན་དང་ལྟ་བ་ཟུང་དུ་སྦྲེལ་ཏེ་སྒྲུབ་བྱེད་ནི་སྤྱིར་བཏང་རང་བཞིན་གྱི་རྩ་བའི་གཞུང་ལུགས་ཤིག་སྟེ། དེ་ལ་དཔེར་ན་རྒྱུན་ལྡན་རིགས་འདེད་ཁྲོད་ཀྱི་སྒྲུབ་བྱེད་དང་རིག་གཞུང་ཞིབ་འཇུག་ཁྲོད་ཀྱི་སྒྲུབ་བྱེད་ལྟ་བུ་ཡོད་ལ། སྒྲུབ་བྱེད་ཀྱི་གཏན་ཚིགས་གཙིགས་སུ་གཟུང་སྟེ། སྒྲུབ་བྱེད་ཞིབ་བཤེར་དང་། སྒྲུབ་བྱེད་ལུགས་དང་མཐུན་མིན། ཁྱབ་ཁོངས་ལས་བརྒལ་ཡོད་མེད། ཁ་གཏད་ཀྱི་སྒྲུབ་བྱེད་ལས་ཁུངས་བཙན་ཞིང་རྐང་ཚུགས་མིན། ད་ལྟའི་ཁྱབ་ཁོངས་དང་འཚམ་མིན། རང་གི་རྟགས་སམ་རྒྱུ་མཚན་དང་ལྟ་བ་མཚོན་ཐུབ་མིན། སྒྲུབ་བྱེད་ཅིག་ག་དུས་འགྲེལ་བརྗོད་དགོས་མིན་ལ་རྒྱུས་ལོན། སྒྲུབ་བྱེད་ཀྱིས་ཇི་ལྟར་རྟགས་དང་རིགས་པའི་ཁུངས་སྐྱེལ་ཞིབ་བཤེར་བྱེད་པ་སོགས་གནད་དུ་གོ་དགོས་ལ། གཞན་གྱི་སྒྲུབ་བྱེད་ལ་འགྲན་སློང་དགོས་ཤིང་། འགྲན་སློང་ནི་ཉམས་མྱོང་དང་ཁུངས་ཐུབ། ཤེས་བྱའི་མ་ལག ཡོངས་ཁྱབ་རིག་གནས། ཐབས་ལམ་སྨྲ་བ། དད་པ་བཅས་ཀྱི་སྒྲུབ་བྱེད་ལས་གཞི་ཚུགས་པ་ཞིག་ཡིན། ད་དུང་ཤེས་དགོས་པ་ཞིག་ལ་རྟགས་སམ་རྒྱུ་མཚན་དང་བདེན་དཔང་། སྒྲུབ་བྱེད་གསུམ་གྱི་འབྲེལ་བའི་སྐབས་སྒྲུབ་བྱེད་ཀྱི་རིགས་འདེད་ ལས་གཞི་མི་ཚུགས་པར་བདེན་དཔང་ཁུངས་ཐུབ་ཀྱི་རིགས་འདེད་ལས་གཞི་འཛུགས་དགོས་པར་བཤད།
ཁག་བཞི་པ། སྒྲུབ་བྱེད་འབྲི་ཚུལ།
དོན་ཚན་བཅུ་གཉིས་པ། རྩོམ་འབྲིའི་འཆར་གཞི་དང་མ་ཟིན།
འཆར་གཞི་འགོད་པ་ནི་དཔྱད་རྩོམ་འགྲུབ་པའི་སྔོན་འགྲོ་གལ་ཆེན་ཡིན་པས་རྩོམ་འབྲིའི་འཆར་གཞི་དང་རགས་ཟིན་ལེགས་པོ་ཞིག་མ་གདན་བཏིང་དགོས། དེ་ཡང་གླེང་གཞི་རགས་བཀོད་ཅིག་བཟོ་དགོས་པར་མ་ཟད་དེ་ཡིས་ཐོག་མཐའ་བར་གསུམ་དུ་དཔྱད་རྩོམ་ལ་རམ་འདེགས་བྱེད་ཐུབ། དཔྱད་རྩོམ་ནང་གི་བརྡ་ཆད་གཙོ་བོ་དག་གི་མཚན་ཉིད་ལེགས་པོ་གསལ་བོ་ཞིག་འཇོག་པ་དང་། དཔྱད་རྩོམ་གྱི་སྤྱི་ཁོག་གཙོ་བོ་འཆར་འགོད་དགོས་པར་མ་ཟད། ཚན་པ་རེ་རེ་དང་དུམ་ཚན་རེ་རེར་ཀྱང་འཆར་གཞི་ལེགས་པོ་བཟོ་དགོས། དེ་མིན་གོང་གི་གླེང་གཞིའི་རགས་བཀོད་དང་འདྲ་བར་སྡོམ་ཚིག་ཀྱང་རགས་བཀོད་བྱེད་དགོས་ཏེ། རང་གི་བསྒྲུབ་བྱར་གསལ་བཤད་ཡང་དག་བྱས་རྗེས་དོན་སྙིང་དེ་བྲི་དགོས། ད་དུང་འཆར་གཞི་བཟོ་བའི་སྐབས་སུ་འཛེམ་དགོས་པའི་རྒྱུན་མཐོང་གི་ནོར་འཁྲུལ་གསུམ་ཡོད་དེ། གཅིག་ནི་དཔྱད་རྩོམ་རྩིས་ཐོ་ལྟ་བུ་ཞིག་ཏུ་འགྱུར་མི་རུང་། གཉིས་སུ་དཔྱད་རྩོམ་དཔྱད་གཞིའི་རྒྱུ་ཆའི་ཡིག་སྤུངས་ལྟ་བུ་ཞིག་ཏུ་ཆགས་མི་རུང་། གསུམ་དུ་དཔྱད་རྩོམ་སྟབས་བདེའི་ངང་འགན་འཁྲིའི་དཔེ་དེབ་ནང་དོན་བསྐྱར་ཟློས་བྱེད་མི་རུང་བ་བཅས་ཡིན།
འཆར་གཞི་ནང་ལྟར་རགས་ཟིན་འབྲི་དགོས་པ་མ་ཟད་རང་ཉིད་ཀྱི་གོམས་ལུགས་ལྟར་བྲིས་ཚེ་ལྷག་ཏུ་ཕན། དེ་མིན་རྩོམ་འབྲིའི་བར་ཆད་སེལ་བར་ཐབས་ལམ་ཁ་ཤས་ཡོད་དེ། དཔེར་ན་འགན་འཁྲི་ཆེན་པོ་དག་སིལ་བར་བགོས་ཏེ་བྱེ་བྲག་ཏུ་བབས་ནས་བསྒྲུབ་པ་དང་། དམིགས་འབེན་མེད་པའམ་དམིགས་འབེན་ཆེ་སོང་ཚེ་དངོས་ཡོད་དང་ཉེ་བར་བཅར་ཐུབ་ཚེ་ལྷག་ཏུ་ཕན། ལན་རེར་སེམས་ལ་གང་ཤར་བཞིན་བྲིས་ཚེ་མི་དགོས་པའི་དཀའ་ཉོག་སེལ་བར་ཕན་པར་བཤད།
དོན་ཚན་བཅུ་གསུམ་པ། རང་གི་སྒྲུབ་བྱེད་ལེགས་སྒྲིག་བྱེད་པ།
དེ་ཡང་ཀློག་པ་པོ་ནང་བཞིན་བསམ་བློ་གཏང་རྒྱུ་ཧ་ཅང་གལ་ཆེ་སྟེ། ཀློག་པ་པོས་སྤྱི་ཁོག་ཅིག་བལྟས་ཏེ་གཟོད་བྱེ་བྲག་ཏུ་བལྟ་ངེས་པས་དཔྱད་རྩོམ་གྱི་སྤྱི་ཁོག་དག་བཅོས་བྱེད་དགོས་ཏེ། ཉིད་ཀྱིས་ངེས་པར་དུ་གླེང་གཞིའི་མཇུག་སྡོམ་དང་མཇུག་སྡོམ་གྱི་འགོ་མ། དེ་མིན་རང་གི་བསྒྲུབ་བྱ་གཙོ་བོ་ཁ་གསལ་སྟབས་བདེ་ཞིག་གསལ་བཤད་བྱེད་དགོས། དེ་ཡང་སྒྲུབ་བྱེད་དག་བཅོས་སྐབས་སུ་སྒྲུབ་བྱེད་ཀྱི་གནད་དེ་རྙེད་དགོས་ཏེ། ལྟ་བ་གཙོ་བོའི་རྟེན་སྐྱོར་ལྟ་བུའི་རྟགས་དང་རྒྱུ་མཚན་དེ་དག་ལ་ཆེད་དུ་སེད་དཀྲོལ་བྱེད་མིན། རྒྱུ་མཚན་དང་བདེན་དཔང་ལུགས་དང་མཐུན་མིན། སྒྲུབ་བྱེད་ཀྱི་རྒྱུ་སྤུས་ལ་དཔྱད་འཇོག་བྱས་ཏེ་བློ་གཏད་ཡོད་མེད། ཁྱབ་ཆེ་མིན། ཚང་དགོ་པ་དག་མངོན་ཐུབ་ཡོད་མེད་སོགས་ལ་དོ་སྣང་བྱེད་དགོས། གཞན་དཔྱད་རྩོམ་གྱི་སྒྲོམ་གཞི་ཡང་བཅོས་དགོས་ཏེ། བརྡ་ཆད་གཙོ་བོ་དག་སྔ་ཕྱི་མཐུན་མིན། ཚན་པ་སོ་སོའི་རྩོམ་འགོ་གསལ་མིན། ས་བཅད་སྔ་ཕྱི་འབྲེལ་ཆགས་ཡོད་མེད། ལེའུ་དང་ས་བཅད་དེ་དག་དཔྱད་རྩོམ་སྤྱིའི་ཁོག་འབེབས་དང་འབྲེལ་ཆགས་ཡོད་མེད། ས་བཅད་སོ་སོའི་སྒྲུབ་བྱེད་གླེང་གཞི་དང་མཇུག་སྡོམ་དུ་ཞིབ་གསལ་ཐོན་ཡོད་མེད། ས་བཅད་རེ་རེའི་སྔ་ཕྱི་ཀུན་ཏུ་བརྡ་ཆད་ཁ་ཤས་ཕན་ཚུན་རྒྱུན་ཆགས་ཡོད་མེད་སོགས་ལ་དག་བཅོས་བྱེད་དགོས། གཞན་དུམ་ཚན་སོ་སོར་ཞིབ་བཤེར་བྱེད་དགོས་ཏེ། རང་ཉིད་ཀྱི་རགས་ཟིན་དེ་དུས་ཡུན་ཁ་ཤས་རིང་རང་གནས་སུ་བཞག་སྟེ་གཞི་ནས་དག་བཅོས་བྱས་ཚེ་ཕན་པར་བཤད།
ནང་དོན་གནད་བསྡུས་ཀྱིས་ཀློག་པ་པོར་དཔྱད་རྩོམ་གང་དེའི་ཆ་འཕྲིན་གང་འདྲ་ཞིག་ཐོབ་མིན་གསལ་བཤད་བྱེད་བཞིན་ཡོད་པས། གླེང་གཞི་ལས་ཉུང་དགོས་མོད། གླེང་གཞི་དེ་ལ་དོན་དག་གསུམ་ཙམ་ཡོད་དེ། ཞིབ་འཇུག་གི་གནད་དོན་དང་རིགས་ལམ་གཙོ་བོ། བསྒྲུབ་བྱ་གཙོ་བོ་དང་རྩོམ་གྱི་འགོ་བརྩམ་ཡུལ་བཅས་གསལ་བཤད་བྱེད་དགོས་ཏེ། ཚིག་གི་ཁམས་དང་གནད་དོན། རྒྱ་བསྐྱེད་རང་བཞིན་གྱི་བསྒྲུབ་བྱ་དང་བསྒྲུབ་བྱ་གཙོ་བོའི་རྣམ་པ་བེད་སྤྱོད་དགོས་པར་བཤད། མཇུག་སྡོམ་གྱིས་ཀྱང་སྐད་ཆའམ་ཚིག་གི་ཁམས་དང་དོགས་གནད་ཀྱི་རྣམ་པ་གསལ་བཤད་བྱེད་མོད། ཞིབ་འཇུག་འབྲས་བུ་སྙན་ཞུ་མ་བྱས་པའི་ཡར་སྔོན་དུ་རང་གི་སྒྲུབ་བྱེད་གཞན་དགལ་མཇུག་སྡོམ་བྱས་ཏེ་ཞིབ་འཇུག་གྲུབ་འབྲས་ཀྱི་རྒྱབ་རྟེན་ཏེ་བདེན་དཔང་དང་ཞིབ་འཇུག་ཐབས་ལམ་གསལ་འདོན་བྱེད་པ་རེད། ད་དུང་ཤེས་དགོས་པ་ཞིག་ལ་བརྡ་ཆད་གཙོ་བོ་དེ་དཔྱད་རྩོམ་གང་དེའི་ལྡེ་མིག་ལྟ་བུ་ཡིན་པས་དེ་ཁ་བྱང་དང་ནང་དོན་གནད་བསྡུས་སུ་ཐོན་པར་བསམ་བློ་ཞིབ་ཏུ་གཏང་དགོས།
དོན་ཚན་བཅུ་བཞི་པ། དཔྱད་གཞིའི་ཡིག་ཆ་སྤྱོད་པ།
དཔྱད་གཞིའི་ཡིག་ཆ་ཡག་པོ་བེད་སྤྱོད་རྒྱུ་ནི་ཧ་ཅང་གལ་ཆེ་སྟེ། ལུང་འདྲེན་དང་དག་བཅོས། སྤྱི་བཤད་བཅས་ཚུལ་མཐུན་ཡོང་དགོས་པ་དང་། ཀློག་པ་པོར་བདེན་དཔང་ནི་ཕན་ཚུལ་འབྲེལ་ཡོད་པ་སྟོན་ནུས་དགོས། དེ་མིན་དཔྱད་གཞིའི་རྒྱུ་ཆ་བེད་སྤྱོད་སྐབས་སྤྱི་ཚོགས་ཀྱི་དོན་སྙིང་ལྡན་པ་དག་ལུང་འདྲེན་དགོས་ཏེ། རང་ཉིད་དང་ཀློག་པ་པོར་ཕན་ཐོགས་པ་དག་ལུང་འདྲེན་དགོས། ལུང་དུ་འདྲེན་པ་ནི་ཁྱེད་ཀྱིས་དཔྱད་གཞིའི་རྒྱུ་ཆར་བསྩལ་པའི་གཟི་དཔལ་དེ་ཡིན་པར་བཤད། དེ་ཡང་ལུང་འདྲེན་སྐབས་རྒྱུན་སྤྱོད་ཀྱི་རྣམ་པ་བཞི་ཡོད་པས་དེ་རྒྱུན་ཤེས་ལྟ་བུར་ངེས་པར་ཤེས་དགོས།[14]གཞན་ཉམས་མ་བཞག་པར་བརྐུ་བཤུས་བྱེད་པར་འཛེམ་དགོས་ཏེ། ག་དུས་ཀྱང་ལུང་འདྲེན་དང་དག་བཅོས། སྤྱི་བཤད་སྐབས་སུ་གསལ་བཤད་བྱེད་དགོས་ལ། དེ་མིན་ཁུངས་གསལ་པོ་འབྲི་དགོས། གཞན་དག་བཅོས་སྐབས་སུ་མ་ཡིག་དངའདྲ་མཚུངས་བྱེད་མི་རུང་། རང་གི་བསམ་ཚུལ་མིན་པ་གང་དེ་ལུང་འདྲེན་གསལ་མཆན་འདེབས་དགོས། མ་རྟོག་ལོག་རྟོག་དང་ཉེས་མེད་བཅས་ལ་རྒྱུ་མཚན་གསེད་དཀྲོལ་ལམ་སྲུང་སྐྱོབ་བྱེད་མི་དགོས། དེ་བས་དཔྱད་རྩོམ་དུ་དྲངས་པའི་ལུང་འདྲེན་མཐའ་དག་ལ་ལུང་མཆན་འཇོག་དགོས།
དོན་ཚན་བཅོ་ལྔ་པ། རེའུ་མིག་གིས་བདེན་དཔང་མངོན་པ།
རང་ཉིད་རྒྱུ་ཆའི་གྲངས་འབོར་གྱི་བབ་དང་བསྟུན་ཏེ་རེའུ་མིག་དང་སྐད་ཆའི་ལམ་ནས་གདམ་ང་བྱེད་ཆོག་ལ། དཔེར་ན་ཆེས་འཚམ་ཞིང་འོས་པའི་རེའུ་མིག་གི་རྣམ་པ་ཅཆར་འགོད་བྱས་ན་ལེགས་ཏེ། རེའུ་མིག་གིས་ཀློག་པ་པོར་གོ་རྟོགས་ལོན་པར་རོགས་འདེགས་བྱེད་ཐུབ་པས། གྲངས་འབོར་དེ་དག་མཚོན་པའི་རེའུ་མིག་གི་དག་གསལ་གཙང་གསུམ་ལ་མི་ཆོས་ཀྱི་འགན་ལེན་བྱེད་དགོས།
དོན་ཚན་བཅུ་དྲུག་པ། གླེང་གཞི་དང་མཇུག་སྡོམ།
དཔྱད་རྩོམ་གྱི་མ་ཟིན་རགས་བཀོད་བྲིས་ཚར་རྗེས་གླེང་གཞི་དང་མཇུག་སྡོམ་བྲི་ཆོག་སྟེ། ཐོག་མར་གླེང་གཞིའི་སྒྲིག་གཞི་ལྟ་བུ་ནི་སྐད་ཆའི་ཁམས་གཙང་མ་ཞིག་གི་ལམ་ནས་རྒྱབ་ལྗོངས་ཀྱིས་རྩོམ་འགོ་བསླངས་ཏེ་རང་ཉིད་ཀྱི་གནད་དོན་གསལ་བཤད་བྱེད་དགོས་ཤིང་། ག་དུས་ཤིག་ལ་གནད་དོན་དེ་དང་གནད་དོན་གྱི་མཇུག་འབྲས་དང་ལེགས་ཆ
