ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་མགོན་པོ་ཀླུ་སྒྲུབ་ཀྱི་ལོ་རྒྱུས་མདོར་བསྡུས་ཙམ་དང་དེ་ཉིད་ཀྱིས་མཛད་པའི་ག་ལས་འཇིགས་མེད་དབུ་མ་རྩ་བ་ཤེས་རབ་ཀྱི་རང་འགྲེལ་ཡིན་མིན་གྱི་སྐོར་ལ་རྒྱ་དཀར་ནག་གཉིས་དང་། བོད་ཀྱི་མཁས་པ་དག་གིས་གསུངས་པའི་ལེགས་བཤད་གཞིར་བཟུང་ནས་རང་བློས་ཅི་ལྕོགས་ཀྱི་སྒོ་ནས་དཔྱད་བརྗོད་རོབ་ཙམ་བཞུགས། ཇི་སྐད་དུ། སྙན་དངགས་མཁན་ལ་ཅི་ཡང་རྒྱན། མཁས་པས་བཤད་ན་ཅི་ཡང་བདེན། །ཞེས་གསུངས་པ་ལྟར་མཁས་གྲུབ་གོང་མས་གསུངས་པའི་ག་ལས་འཇིགས་མེད་ཀྱི་སྐོར་རྨད་དུ་བྱུང་ལེགས་བཤད་མང་ཡང་། ཕལ་མོ་ཆེས་རང་རང་གི་ལུགས་ལ་ལེགས་པའི་ཕྱོགས་སུ་བཀོད་དེ། སྒྲུབ་བྱེད་ཡང་དག གཞན་ལུགས་ལ་དགག་པ་མཛད་ནས་སྒྲུབ་བྱེད་ལྟར་སྣང་བཤད་པ་ལས་ཕྱོགས་གཉིས་ཀྱི་དགོངས་པ་བླངས་ནས་དཔྱད་བརྗོད་ཀྱི་ལམ་དུ་འཇུག་མཁན་ཅུང་ཟད་ཉུང་པས། དཔྱད་རྩོམ་འདིར་རིས་མེད་མཁས་པའི་དབང་པོ་རྣམས་ཀྱིས་ག་ལས་འཇིགས་མེད་སྐོར་ཀྱི་བསམ་གཞིག་དང་རང་ཉིད་ཀྱིས་དཔྱད་འབྲས་སུ་གྲུབ་པའི་བསམ་གཞིག་ཉུང་ངུ་ཙམ་བཞུགས།
བརྡ་ཆད་གཙོ་བོ། མགོན་པོ་ཀླུ་སྒྲུབ། ག་ལས་འཇིགས་མེད། རྩ་ཤེར་རང་འགྲེལ། སྤྱན་རས་གཟིགས་བརྟུལ་ཞུགས། ཤེས་རབ་སྒྲོན་མ།
གླེང་གཞི།
སྤྱིར་རང་ཅག་ཁ་བ་གངས་ཅན་པའི་མཁས་དབང་རྣམས་ཀྱིས་དཔྱད་རྩོམ་འབྲི་སྟངས་སམ་ཞིབ་འཇུག་བྱེད་སྟངས་ནི་མི་རིགས་གཞན་དང་མི་འདྲ་བའི་ཁྱད་ཆོས་ཡོད་མོད། འོན་ཀྱང་དེང་སང་ཕལ་མོ་ཆེས་རང་གི་གཞུང་དེ་ཉིད་ནི་སངས་རྒྱས་རང་གི་བཀའ་དང་། སངས་རྒྱས་ཀྱི་རྗེས་འབྲང་དུ་གྱུར་པའི་འཕགས་ཡུལ་གྱི་མཁས་གྲུབ་ཆེན་པོ་རྣམས་ཀྱིས་གསུངས་པའི་རྒྱ་གཞུང་གི་བསྟན་བཅོས་ཁག གཞན་ཡང་རང་གི་ཡིག་ཆ་ཁག་ལས་བྱུང་བའི་བསམ་ཚུལ་ལས་རང་ཉིད་ཀྱི་བསམ་ཚུལ་ནི་ཤིན་ཏུ་ཉུང་ངོ། །གནས་ཚུལ་འདི་གཟིགས་ནས་དབུ་མ་རབ་འབྱམས་པ་སི་མོན་ཧོལ་ཊོན་(simon Houlto )ལགས་ཀྱིས་བརྩམས་པའི་«ནུབ་ཕྱོགས་པས་རྗེའི་དབུ་མའི་ལྟ་བར་ལྟ་ཚུལ་གླེང་བ་»ལས། ཚན་རིག་པ་མཚན་ཉིད་པ་རྣམས་ཀྱིས་དཔྱད་སྟངས་ནི་རང་གི་ཚོད་ལྟ་ལས་བྱུང་བའི་མཚན་རྟགས་དང་གནས་ཚུལ་གྱི་ཐོག་ལ་དམ་བཅའ་གཅིག་བཞག །དམ་བཅའ་དེ་ལ་ཡང་ཞིབ་འཇུག་བྱས་ནས་ཚོད་ལྟའི་རྙེད་དོན་དེ་རང་གི་དམ་བཅའ་དང་པོ་དང་མཐུན་མི་མཐུན་བལྟས་ནས་མི་མཐུན་ན་ཡང་འགྱུར་བ་ཏེ་དམ་བཅའ་གསར་པ་གཅིག་བཞག །དེ་ལྟར་ན་དམ་བཅའ་ཐམས་ཅད་ནི་གནས་སྐབས་ཀྱི་དམ་བཅའ་འདྲ་བ་ཡིན་ལ་མཐར་ཐུག་གི་དམ་བཅའ་ཁོང་ཚོས་ཁས་ལེན་པ་ནི་ཁག་པོ་འདུག་བསམ་[1]ཞེས་དང་། ནུབ་ཕྱོགས་ཀྱི་མཁས་པས་ནང་ཆོས་ཀྱི་གཞུང་ལ་དཔྱད་པའི་སྐབས་ནང་ཆོས་དར་སའི་ཡུལ་ལུང་གི་ལོ་རྒྱུས་དང་རིག་གཞུང་ལ་སོགས་པ་ལ་འབྲེལ་བ་ཆེན་པོ་མཐོང་ནས་མི་བརྒྱུད་དཔྱད་རིག་(anthropology) དང་དེའི་ནང་ཚན་མི་རིགས་སྤྱི་ཚོགས་དཔྱད་རིག་(socialanthropology)ལ་སོགས་པའི་སློབ་ཚན་རྣམས་གལ་ཆེན་པོར་བརྩི་ཡི་ཡོད་ཅེས་གསུངས། ནུབ་ཕྱོགས་ཀྱི་དཔྱད་སྟངས་ནི་དཔེར་ན། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རྩ་བ་ཤེས་རབ་ལ་སློབ་གཉེར་བྱེད་དུས། ཐོག་མར་མགོན་པོ་ཀླུ་སྒྲུབ་ཀྱི་ལོ་རྒྱུས་དང་། སྐུ་འཁྲུངས་སའི་བྱུང་རིམ་མདོར་བསྡུས་ཙམ་ངེས་པར་དུ་ཤེས་དགོས། ད་དུང་དེས་བརྩམས་པའི་གཞུང་དག་ལའང་ཐོས་བསམ་བྱ་དགོས་ཀྱིན་འདུག
དེས་ན། ཁོ་བོ་ཡང་ནུབ་ཕྱོགས་ཀྱི་ཞིབ་འཇུག་བྱེད་སྟངས་ཀྱི་ལམ་དུ་ཞུགས་ཏེ། འཕགས་ཡུལ་གྱི་དབུ་མ་པའི་ཤིང་རྟའི་སྲོལ་འབྱེད་ཆེན་མོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་མཆོག་གིས་མཛད་པའི་ཟབ་ཅིང་རྒྱ་ཆེ་བའི་བསྟན་བཅོས་དབུ་མ་རྩ་བ་ཤེས་རབ་ལ་རང་འགྲེལ་ཡོད་མེད་དང་། བསྟན་བཅོས་ག་ལས་འཇིགས་མེད་རྩ་ཤེར་གྱི་རང་འགྲེལ་ཡིན་མིན་སྐོར་རོབ་ཙམ་དཔྱད་པ་ལ། ཇི་སྐད་དུ། ༧རྗེ་བཙུན་འཇམ་པའི་དབྱངས་དངོས་༧ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་གིས་མཛད་པའི་«བྱང་ཆུབ་ལམ་རིམ་ཆེན་མོ་»ལས། མཁས་པ་རྣམས་ནི་ཆོས་རྩོམ་པ་པོའི་ཆེ་བ་དང་། ཆོས་ཀྱི་ཆེ་བ་དང་། དེ་ཇི་ལྟར་བཤད་ཅིང་ཉན་པའི་ཚུལ་གསུམ་སྔོན་དུ་གལ་ཆེ་བར་བཞེད་པའི་ཚུལ་གཉིས་བྱུང་བར་གྲགས་པ་ལས་འདིར་ནི་ཕྱི་མ་ལྟར་བཤད་པར་བྱའོ། །[2] ཞེས་གསུངས་པ་ལྟར། གཞུང་གང་ཡིན་རུང་དང་པོ་ཁུངས་བཙུན་པར་བསྟན་པའི་ཕྱིར། རྩོམ་པ་པོ་འཆད་པ་ནི་གནའ་དེང་གཉིས་ཀྱི་སྲོལ་བཟང་པོ་ཞིག་ཡིན།
༡ འཕགས་པ་ཀླུ་སྒྲུབ་ཀྱི་མཛད་རྣམ་མདོར་བསྡུས།
དེང་སང་ནུབ་ཕྱོགས་པའི་བརྗོད་དཔྱད་སྨྲ་བ་(commentary)དང་སློབ་དཔོན་དག་གིས་ཀྱང་དང་པོ་རྩོམ་པ་པོ་ངོ་སྤྲོད་བྱེད་སྲོལ་ཡོད་པ་ལྟར། འདིར་སྐབས་དོན་དང་འབྲེལ་བ་ཡོད་པའི་འཕགས་པ་ཀླུ་སྒྲུབ་ཀྱི་ལོ་རྒྱུས་མདོར་ཙམ་བཀོད་ན། འཕགས་པ་ཀླུ་སྒྲུབ(150-250)ཀྱི་རྣམ་ཐར་མི་འདྲ་བ་ཁ་ཤས་ཡོད། ཕལ་མོ་ཆེས་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་མཆོག་(1713-1793)གིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་[3]གཞིར་བཟུང་ནས་གསུངས་མོད། སྤྱིར་ཁོང་གི་རྣམ་ཐར་གྱི་སྐོར་ལེགས་ལྡན་འབྱེད་ཀྱི་རྟོག་གེ་འབར་བ་ལས། བདེ་བར་གཤེགས་པ་ལ་མངོན་པར་དགའ་བའི་ཀླུ་ལ་སོགས་པ་རྣམས་ཀྱིས་ཡོངས་སུ་བསྡུས་ནས་ཀླུའི་འཇིག་རྟེན་དང་ལྷ་ལ་སོགས་པར་བཞུགས་སུ་གསོལ་བ་ལས་དེའི་སྣོད་དུ་གྱུར་པས་སངས་རྒྱས་ཀྱིས་ལུང་བསྟན་པ་འཕགས་པ་ཀླུ་སྒྲུབ་ཀྱིས་དེ་དག་ནས་བསྡུས་ནས་མིའི་འཇིག་རྟེན་དུ་རབ་ཏུ་རྒྱས་པར་མཛད་པ་ཡིན་ནོ། །[4] ཞེས་རྟོག་གེ་འབར་བ་ལས་ཀླུ་སྒྲུབ་ཀྱི་རྣམ་ཐར་གྱི་སྐོར་ཟུར་གཉིས་གསུམ་ཙམ་བྱུང་འདུག །དེ་བཞིན་དུ་དཔལ་ལྡན་ཟླ་བ་གྲགས་པའི་གཞུང་དང་། རྒྱ་ནག་གི་ཡིག་ཆ་ལས་ཀྱང་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་ཐར་གྱི་སྐོར་གསལ་ཏེ། རྣམ་ཐར་ལེགས་བཤད་ཀུན་བཏུས་ལས། རྒྱ་ནག་གི་ལོ་ཆེན་ཞོན་ཙང་(玄奘གིས་མཛད་པའི་ཆེན་པོ་ཐང་གི་ནུབ་ཕྱོགས་ཡུལ་གྱི་ཟིན་བྲིས་(大塘西游记)ལས་ཀྱང་ཐོར་བུ་ལགས་ཤས་བྱུང་ལ། སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་ཤེས་རབ་སྒྲོན་མེའི་འགྲེལ་བ་ལས་ཀྱང་རྒྱས་ཙམ་བྱུང་[5]པའང་གསུངས་སོ། ། དེ་བཞིན་དུ་བུ་སྟོན་ཐམས་ཅད་མཁྱེན་པ་དང་ལོ་ཆེན་ཇོ་ནང་ཏཱ་ར་ནཱ་ཐ་གཉིས་[6]ཀྱིས་མཛད་པའི་ཀླུ་སྒྲུབ་རྣམ་ཐར་ཡོད་ཀྱང་། ཁུངས་བཙན་པ་ནི་མགོན་པོ་ཀླུ་སྒྲུབ་འདས་ནས་ལོ་དགུ་བཅུ་རྩ་བཞིའམ་ལོ་བརྒྱ་མ་ལོན་པའི་དུས་སུ་ལོ་ཆེན་གཞོན་ནུའི་སྲོག་[7]ཅེས་བྱུང་བས་ཁོང་གིས་མཛད་པའི་བྱང་ཆུབ་སེམས་དཔའི་ཀླུ་སྒྲུབ་ཀྱི་རྣམ་ཐར་ཡིན་ཏེ། «ལྟ་གྲུབ་ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ་»ལས། ཉི་ཧོང་གི་མཁས་པ་སློབ་དཔོན་ཨུ་ཨིས་རྒྱ་གར་གྱི་མཚན་ཉིད་རིག་པའི་ལོ་རྒྱུས་ཞེས་པར་སློབ་དཔོན་ཀླུ་སྒྲུབ་ཕྱི་ལོ་150-250 བར་དུ་འཚོ་བཞེས་གནང་བར་གསུངས་པ་འདི་ལ་རྣམ་པར་དག་པའི་རྒྱབ་རྟེན་གྱི་རྒྱུ་མཚན་མང་པས་མཁས་པ་མང་པོ་ཞིག་གིས་འཐད་ཕྱོགས་སུ་ཞལ་བཞེས་བྱེད་པ་ལྟར་འཐད་པ་ཡིན། དེའི་རྒྱུ་མཚན་ནི་ལོ་ཆེན་གཞོན་ནུའི་སྲོག་(kuma^raji^va)(鸠摩罗什)(344-413)ཕྱི་ལོ་༤༠༡ལོར་རྒྱ་ནག་ཏུ་ཞབས་སོར་འཁོད་དེ། སློབ་དཔོན་མཐིང་མིག་ཅན་གྱི་འགྲེལ་པ་དང་མཉམ་དུ་རྩ་བ་ཤེས་རབ་རྒྱ་ནག་སྐད་དུ་བསྒྱུར་ཡོད། ལོ་ཆེན་གྱིས་སྐུ་གཞོན་ནུ་ཚེ་སཱུ་ར་ཡ་སོ་(Suryasoma)(须利耶)ལ་དབུ་མ་རྩ་བ་ཤེས་རབ་གསན་ཡོད་པས་ན། སློབ་དཔོན་མཐིང་མིག་ཅན་གྱི་འགྲེལ་པ་ཡོད་པའི་དབུ་མ་རྩ་ཤེས་ཕྱི་ལོ་ ༣༥༠ གོང་བརྩམས་ནས་ཡོད། ཕྱོགས་མཚུངས་ལོ་ཆེན་གྱིས་སཱུ་ར་ཡ་སོ་མ་ལ་འཕགས་པ་ལྷའི་བརྒྱ་པ་དང་། སྒོ་བཅུ་གཉིས་པའི་བསྟན་བཅོས་བཅས་གསན་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་སློབ་དཔོན་མཐིང་མིག་ཅན་སཱུ་ར་ཡ་སོ་མའི་གོང་རོལ་གྱི་མི་རབས་ཡིན་པས་ན་སློབ་དཔོན་མཐིང་མིག་ཅན་ཕྱི་ལོ་ ༣༠༠ གོང་རོལ་མི་ཡིན་པ་བསམ་ཞིབ་ནུས་པ་ཡིན་[8]ཞེས་གསུངས་སོ། །
སྔ་རྩོམ་རྣམས་ཁུངས་བཙན་ཞིང་ཕྱིས་སུ་བརྩམས་པ་རྣམས་དེའི་ཁ་སྐོང་ལྟ་བུར་གོ་བ་བླངས་ན་བཟང་བར་གསུངས་པ་བཞིན། འདིར་ལོ་ཆེན་གཞོན་ནུའི་སྲོག་གིས་མཛད་པའི་«བྱང་ཆུབ་སེམས་དཔའ་ཀླུ་སྒྲུབ་ཀྱི་རྣམ་ཐར་»གཞིར་བཟུང་བྱས་ནས་འདིར་ཅུང་ཟད་བརྗོད་པར་སྤྲོ་བ་འཕེལ་ཏེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་[9]ནི། དབུ་མའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་ཡིན། ཁོང་ནི་ཕྱི་ལོ་༡༥༠ ནས་ ༢༥༠ གཉིས་པའི་མཚམས་དེར་རྒྱ་གར་ལྷོ་ཕྱོགས་ཀྱི་བྲམ་ཟེའི་རིགས་སུ་སྐུ་འཁྲུངས་ཤིང་། སློབ་དཔོན་ཀླུ་སྒྲུབ་དེ་ནི་སྐྱེས་སྟོབས་ཀྱིས་ཤེས་རབ་ཤིན་ཏུ་གསལ་བ་ཞིག་ཡིན་ཏེ། དགུང་ལོ་ཉི་ཤུ་ཙམ་ནས་བྲམ་ཟེ་རྣམས་ཀྱི་གཞུང་ལུགས་མང་བོར་སྦྱངས་ཤིང་། རིག་པ་ཕུལ་དུ་བྱུང་བས་མཁས་པའི་མཚན་སྙན་གྲགས་རྒྱས་ཤིང་། སློབ་དཔོན་ལ་ཤེས་རབ་ཕུལ་དུ་བྱུང་བའི་གྲོགས་པོ་གསུམ་ཡོད་ཀྱང་། ཉིན་ཞིག་ཀླུ་སྒྲུབ་གྲོགས་པོ་གསུམ་དང་མཉམ་དུ་རྒྱལ་པོའི་ཕོ་བྲང་དུ་སོང་ནས་བཙུན་མོ་རྣམས་དང་རྩེ་དགར་རོལ་པས་བུ་མོ་ཁ་ཤས་ལ་མངའ་ཆགས་ནས་ལྟོ་བ་རྒྱས་པར་གྱུར་པ་དེ། རྒྱལ་པོས་ཤེས་ཏེ་ཐུགས་ཁྲོས་ནས་གྲོགས་པོ་གསུམ་དེ་ནས་བསད། འོན་ཀྱང་ཀླུ་སྒྲུབ་ནི་སྲོག་ལས་ཐར་ཏོ། །
དེས་ན། ཀླུ་སྒྲུབ་ཀྱིས་བཅོམ་ལྡན་འདས་ཀྱིས་ཆགས་པ་ནི་ཉེས་སྐྱོན་དང་སྡུག་བསྔལ་གྱི་རྩ་བ་ཡིན། ཆགས་པ་ནི་སྤྱོད་པ་འཆལ་བ་དང་སྲོག་གི་ཆད་པ་སོགས་འབབ་པའི་རྒྱུ་ཡིན་གསུངས་པ་ཤིན་ཏུ་བདེན་པར་འདུག་སྙམ་ནས་དཀོན་མཆོག་གསུམ་ལ་དད་པ་སྐྱེས་ཤིང་། རི་མགོར་མཆོད་རྟེན་ཞིག་ཡོད་པ་མཐོང་སྟེ་མཇལ་བར་ཕེབས་ནས་མཆོད་རྟེན་དེའི་དྲུང་དུ་ནང་པའི་དགེ་སློང་ཞིག་དང་མཇལ་ནས་དེ་ལ་ཞུས་ཏེ་རབ་བྱུང་གི་སྡོམ་པ་བླངས། གནས་དེར་ཞག་དགུ་བཅུ་ཙམ་ལ་དེ་ན་བཞུགས་པའི་སྡེ་སྣོད་གསུམ་གྱི་གཞུང་རྫོགས་པར་བཀླགས་ཟིན་ཅིང་། དེ་ལས་གཞན་པའི་མདོ་སྡེ་དག་དོན་དུ་གཉེར་ནས་ཇི་ལྟར་བཙལ་ཀྱང་གང་དུའང་མ་རྙེད་དེ། རིམ་གྱིས་ཁ་བ་ཅན་གྱི་རིར་ཕྱིན་ཏོ། །རི་དེར་མཆོད་རྟེན་ཞིག་གི་ནང་དུ་དགེ་སློང་རྒན་པོ་ཞིག་བཞུགས་པ་དེས་ཐེག་པ་ཆེན་པོའི་མདོ་སྡེ་དག་གནང་ངོ་། །དེ་དག་འབད་དེ་ཉན་ཅིང་ཀློག་པས། དགའ་ཞིང་མགུ་ལ་དེའི་དོན་ཡང་རྟོགས་མོད་ཀྱང་ཡོངས་སུ་རྫོགས་པར་ནི་རྟོགས་པར་མ་གྱུར་ཏོ། །དེ་ནས་ཀླུ་ཆེན་བྱང་ཆུབ་སེམས་དཔས་གཟིགས་ཏེ་ཐུགས་བརྩེ་བ་ཆེན་པོས་དེ་ལས་སྐྱོབ་པའི་སླད་དུ་རྒྱ་མཚོར་གདན་དྲངས་ཏེ། ཕོ་བྲང་ནང་གི་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་མཛོད་ཀྱི་སྒོ་ཕྱེ་ནས། རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་གསུང་རབ་གླེགས་བམ་དག་གཟིགས་སུ་ཕུལ་བས། ཟབ་ཅིང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་གསུང་རབ་དཔག་ཏུ་མེད་པ་དག་མཇལ་ལོ། །
དེ་ནས་ཀླུ་སྒྲུབ་ཀྱིས་དེར་ཉིན་ཞག་དགུ་བཅུ་ཐམ་པ་ཙམ་ལ་བཀླགས་པས་གོ་བ་ལྷག་པར་རྙེད་ཅིང་། ཐུགས་དགོངས་ཟབ་མོའི་དོན་ལ་གཞོལ་བས་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་དོན་རྙེད་པས་གྱུར་ཏོ། ། དེ་ལ་ཀླུས་དེའི་སེམས་ཤེས་ནས་འདི་སྐད་ཅེས། མདོ་སྡེ་ཀུན་ལ་རྫོགས་པར་བལྟས་སམ་དྲིས་པས། ལན་དུ་སྨྲས་པ། ཁྱེད་ཀྱི་གླེགས་བམ་དག་ཏུ་གསུང་རབ་གྲངས་ལས་འདས་པ་མཆིས་ན། བདག་གི་རྫོགས་པར་བལྟ་བ་ནི་མི་ནུས་མོད། འོན་ཏེ་བདག་གིས་བལྟས་ཟིན་པ་ནི་འཛམ་བུ་གླིང་དུ་བཞུགས་པའི་གསུང་རབ་ཐམས་ཅད་བསྡོམས་པའི་ལྡབ་བཅུ་ཙམ་མོ། །ཀླུས་སྨྲས་པ། བདག་གི་ཕོ་བྲང་དུ་གང་བཞུགས་པའི་གསུང་རབ་ཐམས་ཅད་སྡོམ་ན་ནི། མཛོད་འདིར་བཞུགས་པའི་གསུང་རབ་ལས་ཆེས་མང་བས་ཚད་དང་གྲངས་དང་དཔེར་འཇོག་ཏུ་མ་མཆིས་སོ་ཞེའོ། །དེ་ནས་ཀླུ་སྒྲུབ་ཀྱིས་གསུང་རབ་དེ་དག་རྙེད་ནས་ཟབ་མོའི་དོན་ལ་རྩེ་གཅིག་ཏུ་སྙོམས་པར་ཞུགས་པས་མི་སྐྱེས་བའི་ཆོས་ལ་བཟོད་པ་གཉིས་དང་ལྡན་པར་གྱུར་རོ། །དེའི་འོག་ཏུ་ཀླུས་སླར་ཡང་། ཀླུ་སྒྲུབ་འཕགས་ཡུལ་གྱི་ལྷོ་ཕྱོགས་སུ་བསྐྱལ་ཏེ། དེའི་ཚེ་ཀླུས་ཡུན་རིང་དུ་བཞུགས་པར་ཞུས་པས་ང་མཆོད་རྟེན་བྱེ་བ་བཞེངས་པའི་འདམ་འཚོལ་བ་དང་འབུམ་གདན་འདྲེན་དུ་འོངས་ཀྱི་བསྡད་མི་ཁོམ། ཕྱིས་འོང་སྲིད་གསུངས་ཏེ་འདམ་མང་པོ་དང་། འབུམ་དང་ཡི་གེ་ཉུང་ངུ་ཡང་གདན་དྲངས་ཏེ། འབུམ་གྱི་ཞབས་ནས་བག་ཙམ་ཀླུས་མ་བསྐུར་ཞེས་གྲགས་སོ། །
དེ་ནས་འདམ་དེས་མཆོད་རྟེན་ལ་སོགས་བྱེ་བ་བྱས། ཀླུ་རྣམས་ཀྱིས་གྲོགས་བྱས་ཏེ་ཕལ་ཆེར་གྲུབ་ལ་འགལ་ཞིག་ཀླུ་ཡུལ་དུ་མི་འགྲོ་བའི་ཕྱིར་དུ་མ་བྱས་ཏེ་ཀླུ་སྒྲུབ་ཅེས་པའི་མིང་དུ་གྱུར་རོ་ཞེས་ལོ་ཆེན་གཞོན་ནུའི་སྲོག་གིས་མཛད་པའི་རྣམ་ཐར་ལས་བྱུང་མོད། གོང་དུ་ཞུས་པ་དེ་«བུ་སྟོན་ཆོས་འབྱུང་»ལས་བྱུང་བ་བཞིན་བཀོད་པ་ཡིན། སྐུ་མྱ་ངན་ལས་འདས་པའི་ཚུལ་ལོ་ཆེན་གྱིས་མཛད་པའི་རྣམ་ཐར་ལས་གསལ་བོ་མ་མཐོང་ཡང་«བུ་སྟོན་ཆོས་འབྱུང་»ལས། དེ་ལྟར་ལོ་དྲུག་བརྒྱར་བསྟན་པའི་བྱ་བ་མཛད་དོ། །དེའི་ཚེ་རྒྱལ་པོ་མཐར་འགྲོ་ཞོན་ནམ་བདེ་སྤྱོད་བཟང་པོ་ལ་བུ་གཞོན་ནུ་ནུས་ལྡན་ཞེས་བྱ་བ་ཞིག་ལ་མས་གོས་བཟང་སྲུབ་མེད་པ་ཞིག་བྱིན་པས་འདི་ངས་རྒྱལ་སྲིད་འཛིན་དུས་སུ་དགོས་ཟེར་བ་ལ། མས་ཁྱོད་ཀྱིས་རྒྱལ་སྲིད་མཛད་པ་མི་འོང་། ཡབ་དང་སློབ་དཔོན་ཀླུ་སྒྲུབ་ཚེ་སྒྲུབ་དང་བཅུད་ལེན་སྟབས་སུ་བྱས་པས་གྲུབ་སྟེ། སློབ་དཔོན་དང་སྲོག་གཅིག་པ་ཡིན་ཟེར་བ་དང་། དེས་དཔལ་གྱི་རི་ལ་སློབ་དཔོན་ཀླུ་སྒྲུབ་བཞུགས་སར་ཕྱིན་ཏེ་དབུ་བསླངས་པས། ཆོད་གསུངས་ཏེ་རལ་གྲིས་བཅད་པས་མ་ཆོད་པ་ན། སློབ་དཔོན་ན་རེ། ངས་རྩྭ་ཀུ་ཤ་བཅད་པས་སྲོག་ཆགས་ཤི་བའི་རྣམ་སྨིན་ཡོད་པས་ཀུ་ཤས་ཆོས་ཏེ་གསུངས་ནས་བཅད་པས་སྐེའི་རྩ་བ་ནས། ང་ནི་བདེ་བ་ཅན་གྱི་འཇིག་རྟེན་དུ། ཕྱིན་ནས་ལུས་འདི་ལ་ཡང་འཇུག་པར་འགྱུར། ཞེས་ཚིགས་བཅད་བྱུང་ངོ་། །དབུ་དེ་དེས་ཁྱེར་ཏེ་ཕྱིན་ནས་གནོད་སྦྱིན་མོས་འཕྲོགས་ཏེ་དཔག་ཚད་གཅིག་ཏུ་དོར་རོ། །དབུ་དང་སྐུ་ལུས་གཉིས་ཀ་མ་མཉམ་པར་ལོ་རེ་ཞིང་ཇེ་ཉེར་སོང་ནས། མཐར་འབྱོར་ནས་བསྟན་པ་དང་འགྲོ་དོན་མཛད་ཅེས་གྲགས་པར་གསུངས།
གོང་དུ་ཞུས་པའི་རྣམ་ཐར་དེ་ལོ་ཆེན་གཞོན་ནུའི་སྲོག་གིས་མཛད་པའི་«བྱང་ཆུབ་སེམས་དཔའ་ཀླུ་སྒྲུབ་ཀྱི་རྣམ་ཐར་»གཞིར་བཟུང་བྱས་ནས་བཀོད་པ་ཡིན། «བུ་སྟོན་ཆོས་འབྱུང་»རྣམ་ཐར་ཞིག་ཡོད་མོད། འོན་ཏེ་མི་མཐུན་ཕྱོགས་མང་བ་དང་དུས་ཀྱི་ཆ་ནས་ཀྱང་ཡུན་རིང་དུ་སོང་ཟིན་པས་འདི་བཞིན་མི་བཀོད་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །
༢ དབུ་མའི་བསྟན་བཅོས་ཇི་ལྟར་མཛད་ཚུལ།
སློབ་དཔོན་འདིས་མཛད་པའི་དབུ་མའི་བསྟན་བཅོས་ཀྱི་སྐོར་གསུང་ཚུལ་འདྲ་མིན་སྣང་སྟེ། «ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ་ལམ་»མམ་«དེབ་སྔོན་གསར་མ་»ལས། བོད་ཀྱི་མཁས་པའི་བཞེད་སྲོལ་ལ་མདོ་ཕྱོགས་དང་། སྔགས་ཕྱོགས་སློབ་དཔོན་ཀླུ་སྒྲུབ་གཉིས་སློབ་དཔོན་གཅིག་ཡིན་པར་ངོས་འཛིན་བྱས་ཏེ་ཀླུ་སྒྲུབ་དགུང་ལོ་དྲུག་བརྒྱ་འཚོ་ཞིང་བཞེས་ནས་མདོ་སྔགས་གཞུང་ལུགས་མང་པོ་བརྩམས་པར་ཞལ་བཞེས་བྱེད་པ་རེད། དེ་ཡང་«བུ་སྟོན་ཆོས་འབྱུང་» (ཡ 100a2 )ལས་བསྟན་བཅོས་ལ་ནང་རིག་པ་ལ། ལྟ་བ་གཙོ་བོར་སྟོན་པ་ལ་མཐའ་བྲལ་གྱི་དབུ་མ་ལུང་གིས་སྟོན་པ་དབུ་མ་བསྟོད་པའི་སྐོར། རིགས་པས་སྟོན་པའི་རིགས་ཚོགས། སྤྱོད་པ་གཙོ་བོར་སྟོན་པ་ལ་ལུང་གིས་སྟོན་པ་མདོ་ཀུན་ལས་བཏུས། རིགས་པས་སྟོན་པ་ཐེག་ཆེན་བློ་སྦྱོང་། ཉན་ཐོས་རིགས་སད་པར་བྱེད་པ་རྨི་ལམ་ཡིད་བཞིན་ནོར་བུ། རྟེན་ཁྱིམ་པའི་སྤྱོད་པ་གཙོ་བོར་སྟོན་པ་བཤེས་སྤྲིང་། རབ་བྱུང་གི་སྤྱོད་པ་གཙོ་བོར་སྟོན་པ་བྱང་ཆུབ་ཀྱི་ཚོགས། སྔགས་ཀྱི་ཕྱོགས་ལྟ་སྤྱོད་མདོ་བསྡུས་པ་རྒྱུད་ཀུན་ལས་བཏུས། ལྟ་བུ་གཏན་ལ་འབེབས་པ་བྱང་ཆུབ་སེམས་འགྲེལ་(toh.1800 སྡེ་པར། རྒྱུད་འགྲེལ། ངི )བསྐྱེད་རིམ་སྟོན་པ། འདུས་པའི་སྒྲུབ་ཐབས་མདོ་བསྲེས(toh.179 ངི། )དཀྱིལ་ཆོག་ཉི་ཤུ་པ( toh.1798 ངི། ) རྫོགས་རིམ་སྟོན་པ་རིམ་པ་ལྔ་པ(toh.1802. ངི། )ལ་སོགས་པ་མཛད་དོ། །[10] ཞེས་གསལ་ལོ། །