གསལ་བོར་བརྗོད་མིན་ལ་མནོ་བསམ་བཞེས་དགོས། ཆ་རྐྱེན་དང་མཇུག་འབྲས་ལ་ཞིབ་བཤེར་བྱེད་དགོས། དེ་རྗེས་རང་གི་རང་གི་ཨ་ལན་དེ་གསལ་བཤད་བྱེད་དགོས་ཏེ། ཐབས་ཇུས་ཀྱི་གནད་དེ་ཐག་གཅོད་པ་དང་། ཐག་གཅོད་ཐབས་ཇུས་ཤིག་འདོན་སྤྲོད་བྱེད་པར་ཁས་ལེན་པ། དེ་མིན་གླེང་གཞིའི་གནད་དོན་གསལ་བརྗོད་སྐབས་ཀྱི་མགྱོགས་དལ་མཚམས་མིན་བཅས་ལ་ཉམས་སྣང་བྱེད་དགོས། གླེང་གཞིའི་སྤྱིའི་སྒྲིག་གཞི་ནི་སྐད་ཆའི་ཁམས་དང་གནད་དོན། ཨ་ལན་སྤྲོད་པ་བཅས་ཀྱི་གྲུབ་ཡོད་པས། གླེང་གཞིའི་སྐད་ཆ་སྔ་མ་དག་ལེགས་པོ་ཞིག་འཁྱོངས་པར་བྱེད་དགོས། དཔེར་ན་ཞིབ་འཇུག་གནད་དོན་དང་འབྲེལ་བའི་དོན་རྐྱེན་ཞིག་གིས་འགོ་རྩོམ་པ་དང་། ཡང་ན་ལུང་འདྲེན་རྣོན་པོ་ཞིག་གིས་འགོ་རྩོམ་པ། ད་མིན་སྔར་ཡིག་ཐོག་ཏུ་མ་བྱུང་བའི་དོན་དག་ཅིག་གིས་འགོ་རྩོམ་པར་བྱས་ཚེ་ལེགས་པར་བཤད།
མཇུག་སྡོམ་འབྲི་སྐབས་ཐོག་མར་རང་གི་ལྟ་བ་གཙོ་བོ་དེ་བརྗོད་དགོས་ཤིང་། དེ་ལ་དོན་སྙིང་གསར་པའམ་སྤྱོད་སྒོ་གསར་པའི་སྲོག་སྩོལ་བ་དང་། ད་དུང་དེ་ལ་མ་འོངས་པར་མུ་ནས་ཞིབ་འཇུག་བྱེད་པའི་འབོད་སྐུལ་བྱས་ཏེ། དཔྱད་རྩོམ་ནི་འདི་ལས་ད་དུང་མང་པོ་འཚོལ་འདོད་པའི་སྨོན་འདོན་དེ་ཤེས་སུ་འཇུག་དགོས། དཔྱད་རྩོམ་གྱི་ཁ་བྱང་ནི་དཔྱད་རྩོམ་གྱི་ཆེས་མཇུག་མཐའི་སྐབས་སུ་བྲིས་ཚེ་ཕན་པར་བཤད།
དོན་ཚན་བཅུ་བདུན་པ། རྩོམ་ལུས་དག་བཅོས།
ཀློག་པ་པོས་ཁྱེད་ཀྱི་སྒྲུབ་བྱེད་ལེགས་པོ་རྟོགས་ཚེ་གཞི་ནས་ལྟ་བ་དེ་ཁས་ལེན་བྱེད་པས། དེ་ལ་དག་བཅོས་ནི་མེད་དུ་མི་རུང་བས྄རང་གི་དག་བཅོས་བྱས་པར་དཔྱད་འཇོག་བྱེད་དགོས། དཔྱད་རྩོམ་ཇི་ལྟར་གསལ་པོ་ཞིག་བྲིས་ཀྱང་ཐོག་མར་དེ་ལ་རྩ་དོན་ཆེན་མོ་གཉིས་ཡོད་དེ། བག་ཆགས་དང་བག་ཆགས་འབྱུང་བའི་རྒྱུ་མཚན་གཉིས་ཀྱི་དབྱེ་མཚམས་གསལ་བོ་རྟོགས་དགོས། གཙོ་ཚིག་དང་དེ་དག་གི་གོ་བབ་ལ་ཉམས་སྣང་འཇོག་དགོས་ཏེ། བྱ་ཚིག་དང་མིང་ཚིག བྱ་བ་བཅས་ཀྱི་སོ་སོའི་ཆེད་སྤྱོད་མ་འཁྲུལ་བར་ཡོང་དགོས་པས། དེ་ལ་བརྟག་དཔྱད་དག་བཅོས་བྱེད་དགོས། སུ་ཞིག་དང་ཡང་ན་གང་ཞིག་གོ་ཐོབ་ཏུ་འགྱུར་མིན་ལ་བསམ་དགོས་ཤིང་། དོན་དངོས་ལས་ཐལ་དྲགས་པར་གཡོལ་ཅི་ཐུབ་བྱེད་དགོས་པ་དང་། གང་ནུས་ཀྱིས་གོ་ཐོབ་གསར་བསྐྲུན་ལ་འབད་དགོས། དེ་མིན་ཐོག་མར་རྙིང་པ་དང་དེ་རྗེས་གསར་པ་དེ་བྲིས་ཚེ་ཕན་ཐོགས། རང་འགུལ་དང་རང་འགུལ་མ་ཡིན་པའི་ཁྲོད་དུ་གདམ་གསེས་བྱེད་དགོས། རྙོག་འཛིང་གི་ཆ་དེ་མཐའ་མཇུག་ཏུ་བཞག་སྟེ། ཆེད་ལས་ཐ་སྙད་གསར་པ་དང་ཆ་འཕྲིན་རྙོག་འཛིང་སྣ་ཚོགས་ངོ་སྤྲོད་བྱེད་དགོས། བརྡ་ཆད་གཙོ་བོ་དག་རྩོམ་མཇུག་དང་དང་རྩོམ་སྔར་བཞག་སྟེ་ནང་དོན་གསལ་དག་ཞིབ་ཕྲ་ཡོང་བར་དཔྱད་འཇོག་དག་བཅོད་ཐད་ཞིབ་མོ་རྣམ་འཐག་གིས་འཇུག་དགོས།
ཁག་ལྔ་པ། མཐའ་མའི་བསམ་གཞིགས་འགའ།
ཞིབ་འཇུག་གི་མི་ཆོས།
ང་ཚོས་ཞིབ་འཇུག་གྲུབ་འབྲས་སྙན་ཞུའི་སྐབས་སུ་ཀུན་སྤྱོད་ལ་གོང་བཀུར་ཞུ་བ་ནི་ཐུན་མོང་ཁེ་ཕན་གྱི་ཚོགས་སྡེ་ཞིག་ལ་ཞུགས་པ་དང་མཚུངས་ཤིང་། ཉིད་ཀྱིས་རྒྱུ་ཆའི་ཐོན་ཁུངས་ལ་བརྩི་བཀུར་དང་རང་ཉིད་ཀྱི་ཞིབ་འཇུག་གྲུབ་འབྲས་དང་མཉམ་པའི་རྒྱུ་ཆའི་གྲངས་འབོར་ལ་སྲུང་སྐྱོབ་དང་ངོས་ལེན་བྱེད་པའི་སྐབས་སུ་རང་གི་ཕུན་སུམ་ཚོགས་པའི་སྒྲུབ་བྱེད་བསྒྲུབ་ཏུ་ནུས་པའི་སྡོམ་ཚིག་བཏོན་ཏེ་རང་གི་ཞིབ་འཇུག་གྲུབ་འབྲས་ཀྱི་གཏན་ཁེལ་རང་བཞིན་ནི་ཚད་བཀག་ཅན་ཞིག་ཡིན་པ་ཁས་ལེན་དགོས་པར་མ་ཟད། ཞིབ་འཇུག་པ་ཞིག་དང་རྩོམ་པ་པོ་ཞིག་གིས་བརྩི་དགོས་པའི་ཀུན་སྤྱོད་འོས་འགན་གཞན་མཐའ་དག་སྲུང་བཞིན་པའི་སྐབས་སུ་བསླབ་གནས་ཉི་ཚེ་བ་དང་དངོས་པོའི་རྒྱུ་འབྱོར་ཙམ་ཞིག་ལས་འགོངས་ཏེ་ཏག་ཏག་གཞན་ལ་ཕན་ཞིང་རང་ལ་སྨན་པའི་དོན་ཆེན་འགྲུབ་ཟིན་པར་སེམས་ཆོག
དགེ་བའི་བཤེས་གཉེན་རྣམས་ལ་སྤྲིངས་པའི་འཕྲོས་དོན།
ཞིབ་འཇུག་གང་དེར་ཁྱེད་རང་མོས་མཐུན་མེད་ནའང་བསམ་གཞིགས་ཀྱི་སྒོ་མོ་བསྐྱེད་པར་ཕན་པར་མ་ཟད། ལེགས་པའི་ལམ་སྟོན་དང་ཡངས་པའི་བསམ་གཞིགས་ཀྱི་འཆར་སྒོ་སྣ་ཚོགས་ཀྱིས་ཞིབ་འཇུག་རང་ལས་བརྒལ་བའི་ནུས་པ་ཡོད་པས། ཞིབ་འཇུག་གི་འགན་འཁྲི་ཡག་པོ་དེས་སློབ་མས་ཀློག་པ་པོའི་དགོས་མཁོ་དང་ཆ་འཕྲིན་ཕུན་སུམ་ཚོགས་པ་ཅི་འདྲ་ཞིག་ཡིན་པར་རམ་འདེགས་ནུས་ཤིང་། ཞིབ་འཇུག་སྐབས་ཐོས་བསམ་གྱི་ལས་ལ་འཇུག་དུས་ངོས་ལེན་དང་དཀྱེལ་ཡངས་ཀྱིས་ལོག་ལམ་དུ་ལྟུང་བའི་ཉེན་ཁའང་ཡོད་སྲིད་པས། ང་ཚོས་དགེ་རྒན་རྣམས་ལ་སྤྲིངས་པའི་འཕྲིན་ཡིག་ལས་རྟོགས་དགོས་པ་ནི་ཞིབ་འཇུག་གི་གནད་དོན་གང་ཞིག་ཐག་གཅོད་པར་མ་ནུས་ཀྱང་གནད་དོན་གང་དེ་ཐག་གཅད་དགོས་པའི་འདུ་ཤེས་དེས་ཀྱང་དོགས་སློང་གི་སྙིང་སྟོབས་བླ་ན་མེད་པ་ཞིག་སྦྱིན་ནུས་པས། དཔེ་དེབ་འདི་མགོ་མཇུག་བར་གསུམ་དུ་སློབ་སྦྱོང་བྱས་པའི་ཉམས་མྱོང་དང་བློ་བསྐྱེད་ཞིབ་འཇུག་གི་རིམ་གྲོར་བསྒྱུར་ཏེ་ཐོས་བསམ་གྱི་བློ་གཤོག་ཡངས་པའི་སྨོན་འདུན་དང་བཅས་རེ་ཞིག་རྫོགས་སོ། །
ཞབས་མཆན།
[1] [美]韦恩·C.布斯 格雷戈里·G.卡罗姆 约瑟夫·M.威廉姆斯 约瑟夫·毕祖普 威廉·T.菲茨杰拉德 著,何卫宁 译,《研究是一门艺术》[M].北京:新华出版社,第 4 版,2021 年 8 月。
ཐེངས་འདིའི་ཟུར་བལྟས་དཔེ་དེབ་ནི་ཞིན་ཧྭ་དཔེ་སྐྲུན་ཁང་གིས་དཔར་བའི་རྒྱ་འགྱུར་མའི་དཔར་གཞི་བཞི་པ་དེ་ཡིན་ལ། ཞོར་དུ་དབྱིན་ཡིག་གི་དཔེ་དེབ་ལའང་ཟུར་བལྟས་སློབ་སྦྱོང་བྱས་ཏེ། དེབ་འདིའི་དཔེ་ཀློག་རེག་ཟིན་དང་དེ་ལས་བྱུང་བའི་སེམས་བྱུང་དང་ཟུང་དུ་བསྡེབས་ཏེ་བྲིས་ཡོད།
[2] maybe not today or tomorrow but one day, the research you do and the arguments you make using it can improve if not the whole world, then at least your corner of it.
[3] If you accept it, you’ll have to find a good question, search for sound data, formulate and support a good answer, and then write it all up.
[4] One answer is that we write not just to share our work, but to improve it before we do.
[5] They write from the start of their projects to help them assemble their information in new ways.
[6] And as you will discover, the more you write, the better you read.
[7] Some of the world’s most important research has been done by those who persevered in the face of indifference or even hostility, because they never lost faith in their vision.
[8] record even random thoughts. Many re- searchers find it useful to keep a journal for hunches, new ideas, random thoughts, problems, and so on.
[9] We solve a conceptual problem not by doing something to change the world but by answering a question that helps us understand it better.
[10] eachers want you to use their suggestions to start your thinking, not end it.
[11] To be sure, aimless browsing can be fun, even productive. We indulge in it a lot. Many important discoveries have begun in a chance encounter with an unexpected idea.
[12] 如果是书籍,记录如下信息:* 作者* 书名* 编辑者或翻译者(如果有)* 版本* 卷* 出版地(第一出版地即可)* 出版商* 出版日期* 页号* 图书分类号(如果有)* 国际标准图书编号。如果是电子书,记承方法眼纸西书一样,此外还需记录:* 网址(URL )* 数据库名(如果有)* 访问时间* 电子书的格式。如果是杂志文章,你要记录:* 作者* 标题(包括副标题)* 编辑者(如果有的话)* 卷期* 日期* 文章页数* 图书分类号(如果有)。如果是在线资料,除了前面的要求之外,还要记录:* 网址(URL)* 数据库名(如果有)* 访问时间* 网络管理员(如果标识出了)。如果你在线阅读出版物,你不仅要记录参考书目信息,还要记录在线访问的信息。
[13] Some new researchers think their claims are most credible when they are stated most forcefully. But nothing damages your ethos more than arrogant certainty. As paradoxical as it seems, you make your argument stronger and more credible by modestly acknowl- edging its limits. You gain the trust of your readers when you ac- knowledge and respond to their views, showing that you have not only understood but considered their position
[14] དཔེར་ན། རྩོམ་པ་པོ་དང་ཁ་བྱང་གི་རྣམ་པ་ཅན། རྩོམ་པ་པོ་དང་ཟླ་ཚེས་ཀྱི་རྣམ་པ་ཅན། ཁ་བྱང་གི་རྣམ་པ་ཅན། ཟླ་ཚེས་ཀྱི་རྣམ་པ་བཅས་བཞི་རུ་དབྱེ།
– – – – –