ཡང་དེ་ཉིད་ལས། བོད་ཀྱི་བཞེད་སྲོལ་དུ་དབུ་མའི་ལམ་ལུང་གིས་སྟོན་པ་མདོ་ཀུན་ལས་བཏུས་དང་། རིགས་པས་སྟོན་པ་རིགས་ཚོགས་དྲུག་ཅེས་གསུང་སྲོལ་ཡོད་པའི་ཡ་གྱལ་རིགས་ཚོགས་དྲུག་གི་ངོས་འཛིན་ཡང་མི་མཐུན་པ་མང་། དེ་ཡང་སྐྱ་པའི་བསྟན་འཛིན་ཆེན་པོ་ཉ་དབོན་ཀུན་དགའ་དཔལ་གྱི་མཛད་པའི་ཕར་ཕྱིན་འགྲེལ་ཉ་ཊིཀ་ 3a3….3 ལས་ཀླུ་སྒྲུབ་ཀྱིས་རྒྱས་པའི་ཡུམ་གྱི་སྙིང་པོ་དོན་གཙོ་བོར་སྟོན་པ་དབུ་མ་རིགས་ཚོགས་དྲུག་མཛད་དེ། རྩ་ཤེས། སྟོང་ཉིད་བདུན་ཅུ་པ། རིགས་པ་དྲུག་ཅུ་པ། ཞིབ་མོ་རྣམ་འཐག རྩོད་བཟློག ཐ་སྙད་གྲུབ་པ་སྟེ་དྲུག་ཅེས་གསུངས། བསྟན་བཅོས་ཕྱི་མ་འདིའི་སྐོར་ལ། རྒྱལ་ཚབ་ཀྱི་རིན་ཕྲེང་དང་ཊིཀ་ལས་ཐ་སྙད་གྲུབ་པ་ནི། དབུ་མ་རྒྱན་གྱི་འགྲེལ་པར་ཚིགས་བཅད་ཁ་ཡར་དྲངས་པ་ཙམ་མ་གཏོགས་བོད་དུ་ཚང་མ་མ་འགྱུར་རོ། ། ཞེས་གསུངས། རྗེ་རིན་པོ་ཆེའི་རྩ་ཤེས་ཊིཀ་ཆེན་ལས་ཟབ་མོ་དབུ་མའི་ལམ་ངེས་པའི་དོན་ལུང་གིས་བསྟན་པ་ནི་མདོ་ཀུན་ལས་བཏུས་ལས་ཤེར་ཕྱིན་འབུམ་པ་དང་བྱང་སེམས་ཀྱི་སྡེ་སྣོད་ལ་སོགས་པའི་མདོ་མང་པོ་དྲངས་ནས་བཤད་དོ། །
ལོ་ཆེན་གཞོན་ནུ་སྲོག་གི་སློབ་དཔོན་འདིས་མུ་སྟེགས་ཀྱི་རྒོལ་བ་ཐམས་ཅད་ཚར་བཅད་དེ་སངས་རྒྱས་ཀྱི་བསྟན་པ་ཆེས་ཆེར་དར་བར་བྱས་ཤིང་། ཁྱད་པར་དུ་ཐེག་པ་ཆེན་པོའི་སྡེ་སྣོད་རྣམས་ལས་བརྩམས་པའི་གཏན་ལ་ཕབ་པ། ཤློོཀ་འབུམ་ཡོད་པ་ཞིག་དང་། བསྟན་བཅོས་སངས་རྒྱས་ལམ་གྱི་རྒྱན་ཞེས་པ་ཤློོཀ་ལྔ་སྟོང་ཅན་དང་། སྙིང་རྗེ་ཆེན་པོའི་ཐབས་ཀྱི་བསྟན་བཅོས་ཤློོཀ་ལྔ་སྟོང་ཅན་དང་། དབུ་མ་རྩ་བ་ཤེས་རབ་ཤློོཀ་ལྔ་བརྒྱ་ཅན་སོགས་རྒྱ་ཆེར་བརྩམས་ནས། འཕགས་པའི་ཡུལ་དུ་ཐེག་པ་ཆེན་པོའི་ཆོས་ཀྱི་སྤྱོད་པས་ཆེས་ཆེར་ཁྱབ་པར་བྱས་སོ། །འཇིགས་པ་མེད་པའི་བསྟན་བཅོས་ཞེས་པ་ཤློོཀ་འབུམ་ཡོད་ཞིག་བརྩམས་ཏེ། དབུ་མ་རྩ་བའི་ཚིག་རྣམས་ཀྱང་དེའི་ནང་ནས་ཕྱུང་ངོ་། །ཞེས་གསུངས་སོ། ། ཡང་གསུང་ཚུལ་ཞིག་ལ་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ཚིག་གསལ་དུ་ཀླུ་སྒྲུབ་ཀྱིས་མཛད་པའི་གཞུང་ལུགས་གསལ་ཞིང་རྒྱས་པ་དག་ཡོད་ཀྱང་དེང་སང་མི་རྙེད་པར་གསུངས།[11]
མདོར་ན། ཁོང་གིས་མཛད་པའི་བསྟན་བཅོས་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་པ་ནི། དབུ་མ་རིན་པོ་ཆེའི་ཕྲེང་བ། མདོ་སྡེ་ཀུན་ལས་བཏུས་པ། ས་ལུ་ལྗང་བའི་མདོ་འགྲེལ། རྟེན་འབྲེལ་གྱི་རྩིས། སྤོས་སྦྱོར། གསེར་འགྱུར་གྱི་རྩིས། བསྟོད་ཚོགས། དཔལ་གསང་བ་འདུས་པའི་སྒྲུབ་ཐབས་མདོར་བྱས་པ། སྒྲུབ་ཐབས་མདོ་དང་བསྲེས་པ། བྱང་ཆུབ་སེམས་འགྲེལ། རྫོགས་རིམ་རིམ་ལྔ་པ། དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ། རིགས་པ་དྲུག་ཅུ་བ། ཞིབ་མོ་རྣམ་འཐག སྟོང་ཉིད་བདུན་ཅུ་བ། རྩོད་པ་བཟློག་པའི་ཚིག་ལེའུར་བྱས་པ། བཤེས་པའི་སྤྲིང་ཡིག ཤེས་རབ་བརྒྱ་བ། སེམས་ཅན་མགུ་བར་བྱ་བའི་ཚིགས་སུ་བཅད་པ་བཅུ་གཅིག་པ། སྦོམ་པོའི་ལྟུང་བ་བརྒྱད་པ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་བཤད་སྦྱར། རྨི་ལམ་ཡིད་བཞིན་ནོར་བུའི་གཏམ། སྦྱིན་པའི་གཏམ། སྲིད་པ་ལས་འདས་པའི་གཏམ་སོགས་བོད་སྐད་དུ་བསྒྱུར་ཟིན་པ་ལ་ཆོས་ཚན་བརྒྱ་དང་བཅོ་བརྒྱད་ཡོད་པ་དང་། རྒྱ་ནག་སྐད་དུ་བསྒྱུར་ཟིན་པ་ལ་ཆོས་ཚན་ཉི་ཤུ་ལྷག་ཅིག་ཡོད་པར་གསུངས་སོ། །
མདོར་བསྡུས་ན། བསྟོད་ཚོགས་ལ་ཆོས་ཀྱི་དབྱིངས་སུ་བསྟོད་པ། དཔེ་མེད་པར་བསྟོད་པ།འཇིག་རྟེན་ལས་འདས་པར་བསྟོད་པ། སེམས་ཀྱི་རྡོ་རྗེའི་བསྟོད་པ། དོན་དམ་པར་བསྟོད་པ། སྐུ་གསུམ་ལ་བསྟོད་པ། སེམས་ཅན་མགུ་བར་བྱ་བའི་བསྟོད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་བསྟོད་པ། འདི་ལ་རྣམ་པར་མི་རྟོག་པར་བསྟོད་པ་ཞེས་ཀྱང་རྗོད། བསམ་གྱིས་མི་ཁྱབ་པར་བསྟོད་པ། བསྟོད་པ་ལས་འདས་པར་བསྟོད་པ། བླ་ན་མེད་པའི་བསྟོད་པ། འཇམ་དཔལ་གྱི་དོན་དམ་པའི་བསྟོད་པ། འཇམ་དཔལ་གྱི་སྙིང་རྗེ་ལ་བསྟོད་པ། གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ། (ཡང་)གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ། མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ། ཕྱག་འཚལ་བའི་བསྟོད་པ། དམྱལ་བ་ནས་འདོན་པ་རྣམས་སོ། ། དང་བཅས་ཏེ་བཅོ་བརྒྱད་ཙམ་བོད་འགྱུར་ཡོད། ད་དུང་བོད་དུ་མ་བསྒྱུར་བ་སྲིད།
རིགས་ཚོགས་ལ་མཚོན་ན། རྩ་བ་ཤེས་རབ། རྩོད་བཟློག སྟོང་ཉིད་བདུན་ཅུ་པ། རིགས་པ་དྲུག་ཅུ་པ། ཞིབ་མོ་རྣམ་འཐག རིན་ཆེན་ཕྲེང་བ་བཅས་སོ། །
༣ དཔྱད་གཏམ་དངོས་གཞི།
བསྟན་བཅོས་ག་ལས་འཇིགས་མེད་ནི། སྡེ་དགེ་བསྟན་འགྱུར། དབུ་མ། པོད་ཙ་པ། ཤོག་གྲངས་ཉེར་དགུར་བཞུགས།[12] འདི་ལ་རབ་བྱེད་ཉི་ཤུ་རྩ་བདུན། ཤློཀ་ནི་ཉིས་སྟོང་ཆིག་བརྒྱ། བམ་པོ་ནི་བདུན་ཡོད་ཚུལ་དེ་ཉིད་ཀྱི་མཛད་བྱང་དུ་གསལ།[13] མཁས་དབང་དགེ་བཤེས་ཕ་ར་སངས་རྒྱས་ཚེ་རིང་གིས་བྲིས་པའི་‘‘ག་ལས་འཇིགས་མེད་རང་འགྲེལ་ཡིན་མིན་ལ་དཔྱད་པ་གཏམ་གསར་ཚངས་པའི་ཞལ་ལུང་’’ལས། དེ་ཡང་དུས་རབས་བརྒྱད་པ་བསྟན་པ་སྔ་དར་གྱི་དུས་སུ་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བ་ཡིན། འདི་ལ་བམ་པོ་བདུན། ལེའུ་ཉི་ཤུ་རྩ་བདུན། ཤློཀ་ཉིས་སྟོང་བདུན་བརྒྱ་བཅས་ཡོད་པ་ཡིན་ཏེ། ཞེས་པ་དང་དེའི་འོག་ཏུ། ག་ལས་འཇིགས་མེད་དང་འཇིགས་པ་མེད་པའི་བསྟན་བཅོས་གཉིས་གཅིག་པ་མ་ཡིན་ཏེ། གཞུང་ཚད་མང་ཉུང་ཁྱད་ཤིན་ཏུ་ཆེ་བས་སོ། ། དེ་ཡང་ག་ལས་འཇིགས་མེད་ལ་ཤློཀ་ཉིས་སྟོང་བདུན་བརྒྱ་ཡོད་ལ། འཇིགས་པ་མེད་པའི་བསྟན་བཅོས་ལ་ཤློཀ་འབུམ་ཡོད་པར་གསུངས་སོ། །[14]ཞེས་བཀོད་འདུག་ཀྱང་ཤློཀ་ཉིས་སྟོང་བདུན་བརྒྱ་ཞེས་པ་ནི་ཡིག་སྐྱོན་ནམ་སྙམ། རྒྱུ་མཚན་ནི། ག་ལས་འཇིགས་མེད་ལས། དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་བས་མཛད་པ་ཞེས་བྱ་བ་རྫོགས་སོ།། །། དབང་ཕྱུག་དམ་པའི་མངའ་བདག་རྒྱལ་པོ་ཆེན་པོ་དཔལ་ལྷ་བཙན་པོའི་བཀའ་ལུང་གིས། རྒྱ་གར་གྱི་མཁན་པོ་ཐེག་པ་ཆེན་པོ་དབུ་མ་པ་ཛྙཱ་ན་གརྦྷ་དང༌། བོད་ཀྱི་ནུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུ་ཆེན་བགྱིས་ཏེ་གཏན་ལ་ཕབ་པའོ། །ཐེག་པ་ཆེན་པོའི་ངེས་དོན་དབུ་མའི་བསྟན་བཅོས་ཤེས་རབ་ཅེས་བྱ་བའི་འགྲེལ་པ་མཛད་པ། སློབ་དཔོན་ཀླུ་སྒྲུབ་དང༌། གནས་བརྟན་བུདྡྷ་པཱ་ལི་ཏ་དང༌། ཙནྡྲ་ཀཱི་རྟི་དང༌། དེ་བ་ཤར་མ་དང༌། གུན་ཤྲཱི་དང༌། གུན་མ་ཏི་དང༌། སྦི་ར་མ་ཏི་དང༌། ལེགས་ལྡན་འབྱེད་དང་བརྒྱད་ཅེས་གནའ་མཆན་གཅིག་ལས་འབྱུང༌། འདི་ལ་རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན། ཤློ་ཀ་ནི་ཉིས་སྟོང་ཆིག་བརྒྱ་ཡོད། བམ་པོ་ནི་བདུན་དུ་བྱས་སོ།། །།[15]ཞེས་པ་ལྟར་ན། ཤློཀ་ཉིས་སྟོང་ཆིག་བརྒྱ་ཡོད་ཚུལ་གསལ་མོད། དེས་ན་བསྟན་བཅོས་ག་ལས་འཇིགས་མེད་དབུ་མ་རྕ་བ་ཤེས་རབ་ཀྱི་རང་འགྲེལ་ཡིན་མིན་གྱི་སྐོར་བཤད་པ་ལ་གཉིས། རྒྱ་བོད་གཉིས་ཀྱི་མཁས་པ་དག་གི་གསུང་འགོད་པ། རང་ལུགས་ཀྱི་འདོད་ཚུལ་འགོད་པའོ། །
དང་པོ་ལ། འཕགས་ཡུལ་གྱི་མཁས་པའི་གསུང་ཚུལ། བོད་ཀྱི་མཁས་གྲུབ་རྣམས་ཀྱི་གསུང་ཚུལ། འཕགས་ཡུལ་གྱི་མཁས་པའི་གསུང་ཚུལ་ལས་རང་འགྲེལ་ཡིན་པར་བཞེད་པ་ནི། ག་ལས་འཇིགས་མེད་བོད་དུ་འགྱུར་ཡོད་མེད་ཀྱི་སྐོར་ལ་དེང་སང་མཁས་པའི་གསུང་ཚུལ་འདྲ་མིན་སྣང་ན་ཡང་། བོད་དུ་འགྱུར་ཏེ། «དཀར་ཆག་འཕང་ཐང་མ་»ལས། ག་ལ་འཇིགས་མེད། བམ་པོ་བདུན།[16] ཞེས་གསུངས་པའི་ཕྱིར། བུ་སྟོན་ཐམས་ཅད་མཁྱེན་པའི་ཆོས་འབྱུང་ལས། དབུ་མ་རྩ་བའི་རང་འགྲེལ་ག་ལ་འཇིགས་མེད་བམ་པོ་བདུན་དང་། ཞེས་པ་ནས། རྣམས་མདོ་སྡེ་འབར་གྱིས་འགྱུར།[17] ཞེས་གསུངས་པ་ལྟར་ན། བོད་འགྱུར་ཡིན་པ་ཡོངས་སུ་གྲགས་ཀྱང་ད་དུང་ཨུ་ཚུགས་བྱས་ན་སྙིང་པོ་ཅུང་ཟད་མེད་དོ། ། ཡང་འགའ་ཞིག་གིས་དབྱིན་ཇིར་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་རྙིང་ཨང་རྟགས་༡༨/༡༦པ་དབུ་མའྀ་རྩ་བའྀ་འགྲེལ་བ་ག་ལས་འཇྀགས་མྱེད་ཅེས་བྱ་བ་ལས། ཞེས་པ་ནས། རྒྱ་གར་གྀ་མཁན་པོ་ཐེག་པ་ཆེན་པོ་དབུ་མ་གཉ་ན་གར་བ་དང་། བོད་ཀྱི་ཞུ་ཆེན་གྱི་ལོ་ཙ་པ་དགེ་སློང་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུ་ཆེན་བགྱིས་ཏེ། ཞེས་དང་། བསྟན་འགྱུར་པར་མ་ཕལ་མོ་ཆེར་བཞུགས་པའི་ག་ལས་འཇིགས་མེད་ ༢༥༦ བསྟན་འགྱུར་དཔེ་བསྡུར་མ། དེབ་གྲངས་ང་བདུན་པ་ལས་ཀྱང་། རྒྱ་གར་གྱི་མཁན་པོ་ཐེག་པ་ཆེན་པོ་དབུ་མ་པ་ཛྙཱ་ན་གརྦྷ་དང་། བོད་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུ་ཆེན་བགྱིས་ཏེ་གཏན་ལ་ཕབ་པའོ། ། ཞེས་གསུངས་པས་བསྒྱུར་མཁན་ལ་དཔྱད་གཞི་ཡོད་ཅེས་བཤད་ཀྱང་། དཔྱད་གཞི་འདི་གང་ནས་ཡོང་མིན་མི་ཤེས་པས། རྒྱ་གར་གྱི་མཁན་པོ་ཐེག་པ་ཆེན་པོ་དབུ་མ་པ་ཛྙཱ་ན་གརྦྷ་དང་གཉ་ན་གར་བ་གཉིས་ལ་ཚིག་གྱི་ཁྱད་པར་ཙམ་ལས་དོན་དུ་ཁྱད་པར་མི་སྣང་། འོན་ཀྱང་ལ་ལས་སྤྱིར་ཛྙཱ་ན་ཅེས་པ་ནི་ཡེ་ཤེས་སོགས་ལ་གོ་དགོས། གརྦྷ་ནི་འཇུག་ཚུལ་གསལ་པོ་མེད། ལྷག་པར་དུ་གཉ་ན་ཞེས་པ་ནི་ཡིག་སྐྱོན་ཡིན་ཏེ། བོད་ཀྱི་ཡི་གེ་སྤྱིའི་འགྲོ་སྟངས་དང་མི་མཐུན་པར་མ་ཟད། རྒྱ་གར་གྱི་སྐད་ལའང་དོགས་པའི་གནས་སུ་གྱུར་ཏེ། རྒྱ་གར་གྱི་ལེགས་སྦྱར་ཚིག་མཛོད་ཆེན་མོ་ལས་ཅུང་ཙམ་མི་གསལ་པའི་ཕྱིར་ཟེར། སྤྱིར་ཚིག་མཛོད་འདིར་མི་གསལ་བ་ཙམ་གྱིས་མེད་པའི་རྒྱུ་མཚན་དུ་འགྲོ་པར་འདོད་ན་རིགས་ལམ་སྐམ་པའི་རྟགས་ཡིན་ནམ་སྙམ་ཡང་དཔྱད་པར་བྱའོ། །
མདོར་ན། རྒྱ་གར་གྱི་སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས། དཔལ་མར་མེ་མཛད་ཡེ་ཤེས་སོགས་ཁུངས་སུ་དྲངས་ནས་རང་འགྲེལ་ཡིན་པར་བཞེད་དེ། སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་མཛད་པའི་ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་ལས། གལ་ཏེ་འདིས་མདོ་མཛད་པས་རང་གི་འགྲེལ་པ་ག་ལས་འཇིགས་མེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་མཚན་ཉིད་གང་ཁོ་ན་བསྟན་པའི་མཚན་ཉིད་དེ་ཁོ་ན་སྟོན་ན་ནི་དེའི་ཕྱིར་དེ་དང་པོ་ཉིད་དུ་རྣམ་པར་བཤད་ཟིན་པས་བཏགས་པ་ལ་འཐག་པ་དང་འདྲ་བས་རྣམ་པར་བཤད་པ་བརྩམས་པ་འདི་མི་དགོས། ཞེས་གསུངས་པ་དང་། དཔལ་མར་མེ་མཛད་ཡེ་ཤེས་མཆོག་གིས་མཛད་པར་གྲགས་པའི་བྱང་ཆུབ་ལམ་གྱི་སྒྲོན་མའི་དཀའ་འགྲེལ་ལས། དེ་ལ་དབུ་མའི་རྩ་བ་ཤེས་རབ་ལ་འགྲེལ་པ་བརྒྱད་ཡོད་དེ། སློབ་དཔོན་ཉིད་ཀྱིས་མཛད་པའི་ག་ལས་འཇིགས་མེད་དང་། སློབ་དཔོན་ཟླ་གྲགས་ཀྱིས་མཛད་པའི་ཚིག་དོན་གསལ་བ་དང་། སློབ་དཔོན་བྷ་བྱ་སྣང་བྲལ་གྱིས་མཛད་པའི་ཤེས་རབ་སྒྲོན་མ་དང་། གནས་བརྟན་བུདྡྷ་པཱ་ལི་ཏས་མཛད་པའི་བུདྡྷ་པཱ་ལི་ཏ་དང་། སློབ་དཔོན་བློ་བརྟན་གྱིས་མཛད་པའི་[18]ཞེས་གསུངས་པ་དང་། འགྲེལ་པ་ག་ལས་འཇིགས་མེད་རང་ལས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་ལས། ལྟ་བ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་ཉི་ཤུ་བདུན་པ་སྟེ་ཐ་མའོ།། །།[19] ཞེས་གསུངས་སོ། །
གཞན་ཡང་། ཞིབ་འཇུག་པ་འགའ་ཞིག་གིས་སྣར་ཐང་དང་པེ་ཅིན་བསྟན་འགྱུར་དཔར་མའི་ ༢༥༧ བསྟན་འགྱུར་དཔེ་བསྡུར་མ། དེབ་གྲངས་ང་བདུན་པའི་དབུར། དབུ་མ་རྩ་བའི་འགྲེལ་བ་ག་ལས་འཇིགས་མེད་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་བཞུགས་སོ། ། ཞེས་དང་། སྡེ་དགེ་དང་ཅོ་ནེ་དཔར་མའི་མཇུག་བྱང་ ༢༥༥ བསྟན་འགྱུར་དཔེ་བསྡུར་མ། དེབ་ང་བདུན་པ་དུ། དབུ་མ་རྩ་བའི་འགྲེལ་བ་ག་ལས་འཇིགས་མེད། ཅེས་པ་ནས། སློབ་དཔོན་བདག་ཉིད་ཆེན་མོ་འཕགས་པ་ཀླུ་སྒྲུབ་མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེ་ལྡན་པ། ཞེས་པ་ནས། མཛད་པ་རྫོགས་སོ། །ཞེས་དང་། ཏུན་ཧོང་ཡིག་རྙིང་ཁྲོད་དུ་བཞུགས་པའི་བསྟན་བཅོས་འདིའི་མཇུག་ཏུའང་། དབུ་མའི་རྩ་བའྀ་འགྲེལ་བ་ག་ལས་འཇྀགས་མྱེད་ཅེས་བྱ་བ། ཞེས་པ་ནས། སློབ་དཔོན་བདག་ཉྀད་ཆེན་པོ་འཕགས་པ་ཀླུ་སྒྲུབ་མྱྀ་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ། ཞེས་པ་ནས། མཛད་པ་རྫོགས་སྷོ། །ཞེས་དང་། ཡང་ཏུན་ཧོང་ཡིག་རྙིང་ཨང་རྟགས་ ༣ དང་ ༦ ཞེས་པའི་རྩ་ཤེས་རབ་བྱེད་བཅུ་བའི་མཇུག་ཏུ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱྀས་མཛད་པཿ། དབུ་མའྀ་རྩ་བའི་འགྲེལད་པཿ། ག་ལས་འཇིགས་མྱེད་ལས། ཞེས་དང་། ཡང་བསྟན་འགྱུར་དཔེ་བསྡུར་མའི་སྡེ་དགེ་དཔར་གྱི་མཇུག་ ༢༥༦ བསྟན་འགྱུར་དཔེ་བསྡུར་མ། པོད་གྲངས་ང་བདུན་ཏུ། ཐེག་པ་ཆེན་པོའི་ངེས་དོན་དབུ་མའི་བསྟན་བཅོས་ཤེས་རབ་ཅེས་བྱ་བའི་འགྲེལ་བ་མཛད་པ། སློབ་དཔོན་ཀླུ་སྒྲུབ་དང་། ཞེས་པ་ནས། ལེགས་ལྡན་འབྱེད་དང་བརྒྱད་ཅེས་གནའ་མཆན་གཅིག་ལས་འབྱུང་། ཞེས་དང་། བུ་སྟོན་ཆོས་འབྱུང་༢༣༣ལས། དབུ་མ་རྩ་བའི་རང་འགྲེལ་ག་ལ་འཇིགས་མེད། ཅེས་དང་། ཏའི་སི་ཏུ་ཆེན་པོ་རྣམ་རྒྱལ་གྲགས་པའི་དྲི་བ་ ༣༤༧ ལས། རྩ་ཤེས་འགྲེལ་བ་ག་ལས་འཇིགས་མེད་རང་འགྲེལ་ཡིན་པ་སྔོན་ནས་རྩོད་མེད་ཡིན་པ་ལ། ཞེས་སོགས་པར་བརྟེན་ནས་ག་ལས་འཇིགས་མེད་རང་འགྲེལ་ཡིན་ཚུལ་བོད་ཀྱི་མཁས་དབང་རྣམས་ཀྱིས་བཞེད་པ་འོག་ཏུ་འཆད་པར་འགྱུར།
འཕགས་ཡུལ་གྱི་མཁས་པའི་གསུང་ཚུལ་ལས་རང་འགྲེལ་མིན་པར་བཞེད་པ་ནི། འཕགས་ཡུལ་གྱི་མཁས་པའི་ཁྲོད་དུ་ག་ལས་འཇིགས་མེད་རང་འགྲེལ་དུ་མི་བཞེད་པའི་རྒྱ་གཞུང་ཁག་དངོས་སུ་མ་མཐོང་ཡང་། པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་པ་མཆོག་གིས་«རྩ་ཤེར་ཊཱིཀྐ་སྒྲོན་མ་གསལ་བྱེད་»ལས། བུ་ཏ་བྷ་ལི་ཏས་དང་པོར་མཛད་དེ་ཐལ་འགྱུར་དུ་བཀྲལ། ག་ལ་འཇིགས་མེད་ཀླུ་སྒྲུབ་ཉིད་ཀྱིས་མཛད་པར་གྲགས་ན་ཡང་པ་ར་ན་རེ་མིན་ཟེར།[20]ཞེས་གསུངས་པའི་སྐབས་སུ་ག་ལས་འཇིགས་མེད་རང་འགྲེལ་མ་ཡིན་པར་བཞེད་པའི་པ་ར་ཟེར་བ་འདི་རྒྱ་གར་གྱི་པཎྜིཏ་པ་ར་ཧེ་ཏ་ཡིན་པར་ངེས།
ཁོང་ནི་བོད་དུ་བྱོན་མྱོང་བའི་པཎྜིཏ་ཡིན་པར་མ་ཟད་། བསྟན་འགྱུར་གྱི་ཁྲོད་ཀྱི་ཆོས་ཚན་འགའ་ཞིག་གིས་འགྱུར་བྱང་དུ་ཁོང་གི་མཚན་འཁོད་ཡོད། ལྷག་པར་དུ་པ་ཚབ་ཀྱི་དབུ་མའི་བཤད་བརྒྱུད་ཀྱི་བླ་མའི་གྲས་ལ་ཡོད་དེ། ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེའི་དབུ་མ་ལ་འཇུག་པའི་རྣམ་བཤད་དཔལ་ལྡན་དུས་གསུམ་མཁྱེན་པའི་ཞལ་ལུང་དྭགས་བརྒྱུད་གྲུབ་པའི་ཤིང་རྟ་ལས། བརྒྱུད་པ་གསུམ་པ་ནི། སློབ་དཔོན་ཟླ་བ་གྲགས་པ། དེའི་དངོས་སློབ་འཇམ་དཔལ་གྲགས་པ། དེ་ནས་དེ་བ་ཙནྡྲ། བྲམ་ཟེ་རིན་ཆེན་རྡོ་རྗེ། པཱ་ར་ཧི་ཏ། ཧ་སུ་མ་ཏི། པ་ཚབ་ལོ་ཙཱ། རྗེ་དུས་གསུམ་མཁྱེན་པ། དེ་ཕྱིན་འདྲའོ། །ཞེས་ནི་རང་འགྲེལ་མི་བཞེད་ཚུལ་དཔྱད་པ་གཏམ་གསར་ཚངས་པའི་ཞལ་ལུང་ལས་གསུངས་པ་བཞིན་འདིར་དྲངས། འོན་ཀྱང་པ་ཚབ་ལོ་ཙཱ་བའི་གསུང་རྩ་ཤེར་གྱི་འགྲེལ་པ་ཞིག་ཡོད་ཚུལ་ཤིན་ཏུ་གསལ་ཡང་། ཁོ་བོས་ཅུང་ཙམ་ཞིབ་འཚོལ་བྱས་ཀྱང་མཇལ་བའི་སྐལ་བཟང་དང་བྲལ།
གཞན་ཡང་སི་མོན་ཧོལ་ཊོན་(Simon Houlton)ལགས་ཀྱིས་བོད་ལ་ཐལ་རང་གཉིས་ཀྱི་ཁྱད་པར་ནི་བོད་པའི་མཁས་པས་བརྩམས་པའི་གཞུང་གི་ནང་ནས་ཡོངས་གྲགས་སུ་ཐོག་མར་གནང་མཁན་ནི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་(b.1045)དང་ཁོང་གི་ཐུགས་སྲས་རྣམས་ཡིན། ཡོངས་གྲགས་སུ་དེ་ལྟར་བཤད་ཀྱང་པ་ཚབ་ཁོང་གིས་བརྩམས་པའི་གཞུང་དེང་སྐབས་གཅིག་ཀྱང་མཇལ་དུ་མི་སྣང་། ཞེས་པ་ལྟར་ན། པ་ཚབ་ཀྱི་གསུང་དེང་སྐབས་མེད་ཚུལ་བཤད་ཀྱང་། ཁོ་བོས་མཐོང་རྒྱ་ཤིན་ཏུ་ཆུང་པས་དངོས་སུ་པ་ཚབ་ཀྱི་གསུང་མཇལ་བའི་ལས་མེད། འོན་ཀྱང་གོང་གསལ་བཞིན་པ་ཚབ་ཀྱི་རྩ་ཤེར་གྱི་འགྲེལ་པ་ཞིག་ཡོད་ཚུལ་ཤིན་ཏུ་གསལ། གཞན་དུ་ན། པ་ཚབ་ཀྱི་ལོ་རྒྱུས་ཁག་ཏུ་ཆོས་ཚན་སོ་གསུམ་ཡོད་པར་སྣང་།
གཉིས་པ་བོད་ཀྱི་མཁས་གྲུབ་རྣམས་ཀྱི་གསུང་ཚུལ་ལས་རང་འགྲེལ་ཡིན་པར་བཞེད་པའི་གྲུབ་མཐའ་ནི། ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་མཆོག་གིས་མཛད་པའི་ལྟ་བ་ངན་སེལ་ལས། དོན་དམ་བདེན་པ་དོན་དམ་པར་གྲུབ་པར་ཡང་བསྟན་ཏེ། དེ་ཡང་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་རང་འགྲེལ་ག་ལས་འཇིགས་མེད་དུ། དོན་དམ་པའི་བདེན་པ་ནི། འཕགས་པ་རྣམས་ཀྱིས་ཕྱིན་ཅི་མ་ལོག་པ་ཐུགས་སུ་ཆུད་པས་ཆོས་ཐམས་ཅད་སྐྱེ་བ་མེད་པར་གཟིགས་པ་གང་ཡིན་པ་སྟེ། དེ་ནི་དེ་དག་ཉིད་ལ་དོན་དམ་པར་བདེན་པ་ཉིད་ཡིན་པས་དོན་དམ་པའི་བདེན་པའོ། །[21] ཞེས་ཀུན་མཁྱེན་དོལ་པོ་བས་འཁོད་པར་ལྟར་ན། བསྟན་བཅོས་ག་ལས་འཇིགས་མེད་རྩ་ཤེར་རང་འགྲེལ་ཡིན་ཚུལ་གསུངས་། དེ་བཞིན་དུ། རྗེ་བཙུན་ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་མདོ་རྣམ་པར་བཤད་པ་སྔོན་མེད་ལེགས་བཤད་ལས། སློབ་དཔོན་རང་ཉིད་ཀྱི་གསུང་ངག་ག་ལས་འཇིགས་མེད་ཅེས་བྱ་བའི་འགྲེལ་པར། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་བསྟན་པ་ནི། བདེན་པ་གཉིས་པོ་དེ་དག་ལ་བརྟེན་ནས་འབྱུང་སྟེ། འཇིག་རྟེན་པའི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་བ་ནི། ཆོས་རྣམས་ངོ་བོ་ཉིད་སྟོང་པ་དག་ལས། འཇིག་རྟེན་གྱིས་ཕྱིན་ཅི་ལོག་མ་རྟོགས་པས། ཆོས་ཐམས་ཅད་སྐྱེ་བར་མཐོང་བ་གང་ཡིན་པ་སྟེ། དེ་ནི་དེ་དག་ཉིད་ལ་ཀུན་རྫོབ་ཏུ་བདེན་པ་ཉིད་ཡིན་པས། ཀུན་རྫོབ་ཀྱི་བདེན་པའོ། །དོན་དམ་པའི་བདེན་པ་ནི། འཕགས་པ་རྣམས་ཀྱིས་ཕྱིན་ཅི་མ་ལོག་པའི་དོན་ཐུགས་སུ་ཆུད་པས། ཆོས་ཐམས་ཅད་སྐྱེ་བ་མེད་པར་གཟིགས་པ་གང་ཡིན་པ་སྟེ། དེ་ནི་དེ་དག་ཉིད་ལ་དོན་དམ་པར་བདེན་པ་ཉིད་ཡིན་པས། དོན་དམ་པའི་བདེན་པའོ། །ཞེས་གསུངས་སོ། །[22]ཞེས་གསུངས་པ་ལྟར་ན། རྒྱལ་བ་ཇོ་ནང་པས་རང་འགྲེལ་དུ་བཞེད་དེ། རྗེས་འབྲང་གི་ཇོ་ནང་གི་མཁས་བ་རྣམས་ཀྱིས་ཀྱང་དེ་ལྟར་བཞེད་དེ། ཇོ་ནང་དགེ་བཤེས་དངོས་གྲུབ་དཔལ་གྱི་དྲིས་ལན་ཆོས་རྗེ་ཀུན་མཁྱེན་དོལ་པོ་པ་རང་གི་ལུང་གིས་གསལ་བྱེད་ལས། རང་ལུགས་ལ་ག་ལས་འཇིགས་མེད་དེ་རང་འགྲེལ་ཡིན་པར་གཞིར་བཞག་རེད། དེའི་སྟེང་ནས་ཅུང་ཟད་བཤད་ན། གཅིག ཕལ་ཆེར་དེང་སང་བོད་དུ་འགྱུར་ཡོད་པའི་ག་ལས་འཇིགས་མེད་དེར། བཙུན་པ་འཕགས་པ་ལྷས་ཀྱང༌། ཞེས་པ་སོགས་མཆན་དཀྱུས་སུ་ཤོར་སོང་བ་ཡིན་པར་སྣང༌།[23] ཞེས་ཇོ་ནང་པའི་ཕྱོགས་ཀྱི་མཁས་བ་རྣམས་ཀྱིས་ག་ལས་འཇིགས་མེད་རང་འགྲེལ་ཡིན་པར་འདོད་པ་ནི་ཐེ་ཚོམ་གྱི་གནས་མ་ཡིན་ནོ། ། དེ་བཞིན་དུ་བུ་སྟོན་ཆོས་འབྱུང་༢༣༣ལས། དབུ་མ་རྩ་བའི་རང་འགྲེལ་ག་ལ་འཇིགས་མེད། ཅེས་དང་། ཏའི་སི་ཏུ་ཆེན་པོ་རྣམ་རྒྱལ་གྲགས་པའི་དྲི་བ་༣༤༧ལས། རྩ་ཤེས་འགྲེལ་བ་ག་ལས་འཇིགས་མེད་རང་འགྲེལ་ཡིན་པ་སྔོན་ནས་རྩོད་མེད་ཡིན་པ་ལ།ཞེས་སོ། ། མདོར་ན་བོད་ཀྱི་མཁས་དབང་རྣམས་ཀྱི་ཁྲོད་དུ་རང་འགྲེལ་བཞེད་པ་ནི། བཅོམ་ལྡན་རིག་པའི་རལ་གྲི1227-1305མཆོག བུ་སྟོན་ཐམས་ཅད་མཁྱེན་པ་རིན་ཆེན་གྲུབ1290-1364མཆོག་དང་། དོལ་པོ་བ་ཤེས་རབ་རྒྱལ་མཚན་1292-1361མཆོག གཞན་ཡང་མཁས་དབང་དང་གྲུབ་པའི་གོ་འཕང་འཛིན་པའི་སྐྱེས་མཆོག་ཕལ་མོ་ཆེས་ག་ལས་འཇིགས་མེད་རང་འགྲེལ་དུ་བཞེད་ཀྱང་མཚན་རེ་རེར་བཀོད་ན་ཡིག་ཚོགས་ལ་འཇིགས་ཏེ་བཞག་གོ །
བོད་ཀྱི་མཁས་གྲུབ་རྣམས་ཀྱི་གསུང་ཚུལ་ལས་རང་འགྲེལ་མིན་པར་བཞེད་པ་ནི། དེ་ཡང་སེ་ར་ཀུན་མཁྱེན་བློ་གྲོས་རིན་ཆེན་སེངྒེའི་བསྟོད་པ་དགེ་ལེགས་དཔལ་འབར་མར། སྐྱེ་བ་ཀུན་ཏུ་ཁྱོད་གསུང་ལྕགས་ཀྱུ་ཡིས། །ལེགས་པར་དྲངས་ཏེ་བདག་ཡིད་གླང་པོ་ཆེ། །གྲགས་པ་རྣམ་གསུམ་གཞུང་གི་ལམ་བཟང་ནས། །ཐར་པའི་གྲོང་མཆོག་འཇུག་པར་བྱིན་གྱིས་རློབས། །ཞེས་པའི་གྲགས་པ་རྣམ་པ་གསུམ་ནི། དཔལ་ལྡན་ཟླ་བ་གྲགས་པ། པ་ཚབ་ཉི་མ་གྲགས། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་དང་གསུམ་དུ་གྲངས་པའི་བོད་ཀྱི་ལོ་ཙཱ་བ་གྲགས་ཅན། གྲགས་པ་པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་པ་1055-???མཆོག་གིས་ག་ལས་འཇིགས་མེད་རང་འགྲེལ་མིན་པར་བཞེད་དེ། ཁོང་གིས་བརྩམས་པའི་རྩ་ཤེར་ཊཱིཀྐ་སྒྲོན་མ་གསལ་བྱེད་ལས། བུ་ཏ་བྷ་ལི་ཏས་དང་པོར་མཛད་དེ་ཐལ་འགྱུར་དུ་བཀྲལ། ག་ལ་འཇིགས་མེད་ཀླུ་སྒྲུབ་ཉིད་ཀྱིས་མཛད་པར་གྲགས་ན་ཡང་པ་ར་ན་རེ་མིན་ཟེར། ཞེས་ཤིན་ཏུ་གསལ་ལོ། །
ག་ལས་འཇིགས་མེད་རང་འགྲེལ་མིན་པར་བཞེད་པའི་བོད་ཀྱི་གྲུབ་མཐའ་ནི། རྒྱལ་བ་ཙོང་ཁ་པ་ཆེན་པོ་རྗེ་བློ་བཟང་གྲགས་པ་1357-1419མཆོག་གིས་གཙོ་བོར་བྱས་པའི་དགའ་ལྡན་པའི་ཕྱོགས་དང་། ཀུན་ཁྱེན་གོ་རམས་པ་བསོད་ནམས་སེངྒེ་1429-1489མཆོག་གིས་གཙོ་བོར་བྱས་པའི་ས་སྐྱ་པའི་ཕྱོགས་སོགས་ཀྱིས་ག་ལས་འཇིགས་མེད་རང་འགྲེལ་དུ་མི་བཞེད། དང་པོ་གྲུབ་སྟེ། རྗེ་རིན་པོ་ཆེས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོ་ལས། རབ་བྱེད་ཉེར་བདུན་པའི་འགྲེལ་བ་ག་ལས་འཇིགས་མེད་ལས ། བཙུན་པ་འཕགས་པ་ལྷས་ཀྱང་། ཉན་པ་པོ་དང་མཉམ་བྱ་དང་། །སྨྲ་བོ་འབྱུང་བ་ཤིན་ཏུ་དཀོན། །དེ་ཕྱིར་མདོར་ན་འཁོར་བ་ནི། །མཐའ་ཡོད་མ་ཡིན་མཐའ་མེད་མིན། །[24] [25]ཞེས་གསུངས་སོ། །
སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད་དང་ཟླ་བ་གྲགས་པའི་འགྲེལ་པར་འགྲེལ་པ་དེའི་ཟུར་ཙམ་ཡང་མ་བྱུང་བས་ཀྱང་ཤེས་སོ། །ཞེས་རྗེ་བདག་ཉིད་ཆེན་པོའི་རང་ལུགས་ལ་ག་ལས་འཇིགས་མེད་རང་འགྲེལ་མིན་པའི་རྒྱུ་མཚན་གཉིས་བཀོད་དེ། གལ་ཏེ་ག་ལས་འཇིགས་མེད་དབུ་མ་རྩ་ཤེར་གྱི་རང་འགྲེལ་དང་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་ཡིན་ན། དབུ་མ་བཞི་བརྒྱ་པའི་ལུང་དྲངས་པ་མི་སྲིད་དེ། བཞི་བརྒྱ་པ་ནི་སློབ་དཔོན་འཕགས་པ་ལྷས་མཛད་པའི་བསྟན་བཅོས་ཤིག་ཡིན་ལ། འཕགས་པ་ལྷ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་ཡིན་པས་བཞི་བརྒྱ་པའི་ལུང་དྲངས་ན་ཁུངས་བཙན་པའི་དོན་དུ་མི་སོང་ངོ་། ། སྤྱིར་བསྟན་བཅོས་རྣམས་སུ་ཤེས་བྱེད་ཀྱི་ལུང་འགོད་པ་ནི་རང་བཟོ་མ་ཡིན་པར་བསྟན་པ་དང་། བསྟན་བཅོས་རྣམ་དག་ཡང་ཡིན་པར་བསྟན་པ་དང་། རྒྱབ་རྟེན་ཤུགས་ཅན་སོགས་ཡོད་པར་བསྟན་པའི་དགོས་པ་ཙམ་ལས་བྲལ། རྣམ་བཤད་ཐར་ལམ་གསལ་བྱེད་ལས་ཀྱང་། བྱང་གྲོལ་རྒྱུ་འབྲས་ཤིན་ཏུ་ལྐོག་གྱུར་དང་། །ཚད་མའི་བཅོད་དོན་ཚད་མས་འགོག་པ་དང་། །དངོས་སྟོབས་ཡུལ་ལ་ལུང་གི་གནོད་སྒྲུབ་འདོད། །བླུན་པོ་ཤེས་རབ་འཆལ་བའི་རྟགས་གསུམ་ཡིན། །[26]ཞེས་དོན་དུ་གནས་སོ། །
སྐབས་འདིར་ལུང་དྲངས་པ་ནི་ཁུངས་བཙན་པར་བསྟན་པ་དང་རྒྱབ་རྟེན་ཤུགས་ཅན་གང་དུ་ཡང་མིན་ཏེ། རྩ་བ་ཤེས་རབ་ཀྱི་རང་འགྲེལ་ཡིན་ན་ཁུངས་བཙན་པ་ནི་སངས་རྒྱས་ཀྱི་གསུང་དང་། རང་ཉིད་ཀྱི་སློབ་དཔོན། རང་ལས་སྔོན་རོལད་ཏུ་བྱུང་བའི་མཁས་པ་གོང་མའི་གསུང་། སློབ་དཔོན་ཀླུ་སྒྲུབ་རང་ཉིད་ཀྱིས་མཛད་པའི་རྩ་ཤེར་སོགས་དྲངས་དགོས་པ་ལས་རང་གི་སློབ་མ་ཞིག་གི་ལུང་དྲངས་ན་ཁུངས་བཙན་པ་ཕར་ཞོག བསྟན་བཅོས་ལ་ཡིད་མི་ཆེས་པའི་གནས་སུ་གྱུར། གཞན་དུ་ན། འདས་པའི་ལོ་རྒྱུས་ཀྱི་ཁྲོད་དུ་བླ་མས་རང་གི་སློབ་མའི་གསུང་ངམ་ལུང་དྲངས་པ་ནི་ཅུང་ཙམ་ཡང་མི་སྲིད་པའི་ཕྱིར། ཡང་རྗེ་བླ་མས་སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད་དང་ཟླ་བ་གྲགས་པའི་འགྲེལ་པར་འགྲེལ་པ་དེའི་ཟུར་ཙམ་ཡང་མ་བྱུང་བས་ཀྱང་ཤེས་སོ། །ཞེས་ག་ལས་འཇིགས་མེད་རང་འགྲེལ་མིན་པའི་རྒྱུ་མཚན་གཉིས་པར་བསྟན། གལ་ཏེ་ག་ལས་འཇིགས་མེད་དབུ་རྩ་ཤེར་གྱི་རང་འགྲེལ་ཡིན་ན། ཅིའི་ཕྱིར་སློབ་དཔོན་སངས་རྒྱས་བསྐྱངས་དང་། སློབ་དཔོན་ལེགས་ལྡན་འབྱེད། དཔལ་ལྡན་ཟླ་བ་གྲགས་པ་རྣམས་ཀྱིས་དབུ་མ་རྩ་ཤེར་གྱི་འགྲེལ་པ་བྲིས་པ་ལ་ངེས་པར་དུ་ག་ལས་འཇིགས་མེད་ཀྱི་ལུང་འོས་པ་ཞིག་དང་ལུང་དྲངས་དགོས་པའི་སྐབས་བབ་ཡིན་ལ་མ་དྲངས་པས་ཀྱང་ཤེས་སོ། ། ཅིའི་ཕྱིར་ག་ལས་འཇིགས་མེད་ཀྱི་ལུང་ངེས་པར་དུ་དྲངས་དགོས་ཞེ་ན། བཤད་དུ་ཡོད་དེ། སློབ་དཔོན་རང་ཉིད་ཀྱིས་བརྩམས་པའི་རྩ་བ་ཤེས་རབ་ལས་མ་གསལ་བ་དེ་དག་རང་འགྲེལ་ལས་གསལ་བོར་བསྟན་དགོས་ཏེ། རྩ་བར་མ་གསལ་བའི་དཀའ་གནད་འགྲེལ་པ་དག་ལས་གསལ་དགོས། གཞན་དུ་ན་རང་འགྲེལ་བརྩམས་པར་དགོས་མེད་དུ་འགྱུར། དེས་ན་སློབ་དཔོན་ཀླུ་སྒྲུབ་ཀྱི་རྗེས་འབྲང་པ་རྣམས་ཀྱིས་རྩ་ཤེར་གྱི་འགྲེལ་བཤད་མཛད་བའི་སྐབས་སུ་འགྲེལ་པའི་ལུང་ཟུར་ཙམ་མེད་པས་ཀྱང་ཤེས་སོ་ཞེས་པ་ནི་རང་འགྲེལ་མིན་པའི་གནད་ཀ་ཡིན་ནོ། །
ཡང་རྗེ་བདག་ཉིད་ཆེན་པོས་མཛད་པའི་རྣམ་བཤད་རིགས་པའི་རྒྱ་མཚོའི་རབ་བྱེད་དྲུག་པ་ལས། ག་ལས་འཇིགས་མེད་དུ་དེ་གཉིས་རྩ་བར་བྱས་ནས་དེ་ལ་བཤད་པ་ཡང་བྱས་སྣང་བས་ནི་རྩོམ་མཁན་དེ་ཡི་རང་རྟགས་ཆེན་པོ་བསྟན་སྣང་ལ་བཙུན་པ་འཕགས་པ་ལྷས་ཀྱང་ཞེས་བརྒྱ་པའི་ལུང་ཡང་ཤེས་བྱེད་དུ་དྲངས་པས་ཀླུ་སྒྲུབ་ཀྱི་ཡིན་པར་སྨྲ་བ་ནི་མི་རིགས་པའི་གཏམ་མོ། །[27]ཞེས་རྗེ་རིན་པོ་ཆེའི་གཞུང་ལས་ག་ལས་འཇིགས་མེད་རང་མིན་པར་བཞེད་ཚུལ་ཤིན་ཏུ་གསལ་བའི་ཕྱིར། མཁས་དབང་ཏྲེ་ཧོར་ཟླ་བ་ཚེ་རིང་ལགས་ཀྱིས་བརྩམས་པའི་དཔྱད་རྩོམ་རིག་པའི་གསང་ཚིག་གི་མཐེ་ལོང་ལས་ཤོར་བའི་གསར་བཤད་ཚིག་གི་མདའ་མོ་ལས། གཞན་ཡང་གནད་ཆེ་བའི་དོགས་པ་ཞིག་ལ། བུངྔྷ་པཱ་ལི་ཏའི་རབ་བྱེད་ཉེར་གསུམ་པ་ག་ལས་འཇིགས་མེད་དང་ཕལ་ཆེར་འདྲ་ཞིང་། ཞེས་པ་ནས་མཛད་པ་པོས་རྒྱུད་ཐ་དད་པ་གཉིས་ཀྱིས་མཛད་པའི་བསྟན་བཅོས་གཉིས་ལ་དེ་འདྲ་ཡོང་ཐབས་གཏན་ནས་མེད།[28] ཅེས་གསུངས་པར་རྒྱུ་མཚན་ཞིག་མཐོང་སྟེ། བུངྔྷ་པཱ་ལི་ཏའི་རབ་བྱེད་ཉེར་བཞི་པ་དང་ག་ལས་འཇིགས་མེད་ཀྱི་རབ་བྱེད་ཉེར་བཞི་པ་གཉིས་ཀྱིས་འཕགས་པའི་བདེན་པ་བརྟག་པ་ལས། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །འཕགས་པའི་བདེན་པ་བཞི་པོ་རྣམས། །ཞེས་པ་ནས། གསུམ་ལ་གནོད་པ་བྱེད་པ་ཡིན། །ཞེས་པའི་བར་ཚིགས་བཅད་ལྔའི་འགྲེལ་པའི་སྐབས། བུངྔྷ་པཱ་ལི་ཏའི་རབ་བྱེད་ཉེར་བཞི་པ་ལས། གལ་ཏེ་འགྲོ་བ་འདི་དག་ཀུན་སྟོང་ན་དེའི་ཕྱིར་འབྱུང་བ་མེད་ཅིང་འཇིག་པ་མེད་དོ། །དེ་དག་མེད་པས་འཕགས་པའི་བདེན་པ་བཞི་པོ་རྣམས་ཁྱོད་ལ་མེད་པར་ཐལ་བར་འགྱུར་རོ། །འཕགས་པའི་བདེན་པ་བཞི་མེད་པས་སྡུག་བསྔལ་ཡོངས་སུ་ཤེས་པ་དང་ཀུན་འབྱུང་བ་སྤང་བ་དང་ལམ་བསྒོམ་པ་དང་འགོག་པ་མངོན་སུམ་དུ་བྱ་བ་དག་འཐད་པར་འགྱུར་བ་མ་ཡིན་ནོ། །[29]ཞེས་གསུངས་པ་དང་། ག་ལས་འཇིགས་མེད་རབ་བྱེད་ཉེར་ལྔ་པ་ལས། གལ་ཏེ་འགྲོ་བ་འདི་དག་ཀུན་སྟོང་ན་དེའི་ཕྱིར་འབྱུང་བ་མེད་ཅིང་འཇིག་པ་མེད་དོ། །དེ་དག་མེད་པས་འཕགས་པའི་བདེན་པ་བཞི་པོ་རྣམས་ཁྱོད་ལ་མེད་པར་ཐལ་བར་འགྱུར་རོ། །འཕགས་པའི་བདེན་པ་བཞི་མེད་པས་སྡུག་བསྔལ་ཡོངས་སུ་ཤེས་པ་དང་། ཀུན་འབྱུང་བ་སྤང་བ་དང་ལམ་བསྒོམ་པ་དང་། འགོག་པ་མངོན་སུམ་དུ་བྱ་བ་དག་འཐད་པར་འགྱུར་བ་མ་ཡིན་ནོ། །[30]ཞེས་ཚིག་དོན་གང་ཡིན་ཡང་ཆུ་ལ་ཆུ་བཞག་གོ། འདིའི་དོགས་གཅོད་འོག་ཏུ་འཆད་པར་འགྱུར།
ཡང་དགེ་ལྡན་པའི་ཕྱོགས་ཀྱི་མེད་དུ་མི་རུང་བའི་མཁས་གྲུབ་ཆེན་པོ། རྗེའི་ཐུགས་སྲས་གཙོ་བོ་མཁས་གྲུབ་དགེ་ལེགས་དཔལ་བཟང་པོ་མཆོག་གིས་ཀྱང་། ག་ལས་འཇིགས་མེད་འཕགས་པས་མཛད་པའི་རང་འགྲེལ་ཡིན་ནོ། །[31]ཞེས་བོད་མང་པོ་སྨྲ་བ་ནི་རྣམ་པར་མ་བརྟགས་པ་སྟེ། རབ་བྱེད་ཉེར་བདུན་པའི་འགྲེལ་པ་ག་ལས་འཇིགས་མེད་ལས། བཙུན་པ་འཕགས་པ་ལྷས་ཀྱང་། ཉན་པ་པོ་དང་མཉན་བྱ་དང་། །སྨྲ་པོ་འབྱུང་བ་ཤིན་ཏུ་དཀོན། །དེ་ཕྱིར་མདོར་ན་འཁོར་བ་ནི། །མཐའ་ཡོད་མ་ཡིན་མཐའ་མེད་མིན། །ཞེས་བཤད་དོ། །ཅེས་བཞི་བརྒྱ་པའི་ལུང་ཤེས་བྱེད་དུ་དྲངས་པའི་ཕྱིར་རོ། ། འདི་ལ་ཡང་ཁ་ཅིག་ན་རེ་དེ་མི་འཐད་དེ་སྤྱན་རས་གཟིགས་བརྟུལ་ཤུགས་ཀྱིས་རང་འགྲེལ་དུ་བྱས་པའི་ཕྱིར་རོ། །ཞེས་ཟེར་རོ། ། རྗེ་ཐམས་ཅད་མཁྱེན་པས་འགྲེལ་བཤད་དེ་མ་གཟིགས་སོ་སྙམ་དུ་དོགས་ན་ནི་རང་ཉིད་ཤིན་ཏུ་གླེན་པ་གོ་བར་བྱེད་དོ། །དེ་ལས་དེ་ལྟར་བཤད་མོད་ཀྱི་འོན་ཀྱང་དེ་ཉིད་རང་འགྲེལ་ཡིན་ནི་དྲངས་མ་ཐག་པའི་གནོད་བྱེད་དུ་མ་ཟད་ཀྱི། སངས་རྒྱས་བསྐྱངས་དང་ཟླ་བ་གྲགས་པ་དང་ལེགས་ལྡན་འབྱེད་གསུམ་ཀའི་འགྲེལ་པས་རྩ་ཤེའི་གཞུང་གི་ཆ་དུ་མ་ཞིག་སློབ་དཔོན་དང་མི་མཐུན་པའི་ལོག་པར་བཤད་པར་བྱ་དགོས་ཏེ། དཔེར་ན་འགྲེལ་པ་དེར་ནི་མཆོད་བརྗོད་ཀྱི་སྐབས་སུ་འགག་པ་མེད་དེ་སྐྱེ་བ་མེད་པའི་ཕྱིར་ཞེས་བཀོད་ནས། དེའི་རྟགས་སྒྲུབ་པ་ལ། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་རྣམ་ཡང་ཡོད་པ་ཡིན་པའི་ཕྱིར་ཞེས་བཀོད་དེ། དེའི་རྟགས་སྒྲུབ་པ་ལ་དངོས་པོ་རྣམས་ཀྱི་རང་བཞིན་ནི། རྐྱེན་ལ་སོགས་ལ་ཡོད་མ་ཡིན། །ཞེས་པས་བདག་སྐྱེ་མེད་པར་སྒྲུབ་ལ། བདག་གི་དངོས་པོ་ཡོད་མིན་ན། །གཞན་གྱི་དངོས་པོ་ཡོད་མ་ཡིན། །ཞེས་པས་གཞན་སྐྱེ་མེད་པར་སྒྲུབ་ཅིང་། ཞེས་པ་དང་། གཞུང་རིགས་པ་ཕྲ་བ་ལ་རྟོགས་དཀའ་བ་དུ་མ་ཞིག་ནི་ཚིགས་བཅད་ལྷུག་པར་བཏང་ཙམ་ལས་ཅིའང་མ་བཤད་པའང་མང་བར་སྣང་ངོ་། །ཞེས་གསུངས།
ལྷག་པར་དུ་སྒྲུབ་བྱེད་གསལ་བ་ནི། རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་ཀྱིས་རྒྱལ་པོ་ཟླ་བ་བཟང་པོའི་རྣམ་འཕྲུལ་ཏའི་སི་ཏུ་ཆེན་པོ་རྣམ་རྒྱལ་གྲགས་པའི་དྲི་བའི་ལན་གནང་བ་ལས། དབུ་མ་རྩ་ཤེའི་འགྲེལ་པ་ག་ལས་འཇིགས་མེད་རང་འགྲེལ་ཡིན་པ་སྔོན་ནས་རྩོལ་མེད་ཡིན་པ་ལ། དིང་སང་རང་འགྲེལ་མ་ཡིན་པར་འདོད་པ་མང་བ་ཞིག་བྱུང་བ། རང་འགྲེལ་མ་ཡིན་ན་འགྲེལ་པ་འདིའི་མཛད་པ་པོ་སུ་ཡིན། རང་འགྲེལ་མ་ཡིན་པ་ལ་སྒྲུབ་བྱེད་ལྟར་སྣང་མིན་པ་བཀོད་པར་རིགས་སོ་ཞེ་ན། རང་འགྲེལ་ཡིན་པར་སྔོན་ནས་རྩོད་པ་མེད་པར་གྲུབ་ན། འདི་རང་འགྲེལ་ཡིན་པར་རྩ་ཤེའི་དགོངས་པ་འགྲེལ་བའི་སྐྱེས་བུ་ཆེན་པོ། ཨཱརྱ་དེ་བ། སངས་རྒྱས་བསྐྱངས། ལེགས་ལྡན། ཟླ་གྲགས། ཞི་བ་འཚོ། ཡེ་ཤེས་སྙིང་པོ་གང་གིས་འདི་རང་འགྲེལ་ཡིན་པར་བཤད་སྨྲ་དགོས་སོ། །འདི་རང་འགྲེལ་མ་ཡིན་ཏེ། རང་འགྲེལ་ཡིན་ན། རྩ་ཤེའི་ཚིག་དང་དོན་གྱི་འགྲེལ་ཚད་ཚད་ལྡན་རྣམས་ཀྱིས་འདི་ཁུངས་སུ་འདྲེན་རིགས་པ་གང་ཞིག །འགྲེལ་མཛད་ཚད་ལྡན་རྣམས་ཀྱིས་འདི་ཁུངས་སུ་དྲངས་པ་ཙམ་དུ་མ་ཟད། རབ་བྱེད་དང་པོའི་གཞུང་འདི་རྣམས་ལ་ག་ལས་འཇིགས་མེད་དང་འགྲེལ་པ་གཞན་རྣམས་འཆད་ཚུལ་དང་འཆད་པའི་གོ་རིམས་ཀྱང་ཤིན་ཏུ་མི་མཐུན་པའི་ཕྱིར། གཞན་ཡང་འདི་རང་འགྲེལ་མ་ཡིན་ཏེ། འགྲེལ་པ་བུདྡྷ་པཱ་ལི་ཏ་ནི་སངས་རྒྱས་བསྐྱངས་ཀྱིས་མཛད་པར། ལེགས་ལྡན་དང་ཟླ་བའི་ཞབས་གཉིས་ཀས་མཐུན་པར་བཞེད་ལ། རབ་བྱེད་ཐ་མ་བཞི་གའི་འགྲེལ་པ་ག་ལས་འཇིགས་མེད་ལས། བམ་གྲངས་ཀྱི་མིང་མི་མཐུན་པ་ཙམ་ལས་བུདྡྷ་པཱ་ལི་ཏའི་རབ་བྱེད་ཐ་མ་བཞིའི་འགྲེལ་པའི་ཚིག་རིགས་ཇི་ལྟ་བ་བཞིན་བྲིས་པ་མ་གཏོགས། ནུས་པ་ལྷག་པོ་ཏིལ་ཙམ་ཡང་མི་འདུག་པའི་ཕྱིར་རོ། །འདི་རང་འགྲེལ་ཡིན་ན། རྩ་ཤེའི་ཚིག་དང་དོན་འགྲེལ་མཛད་རྣམས་ཀྱིས་འདི་ཁུངས་སུ་འདྲེན་རིགས་པ་ཡིན་ཏེ། དཔལ་ལྡན་ཟླ་བས། བཞི་བརྒྱ་པ་དང་། བུདྡྷ་པཱ་ལི་ཏ་དང་། ལེགས་ལྡན་གྱིས་ལེགས་པར་བཤད་པའི་ཆ་དང་། རྩོད་ཟློག་གི་རང་འགྲེལ་སོགས་ནས་ལུང་དྲངས་པའི་ཕྱིར་རོ། །འཆད་ཚུལ་དང་འཆད་པའི་གོ་རིམས་ཀྱང་མི་མཐུན་ཏེ། མཆོད་བརྗོད་ཀྱི་སྐབས་སུ། སྐྱེ་བ་མེད་པ་འགག་མེད་པ། ཞེས་སྨོས་རིགས་པ་ལ། འགག་པ་མེད་པ་སྐྱེ་མེད་པ། །ཞེས་སྨོས་པ་ཅི་ཡིན་ཞེས་པའི་ལན་དུ་སངས་རྒྱས་བསྐྱངས་དང་། ལེགས་ལྡན་དང་། ཟླ་བས། གལ་ཏེ་སྐྱེ་བ་སྔ་གྱུར་ལ། །རྒ་ཤི་ཕྱི་བ་ཡིན་ན་ནི། །སྐྱེ་བ་རྒ་ཤི་མེད་པ་དང་། །མ་ཤི་བར་ཡང་སྐྱེ་བར་འགྱུར། །ཞེས་འཆད་པར་འགྱུར་བ་བཞིན་དུ། འཁོར་བ་སྤྱི་ཙམ་གྱི་སྐྱེ་འཆི་ལ་གོ་རིམ་མཐའ་གཅིག་ཏུ་མ་ངེས་པར་བསྟན་པའི་ཕྱིར་དུ། འགག་པ་མེད་པ་སྐྱེ་མེད་པ། །ཞེས་སྨོས་པའི་ལན་མཛད་ལ། ག་ལས་འཇིགས་མེད་ཀྱིས་སྐྱེ་བ་སྔར་སྨོས་པར་རིགས་མོད། སྡེབ་སྦྱོར་གྱི་དབང་གིས་འགག་པ་མེད་པ་སྔར་སྨོད་ཞེས་ལན་བཏབ་པའི་ཕྱིར་དང་། གཞན་ཡང་།འགག་པ་མེད་པ་ཞེས་པའི་བཤད་པའི་རྣམ་གྲངས་འགྲེལ་པ་གཞན་དང་མི་མཐུན་པ་མང་པོ་མཛད་པར་སྣང་། བཤད་པའི་གོ་རིམ་ཡང་མི་མཐུན་ཏེ། ག་ལས་འཇིགས་མེད་ལས། འགག་པ་མེད་དེ། སྐྱེ་བ་མེད་པའི་ཕྱིར་རོ། །སྐྱེ་བ་མེད་དེ། འགག་པ་མེད་པའི་ཕྱིར་རོ། ། སྐྱེ་བ་མེད་པའི་རྒྱུ་མཚན། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །དེའི་རྟགས་སྒྲུབ་པ་ལ། དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སོགས་ལ་ཡོད་མ་ཡིན། །ཞེས་པས་བདག་སྐྱེ་མེད་པར་སྒྲུབ་ལ། བདག་གི་དངོས་པོ་ཡོད་མིན་ན། །གཞན་དངོས་ཡོད་པར་ག་ལ་འགྱུར། །ཞེས་པས་གཞན་སྐྱེ་མེད་པར་སྒྲུབ་ཅིང་། བདག་གཞན་རེ་རེ་ལས་སྐྱེ་བ་མེད་པས། གཉིས་ཀ་ལས་སྐྱེ་བ་མེད་པར་གྲུབ་ལ། རྒྱུ་མེད་ལས་སྐྱེ་བ་ནི་ཐ་ཆད་པས། མཐའ་བཞིའི་སྐྱེ་བ་མེད་པར་བསྟན་པ་ལ། རྐྱེན་རྣམས་བཞི་སྟེ། ཞེས་སོགས་ཀྱི་རྩོད་པ་བཀོད་ནས། དེའི་ལན་དུ། བྱ་བ་རྐྱེན་དང་ལྡན་མ་ཡིན། །རྐྱེན་དང་མི་ལྡན་བྱ་བ་མེད། །ཅེས་པས་རྐྱེན་བཞིས་རྣམ་ཤེས་སྐྱེས་པའི་བྱ་བ་ལ་རྐྱེན་དང་ལྡན་མི་ལྡན་བཀག །བྱ་བ་མི་ལྡན་རྐྱེན་མ་ཡིན། །བྱ་ལྡན་ཡོད་འོན་ཏེ་ན། །ཤེས་པས་རྐྱེན་ལ་ཡང་བྱ་བ་ལྡན་མི་ལྡན་དང་། གཉིས་ཀ་དང་གཉིས་ཀ་མིན་པ་བཀག་ཅེས་སོགས་འཆད་པར་བྱེད་དོ། །དེས་ན་འགྲེལ་པ་འདི་ནི་སློབ་དཔོན་ལ་ཁ་གཡར་བྱས་པ་ཡིན་ནོ། །འོ་ན་འདིའི་མཛད་པ་པོ་གང་ཞེ་ན། ཁ་ཅིག་ན་རེ་ག་ལས་འཇིགས་མེད་འགྲེལ་པ་བྱེད་པ་པོའི་མིང་ཡིན་ཏེ། བུདྡྷ་པཱ་ལི་ཏ་བཞིན་ཞེས་ཟེར་རོ། །ཁ་ཅིག་ན་རེ། ག་ལས་འཇིགས་མེད་རང་འགྲེལ་ཡིན་ཏེ། སངས་རྒྱས་བསྐྱངས་ཀྱིས་བདག་སྐྱེ་འགོག་པ་བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་། སྐྱེ་བ་ཐུག་པ་མེད་པར་འགྱུར་པའི་ཕྱིར། ཞེས་གསུངས་པ་ལ། ལེགས་ལྡན་གྱིས་འདི་ལ་གཞན་ནི་དངོས་པོ་རྣམས། བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་། སྐྱེ་བ་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ། །ཞེས་འདོད་པ་བཀོད་ནས། དེ་འགོག་པའི་སྐབས་སུ། སྤྱན་རས་གཟིགས་ཀྱི་བརྟུལ་ཞུགས་ལས། འདི་ལ་ཞེས་བྱ་བ་ནི་བདག་སྐྱེ་འགོག་པ་འདི་ལའོ། །གཞན་ནི་ཞེས་བྱ་བ་ནི། བསྟན་བཅོས་འདིའི་འགྲེལ་པ་བྱེད་པ་ནི་མང་སྟེ། འདི་ལྟ་སྟེ། སློབ་དཔོན་གྱི་ཞལ་མངའ་ནས་དང་། གནས་བརྟན་བུདྡྷ་པཱ་ལི་ཏ་དང་། ཙནྡྲ་ཀཱིརྟི་དང་། དེ་བ་ཤྲ་མ་དང་། གུ་ན་ཤྲི་དང་། གུ་ན་མི་ཏྲ་དང་། སྠི་ར་མ་ཏི་དང་། སློབ་དཔོན་ལེགས་ལྡན་འབྱེད་ཉིད་ལ་ཐུག་པའི་བར་དག་ཡོད་པ་ལས། གཞན་པ་སྟེ་གནས་བརྟན་བུདྡྷ་པཱ་ལི་ཏ་དང་སྦྱར་རོ་ཞེས་བཤད་ལ། ག་ལས་འཇིགས་མེད་མ་གཏོགས་པ་སློབ་དཔོན་གྱིས་མཛད་པའི་རྩ་ཤེའི་འགྲེལ་པ་མེད་པའི་ཕྱིར་ཞེས་ཟེར་རོ། །སྤྱན་རས་གཟིགས་ཀྱི་བརྟུལ་ཞུགས་ལས་དེ་སྐད་དུ་བཤད་མོད། འདི་ནི་མི་ཤེས་པ་ཞིག་གིས་འགྲེལ་པ་དེར་བཅུག་པར་སྣང་ངོ་། །[32]ཞེས་ཤིན་ཏུ་གསལ་བར་བསྟན་ནོ། ། ད་དུང་རི་བོ་དགེ་ལྡན་པའི་ཕྱོགས་ཀྱི་མཁས་དབང་ཤིན་ཏུ་མང་པོས་གསུངས་པའི་ག་ལས་འཇིགས་མེད་རང་འགྲེལ་མིན་པར་བཞེད་པའི་ལེགས་བཤད་ཡོད་ཀྱང་ཕལ་མོ་ཆེ་འདི་དག་མཚོན་པས་རེ་ཞིག་དེ་ཙམ་ཡིན།
གཉིས་པ་གྲུབ་སྟེ། ཀུན་མཁྱེན་གོ་རམས་པ་བསོད་ནམས་སེངྒེ་(1429-1489)མཆོག་གིས་མཛད་པའི་ངེས་དོན་རབ་གསལ་ལས། སློབ་དཔོན་གྱིས་དབུ་མའི་བསྟན་བཅོས་རྣམས་ཀྱི་གཙོ་བོ་ནི་རྩ་བ་ཤེས་རབ་ཡིན་ལ། དེ་ལ་རང་འགྲེལ་ག་ལས་འཇིགས་མེད་དང་། དེ་ཝ་ཤར་མ་དང་། གུ་ན་མ་ཏི་དང་། གུ་ན་ཤྲཱི་དང་། སྠི་ར་མ་ཏི་དང་། སངས་རྒྱས་དང་། ལེགས་ལྡན་འབྱེད་དང་། ཟླ་བ་གྲགས་པའི་འགྲེལ་པ་དང་བརྒྱད་ཡོད་ཅིང་། ག་ལས་འཇིགས་མེད་རང་འགྲེལ་དུ་རྒྱ་གར་བ་ཁ་ཅིག་དང་། བོད་སྔ་རབས་པ་རྣམས་ལ་གྲགས་པ་ལ། ཕྱི་མ་དག་རབ་བྱེད་ཉེར་བདུན་པའི་འགྲེལ་བ་ལས། བཙུན་པ་འཕགས་པ་ལྷས་ཀྱང་། ཉན་པ་པོ་དང་མཉན་བྱ་དང་། །སྨྲ་པོ་ཤིན་ཏུ་འབྱུང་བ་དཀོན། །དེ་ཕྱིར་མདོར་ན་འཁོར་བ་ནི། །མཐའ་ཡོད་མ་ཡིན་མཐའ་མེད་མིན། །ཞེས་བཤད་དོ། །ཞེས་བཞི་བརྒྱ་པའི་ལུང་ཤེས་བྱེད་དུ་དྲངས་པས་རང་འགྲེལ་གྱི་དོན་མེད་དོ། །སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད་དང་། ཟླ་བ་གྲགས་པའི་འགྲེལ་པར། འགྲེལ་པ་དེའི་ཟུར་ཙམ་ཡང་མ་བྱུང་བ་བས་ཀྱང་ཤེས་སོ། །ཞེས་གསུངས་པ་ནི་མད་པར་སྣང་སྟེ། དེ་རང་འགྲེལ་ཡིན་ན་འགྲེལ་བྱེད་གཞན་རྣམས་ཀྱིས་འགྲེལ་པ་བྱེད་མི་རིགས་པའམ། རྟེན་འབྲེལ་གྱི་བཤད་པའི་སྐབས་སུ་འགྲེལ་པ་གཞན་རྣམས་དང་མི་མཐུན་པར་སྣང་བས། འགྲེལ་བྱེད་གཞན་རྣམས་ཀླུ་སྒྲུབ་ཉིད་ལ་རྒོལ་བར་ཐལ་བའི་ཕྱིར་རོ། །སློབ་དཔོན་ཟླ་བས། རང་རྒྱུད་པ་དག་གིས་རང་རྒྱུད་ཀྱི་ངག་སྦྱོར་བ་འགྲེལ་བའི་ལུགས་ཡིན་ཅེས་པའི་ལན་དུ་སློབ་དཔོན་གྱིས་རྩོད་པ་ཟློག་པའི་འགྲེལ་པ་མཛད་པ་ན་ཡང་། རང་རྒྱུད་ཀྱི་ངག་མ་གསུངས་པའི་ཕྱིར་ཞེས་གསུངས་པས་ཀྱང་ཤེས་ཏེ། གཞན་དུ་ན་རང་འགྲེལ་ལས་ཀྱང་མ་གསུངས་པའི་ཕྱིར་རོ། །ཞེས་གསུངས་རིགས་པའི་ཕྱིར་རོ། །ཁ་ཅིག་འགྲེལ་པ་འདིར་དེ་ནི་དག་ཉིད་ལ་དོན་དམ་པར་བདེན་པ་ཉིད་ཡིན་པས་དོན་དམ་པའི་བདེན་པའོ་ཞེས་བཤད་པ་དེ། རང་ཉིད་ཆོས་དབྱིངས་བདེན་གྲུབ་ཏུ་འདོད་པའི་གྲུབ་མཐའ་ལ་ཕན་དུ་རེ་ནས། བཙུན་པ་འཕགས་པ་ལྷས་ཀྱང་ཞེས་ཞེ་ས་མ་གསུངས་ཤིང་། དེའི་ཐད་དུ་སངས་རྒྱས་བསྐྱངས་ཀྱིས་སློབ་དཔོན་འཕགས་པ་ལྷས་ཀྱང་ཞེས་ཞེ་ས་གསུངས་པས་རང་འགྲེལ་ཡིན་ནོ་ཞེས་སྨྲ་བ་ནི། གསུང་རབ་དང་འཇིག་རྟེན་གྱི་ཞེ་སའི་ཁྱད་པར་མ་ཕྱེད་པ་སྟེ། གསུང་རབ་ལས་སློབ་དཔོན་ལས་བཙུན་པ་ཞེ་ས་ཆེ་བའི་ཕྱིར་ཏེ། བཙུན་པ་བཅོམ་ལྡན་འདས་ཞེས་ཞེ་ས་ཡིན་གྱི། སློབ་དཔོན་བཅོམ་ལྡན་འདས་ཞེས་བརྗོད་ན་ཞེ་སར་མི་འགྱུར་བའི་ཕྱིར་རོ། །ཞེས་དང་། ཡང་དེ་ཉིད་ལས། རིགས་ཚོགས་གཞན་གསུམ་ལ་རང་འགྲེལ་ཡོད་པས་སློབ་དཔོན་ཟླ་བས་འགྲེལ་པ་མ་མཛད་ཅིང་། རྩ་ཤེར་དང་། རིགས་པ་དྲུག་ཅུ་པ་གཉིས་ལ་རང་འགྲེལ་པ་མཛད་པ་འདིས་ཀྱང་ཤེས་པར་གྱིས་ཤིག །ཅེས་རྗེ་རིན་པོ་ཆེའི་གསུང་གཞིར་བཟུང་ནས་རིགས་པ་གསར་པ་འགའ་རེ་གསུང་པ་ནི་རྨད་དུ་བྱུང་བའི་ལེགས་བཤད་ལོས་སྙམ་སྟེ་སྤོབས་པ་སྔར་ལས་ལྷག་པར་འཕེལ་སོང་།
༤ རང་ལུགས་ཀྱི་འདོད་ཚུལ་འགོད་པ།
ཁ་ཅིག་གིས། ག་ལས་འཇིགས་མེད་ནི་ཀླུ་སྒྲུབ་ཀྱིས་བརྩམས་ཀྱང་རྩ་ཤེར་རྩོམ་པ་པོ་ཀླུ་སྒྲུབ་དང་ག་ལས་འཇིགས་མེད་རྩོམ་པ་པོ་ཀླུ་སྒྲུབ་གཉིས་གང་ཟག་ཐ་དད་པ་ཞིག་ཡིན་ནམ་སྙམ། རྒྱུ་མཚན་ནི། རྒྱ་གར་དུ་མིང་འདྲ་ལ་གང་ཟག་མི་འདྲ་བ་ཤིན་ཏུ་མང་། ཡང་རྒྱ་གར་ལྷོ་ཕྱོགས་སུ་སློབ་དཔོན་ཀླུ་སྒྲུབ་དང་མིང་མཐུན་པའི་ས་ཞིག་ཡོད་དེ། ཀླུ་སྒྲུབ་ཀོཎ་ཌ(Nagrjunakond )ཞེས་པ་ལྟར་ན།[33] རྒྱ་གར་དུ་ཀླུ་སྒྲུབ་ཞེས་པའི་ཐ་སྙད་འཇུག་ས་འདྲ་མིན་སྣང་། དཔེར་ན། དུས་རབས་དང་པོར་བྱུང་བའི་དབུ་མ་ཀླུ་སྒྲུབ་དང་དུས་རབས་བརྒྱད་པའི་རྗེས་སུ་བྱུང་བའི་གསང་སྔགས་ཀླུ་སྒྲུབ་ཟེར་བ་དང་། ཡང་འཇུག་པ་རྩོམ་པ་པོ་ཟླ་བ་གྲགས་པ་དང་རིགས་པ་དྲུག་ཅུ་པའི་རྩོམ་པ་པོ་ཟླ་བ་གྲགས་པ་ཟེར་བ་ལྟར་བུའོ། ། འོན་ཀྱང་རྩ་ཤེར་གྱི་རྩོམ་པ་པོ་དང་རྩ་ཤེར་རང་འགྲེལ་མིན་ཚུལ་ནི་ཤིན་ཏུ་གསལ།
ཁོ་བོས་སྔ་ནས་འདི་ལྟར་བསམས་མོད། འོན་ཀྱང་གལ་ཏེ་ཀླུ་སྒྲུབ་སྔ་ཕྱི་གཉིས་བྱུང་ཚུལ་ཡོད་པའི་དབང་དུ་བཏང་ནའང་ག་ལས་འཇིགས་མེད་ཀྱི་རྩོམ་པ་པོ་དང་རྩ་ཤེར་རྕོམ་པ་པོ་གཉིས་གཅིག་ཡིན་མིན་དང་ག་ལས་འཇིགས་མེད་འདི་ཉིད་རྩ་ཤེར་རྩོམ་པ་པོ་ཀླུ་སྒྲུབ་ཀྱིས་མཛད་པར་དཔྱད་པ་ལས་སྔ་ནས་འཕགས་ཡུལ་གྱི་མཁས་དབང་དང་བོད་ཀྱི་དྲན་པའི་དབང་པོ་དག་གིས་རྩ་ཤེར་རྩོམ་པ་པོ་ཀླུ་སྒྲུབ་ལས་གཞན་པའི་ག་ལས་འཇིགས་མེད་ཀྱི་རྩོམ་པ་པོ་ཀླུ་སྒྲུབ་བཞེད་པ་ནི་གཅིག་ཀྱང་མེད་པས་ཤེས་ནུས་སོ། །འོ་ན་ག་ལས་འཇིགས་མེད་ཀྱི་རྩོམ་པ་པོ་ཀླུ་སྒྲུབ་མིན་ན་གང་ཡིན་སྙམ་ན་དེ་ཡང་མདོ་སྔགས་རབ་འབྱམས་སྨྲ་བའི་མཁས་མཆོག་རྗེ་བཙུན་འཇམ་དཔལ་པཎ་ཆེན་བསོད་ནམས་གྲགས་པ་དཔལ་བཟང་པོ་མཆོག་གིས་མཛད་པའི་དབུ་མའི་སྤྱི་དོན་[34]ལས། དེས་ན་པཎྜི་ཏ་ག་ལས་འཇིགས་མེད་ཅེས་པ་ཅིག་གིས་བརྩམས་པར་འདོད་དེ། དཔེར་ན། བུདྡྷཱ་པཱ་ལི་ཏས་བརྩམས་པའི་འགྲེལ་པ་ལ་བུངྔྷཱ་པཱ་ལི་ཏ་ཞེས་བརྗོད་བཞིན་པ་བཞིན་ནོ། །
གོང་དུ་དྲངས་ཟིན་པའི་ཏའི་སི་ཏུ་ཆེན་པོ་རྣམ་རྒྱལ་གྲགས་པའི་དྲིས་ལན་ལས་ཀྱང་ཁ་ཅིག་ན་རེ། ག་ལས་འཇིགས་མེད་འགྲེལ་པ་བྱེད་པ་པོའི་མིང་ཡིན་ཏེ། བུངྔྷ་པཱ་ལི་ཏ་བཞིན་ཟེར་རོ། །ཞེས་རྒྱ་གཞུང་རྣམས་སུ་མཛད་པ་པོའི་མིང་བསྟན་བཅོས་ལ་བཏགས་པ་མང་བས་འདི་ཡང་དེ་བཞིན་དུ་བཞེད་པ་གསུངས་པ་ནི་བདེན་པའི་ཤས་ཆེའོ། །རིགས་ཚོགས་ཟླཊཱིཀ་ཆེན་མོ་ལས[35]། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་ཐང་ལས། བོད་དབུ་མའི་ལུང་པ་ན་མཁས་པ་བུས་དོགས་སློང་ཙམ་ཡང་ད་ལྟའི་བར་མེད་པ་ནི་ཤིན་ཏུ་ངོ་མཚར་རོ་སྙམ། ཞེས་ག་ལས་འཇིགས་མེད་རབ་བྱེད་ཐ་མ་ལྔའི་འགྲེལ་པ་དང་སངས་རྒྱས་བསྐྱངས་ཀྱི་བུ་ངྔྷ་པཱ་ལི་ཏའི་རབ་བྱེད་ཐ་མ་ལྔ་ལ་མི་འདྲ་བའི་ཁྱད་པར་མེད་པ་འདི་ད་ལྟའི་བོད་ཀྱི་མཁས་པ་སུས་ཀྱང་མ་མཐོང་བ་གསུངས་པ་ནི། རྗེ་དགེ་འདུན་གྲུབ་ཀྱི་གསུང་རྣམ་རྒྱལ་པའི་དྲིས་ལན་སྔ་ནས་དོགས་སློང་དང་ཞིབ་ཆ་མཛད་ཟིན་པ་གཞུང་དེ་མ་མཐོང་བ་ཙམ་དུ་ཟད། ཡང་གསེར་ཐང་ལས། དོགས་པ་ཤིན་ཏུ་ཆེ་བ་ནི་ག་ལས་འཇིགས་མེད་ལེའུ་ཐ་མ་ལྔ་ཀ་སངས་རྒྱས་ཀྱི་འགྲེལ་པ་དེ་རང་འདུག་ཅིང་།[36] ཞེས་གསུངས་པ་ཡངས་རགས་བཤད་ཙམ་སྟེ། ག་ལས་འཇིགས་མེད་ཀྱི་རབ་བྱེད་ཉེར་གསུམ་པའི་ཚིགས་བཅད་བཅུ་བདུན་པ་མན་ཆད་ཀྱི་འགྲེལ་པ་ནི་སངས་རྒྱས་བསྐྱངས་ཀྱི་འགྲེལ་པ་དང་ཚིག་དོན་གཉིས་ཀ་གཅིག་ཏུ་འདུག་པ་ཙམ་ལས་རབ་བྱེད་ཉེར་གསུམ་པའི་འགྲེལ་པ་ཡོངས་ཚིག་གཅིག་པ་མིན་ནོ། །ཞེས་གསུངས་པ་ལྟར་ཁོ་བོས་ཀྱང་ག་ལས་འཇིགས་མེད་ཀྱི་རབ་བྱེད་ཉེར་གསུམ་པ་དང་བུངྔྷ་པཱ་ལི་ཏའི་རབ་བྱེད་ཉེར་གསུམ་པ་གཉིས་ཀ་བཀླགས་ཟིན་ཡང་ཡོངས་ཚིག་ནི་གཅིག་པ་མིན་ནོ། །
གོང་དུ་ཤེས་བྱེད་ཀྱི་ལུང་དང་། འཕགས་བོད་ཀྱི་མཁས་པའི་གསུང་ཚུལ་བཀོད་ཟིན་པས་འདིར་རིགས་པའི་སྒོ་ནས་དཔྱད་ན། བསྟན་བཅོས་ག་ལས་འཇིགས་མེད་དབུ་མ་རྩ་བ་ཤེས་རབ་ཀྱི་རང་འགྲེལ་མིན་པར་བཞེད་ན་རྒྱུ་མཚན་ཡང་དག་ཏུ་མཐོང་། རིགས་པ་དང་པོ་ནི། ག་ལས་འཇིགས་མེད་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པ་མིན་ཏེ། རབ་བྱེད་ཉེར་གཅིག་པའི་འགྲེལ་པ་ག་ལས་འཇིགས་མེད་ལས། དེ་དག་མེད་ན་དུས་ལ་སོགས་པ་དག་ཡོད་པར་ག་ལ་འགྱུར་ཏེ། སྟོང་པ་ཉིད་བདུན་ཅུ་པ་ལས་ཀྱང་། དངོས་དང་དངོས་མེད་ཅིག་ཅར་མེད། །དངོས་མེད་མེད་པར་དངོས་པོ་མེད། །རྟག་ཏུ་དངོས་དང་དངོས་མེད་འགྱུར། དངོས་མེད་དངོས་པོ་མེད་མི་འབྱུང་། །དངོས་པོ་མེད་པར་དངོས་མེད་མེད། །བདག་ལས་མ་ཡིན་གཞན་ལས་མིན། །དེ་ལྟ་བས་ན་དངོས་པོ་མེད། །དེ་མེད་ན་ནི་དངོས་མེད་མེད། །དངོས་པོ་ཡོད་པ་ཉིད་ན་རྟག །མེད་ན་ངེས་པར་ཆད་པ་ཡིན། །དངོས་པོ་ཡོད་ན་དེ་གཉིས་ཡིན། །དེ་ཕྱིར་དངོས་པོ་ཁས་བླངས་མིན། །[37]ཞེས་སྟོང་ཉིད་བདུན་ཅུ་པའི་ལུང་ཤེས་བྱེད་དྲངས་པས་བསྟན་བཅོས་གང་ཡིན་རུང་རང་ཉིད་ཀྱིས་བརྩམས་པའི་གཞུང་ཤེས་བྱེད་དུ་དྲངས་པ་ནི་ལྷ་ལམ་ཡངས་པའི་དབུས་སུ་མེ་ཏོག་པདྨ་དཀར་པོ་བཞད་པ་དང་འདྲ།
ཡང་གལ་ཏེ་ག་ལས་འཇིགས་མེད་རྩ་ཤེར་གྱི་རང་འགྲེལ་ཡིན་ན་མགོན་པོ་ཀླུ་སྒྲུབ་ཀྱི་སློབ་མ་དག་གིས་བརྩམས་པའི་རྩ་ཤེར་གྱི་རྣམ་བཤད་སོགས་ལས་ངེས་པར་དུ་དྲངས་དགོས་ལས་མ་དྲངས་པ་དང་གཅིག ག་ལས་འཇིགས་མེད་ཀྱི་སྐོར་ཚད་ལྡན་གྱི་དབུ་མའི་བསྟན་བཅོས་རྣམས་སུ་ཟུར་ཙམ་ཡང་མེད་པ་དང་གཉིས། ག་ལས་འཇིགས་མེད་དང་སློབ་དཔོན་གཞན་རྣམས་ཀྱིས་མཛད་པའི་རྩ་ཤེར་གྱི་འགྲེལ་པ་གཉིས་ལ་མི་མཐུན་པ་ཤིན་ཏུ་མང་པ་དང་གསུམ། བསྟན་བཅོས་སུ་ལུང་དྲངས་པ་ནི་རང་བཟོ་མིན་པར་བསྟན་པ་དང་ཁུངས་ཙམ་གྱིས་ཟད་དོ། ། གལ་ཏེ་རང་འགྲེལ་ཡིན་ན་སློབ་དཔོན་འཕགས་པ་ལྷའི་ལུང་དྲངས་ན་ཁུངས་སུ་ཇི་ལྟར་འགྲོ་བ་དང་བཞི། ཡང་གལ་ཏེ་རྩ་ཤེར་གྱི་རང་འགྲེལ་ཡིན་ན་བུངྔྷ་པཱ་ལི་ཏའི་རབ་བྱེད་ཐ་མ་བཞི་ནི་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པ་མ་ཡིན་པར་ཐལ་ལོ། ། དེ་གཉིས་ཀྱི་རབ་བྱེད་ཐ་མ་བཞི་ལ་ཚིག་དོན་གང་གི་ཆ་ནས་ཀྱང་ཁྱད་པར་ཅུང་ཙམ་མེད་དོ།།[38] གཞན་ཡང་ད་དུང་རིགས་པ་ཤིན་ཏུ་མང་ཡང་ཕལ་མོ་ཆེ་གོང་དུ་བྲིས་ཟིན་པས་འདིར་བསྐྱང་ཟློས་བྱས་ན་དགེ་མཚན་མ་མཆིས་སོ། །
འོ་ན་གོང་དུ་དྲངས་པའི་ལམ་སྒྲོན་དཀའ་འགྲེལ་སོགས་ཀྱི་ལུང་དང་མི་འགལ་ལམ་ཞེ་ན། ཤིན་ཏུ་འདོད་དེ། དང་པོ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་གསུང་དང་མི་འགལ་ཏེ་རྗེ་དགེ་འདུན་གྲུབ་ཀྱི་དྲིས་ལན་ལས་སྤྱན་རས་གཟིགས་བརྟུལ་ཞུགས་ལས་དེ་སྐད་དུ་བཤད་མོད། འདི་ནི་མི་ཤེས་པ་ཞིག་གིས་འགྲེལ་པ་དེར་བཅུག་པར་སྣང་ངོ་། །ཞེས་གསུངས་པ་ལྟར་ན་སྤྱན་རས་གཟིགས་བརྟུལ་ཞུགས་རང་ཉིད་ཀྱིས་བཞེད་པ་མིན་ཚུལ་གོ་ནུས་པས་མི་འགལ། གཉིས་པ་བྱང་ཆུབ་ལམ་སྒྲོན་དཀའ་འགྲེལ་གྱི་ལུང་དང་མི་འགལ་ཏེ། དཀའ་འགྲེལ་ལས་ཡོད་པ་ནི་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་གསུང་བཞིན་དུ་འཁོད་པ་དེ་བསྐྱང་ཟློས་ཙམ་དང་གཏམ་གསར་ཚངས་པའི་ཞལ་ལུང་ལས། ཚིག་འདི་དག་ཇོ་བོ་རྗེའི་གསུང་ཡང་མ་ཡིན་ཏེ། དྲང་ངེས་ལེགས་བཤད་སྙིང་པོ་ལས། ལེགས་ལྡན་འབྱེད་ནི་དེ་བ་ཤར་མའི་འགྲེལ་པ་དཀར་པོ་རྣམ་པར་འཆར་བའི་རྗེས་སུ་འབྲང་བར་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་བཤད་དོ། །ཞེས་སློབ་དཔོན་ལེགས་ལྡན་འབྱེད་དེ་དེ་བཤར་མས་མཛད་པའི་དཀར་པོ་རྣམ་པར་འཆར་བའི་རྗེས་སུ་འབྲང་བར་གསུངས་པ་དང་། མཁས་པ་ཁང་དཀར་ཚུལ་སྐལ་གྱི་དེབ་སྔོན་གསར་མ་ལས། དེ་ཝ་ཤརྨ་ནི་དེང་སང་མཇལ་རྒྱུ་མེད་ཀྱང་ཤེས་རབ་སྒྲོན་མར་ཐེངས་གཉིས་ལུང་འདྲེན་བྱས་ཡོད་པས་སྐབས་དེར་བཞུགས་པར་དོགས་པ་མེད། ཅེས་གསུངས་པ་ལྟར་ཡིན་ཀྱང་དཀའ་འགྲེལ་འདིར་གོ་ལྡོག་སྟེ་ཨཱ་ཙཱརྱ་དེ་བ་ཤརྨས་མཛད་པའི་དབུ་མ་དཀར་པོ་འཆར་བ་དེ་ཤེས་རབ་སྒྲོན་མའི་འགྲེལ་ཆེན་ཡིན་པར་གསུངས་པས་སོ། །མཁས་པ་ཆེན་པོ་ཇོ་བོ་རྗེ་རགས་པ་འདི་ཙམ་ལ་འཁྲུལ་པ་ག་ལ་མངའ། ལམ་སྒྲོན་དཀའ་འགྲེལ་ལ་གཞན་གྱིས་བཅུག་པའི་ཚིག་བསླད་དུ་མ་ཡོད་པ་རྗེ་ཙོང་པ་ཆེན་པོས་བྱང་ཆུབ་ལམ་རིམ་དུ་གསུངས་པ་ལ་ངེས་ཤེས་ལྷག་པར་སྟེར་རོ། །ཡང་ལམ་སྒྲོན་དཀའ་འགྲེལ་དུ་རྩ་ཤེར་འགྲེལ་པ་བརྒྱད་དུ་གྲངས་ངེས་བྱས་པ་ཡང་མི་འཐད་དེ། སློབ་དཔོན་ཐོགས་མེད་ཀྱིས་མཛད་པར་གྲགས་པའི་རྩ་ཤེར་འགྲེལ་པ་བཅས་ཡོད་པའི་ཕྱིར་རོ། །
ཞེས་བོད་གངས་ཅན་གྱི་མཁས་པའི་དབང་པོ་དག་གིས་ལེགས་པར་དཔྱད་ཟིན་པ་ལས་ལྷག་པ་ཅི་ཡང་མ་མཆིས་ཀྱང་རང་ཉིད་ཀྱིས་དཔེ་ཀློག་ཟིན་བྲིས་ཚུལ་དུ་འདིར་བཀོད། འཁོན་དཀོན་མཆོག་རང་རྒྱལ་གྱིས་ཕྱི་ལོ་༢༠༢༤ལོའི་ཟླ༡༡ཚེས་༡༧ཉིན་མཇུག་རྫོགས་པར་དགེ་ལེགས་སུ་ཕུལ།
དཔྱད་གཞིའི་ཡིག་ཆ།
[1] ནུབ་ཕྱོགས་པས་རྗེའི་དབུ་མའི་ལྟ་བར་ལྟ་ཚུལ་གླེང་བ། ཤོག་གྲངས་༦༠༡ལས་གསལ། 【C】ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་།
[2] བྱང་ཆུབ་ལམ་རིམ་ཆེན་མོ། ཤོག་གྲངས་༣ལས་གསལ། སེར་བྱེས་རིག་མཛོད་ཆེན་མོ།【M】 བཀྲ་ཤིས་ལྷུན་པོའི་ཤིང་པར་ལ་གཞི་བཅོལ་བ། 2017ལོའི་པར་མ།
[3] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཤོག་གྲངས་༢༥༩ལས་ཀླུ་སྒྲུབ་ཀྱི་རྣམ་ཐར་གསལ། DB/OL
[4] དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། ཤོག་གྲངས་༤༡༢ལས་གསལ། DB/OL ལེའུ་བཞི་པ།
[5] ཀླུ་སྒྲུབ་རྣམ་ཐར་ལེགས་བཤད་ཀུན་བཏུས། ཤོག་གྲངས2ལས་གསལ། མི་རིགས་དཔེ་སྐྲུན་ཁང་། 【M】བཞག་པ་གསུང་རྩོམ་དཔེ་ཚོགས་པོད་དང་པོ། 2019ལོའི་པར་མ།
[6] བུ་སྟོན་ཐམས་ཅད་མཁྱེན་པ།1290-1364 ཇོ་ནང་ཏཱ་ར་ནཱ་ཐ། 1574-1634
[7] ལོ་ཆེན་གཞོན་ནུའི་སྲོག[kuma^raji^va][鸠摩罗什] 344-413
[8] རྒྱ་གར་གྱི་ནང་པའི་ལྟ་གྲུབ་ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ། 《インド仏教思想》 ཤོག་གྲངས་30ལས་གསལ། གངས་ལྗོངས་ནང་རིག་མཐུན་ཚོགས་ཀྱིས་པར་སྐྲུན་བྱས། 【M】1988ལོའི་པར་མ། དེབ་སྔོན་གསར་མ་ཡང་འབོད། སྨད་ཆ།
[9] ཀླུ་སྒྲུབ་ཀྱི་མཚན་ Nāgārjunaརྒྱ་གར་སྐད་དུ་ནཱ་གཱརྫུ་ན་སྟེ། ནཱ་ག་ནི་ཀླུ་སྟེ། ཆོས་ཀྱི་དབྱིངས་སུ་སྐྱེས་པ་རྟག་ཆད་གཉིས་ཀྱི་མཐའ་ལ་མི་གནས་པ། གསུང་རབ་རིན་པོ་ཆེའི་བང་མཛོད་ལ་མངའ་བརྙེས་པ། སྲེག་ཅིང་གསལ་བའི་ལྟ་བ་དང་ལྡན་པས་ཀླུའོ། །ཨརྫུ་ན་ནི་སྲིད་སྒྲུབ་སྟེ། །ཆོས་ཀྱི་རྒྱལ་སྲིད་སྐྱོང་བ་དང་། །ཉེས་པའི་དགྲ་ཚོགས་འདུལ་བས་སྲིད་སྒྲུབ་སྟེ། ཀླུ་སྒྲུབ་ཞེས་བུ་སྟོན་རིན་པོ་ཆེས་གསུངས་པ་དང་། གཞན་ཡང་རྒྱ་ཡིག་ཏུ་ཀླུ་ཡི་སྡོང་བོ་དང་ཀླུ་དཔལ་བོ་ཞེས་གཉིས་བསྒྱུར་ཏེ། 唐言龙猛,旧译曰龙树 མདོར་ན་ཤིང་སྡོང་ཞིག་གི་གན་དུ་འཁྲུངས་པ་ཡིན་པས་སོ།།
[10] རྒྱ་གར་གྱི་ནང་པའི་ལྟ་གྲུབ་ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ། 《インド仏教思想》ཤོག་གྲངས་32ལས་གསལ། གངས་ལྗོངས་ནང་རིག་མཐུན་ཚོགས་ཀྱིས་པར་སྐྲུན་བྱས། 【M】1988ལོའི་པར་མ། དེབ་སྔོན་གསར་མ་ཡང་འབོད། སྨད་ཆ།
[11] དབུ་མ་འཇུག་པ་སོགས་ཀྱི་བྱེད་པོ་དཔལ་ལྡན་ཟླ་བ་གྲགས་པ(600-650)
[12] སྡེ་བསྟན། དབུ་མ། པོད་ཙ་པ། དེབ་གཟུགས་པོད་གོ་དྲུག་པ། DTG096-Page_0057
[13] སྡེ་བསྟན། དབུ་མ། པོད་ཙ་པ། ཤོག་གྲངས་༡༩༦ལས་གསལ། དེབ་གཟུགས་པོད་གོ་དྲུག་པ། DTG096-Page_0057
[14] ག་ལས་འཇིགས་མེད་རང་འགྲེལ་ཡིན་མིན་ལ་དཔྱད་པ་གཏམ་གསར་ཚངས་པའི་ཞལ་ལུང་། DB/OL 2022ལོའི་དཔྱད་རྩོམ། 【C】
[15] སྡེ་བསྟན། དབུ་མ། པོད་ཙ་པ། ཤོག་གྲངས་༩༨-བ། ལས་གསལ། དེབ་གཟུགས་པོད་གོ་དྲུག་པ། DTG096-Page_0057
[16] དཀར་ཆག་འཕང་ཐང་མ། ཤོག་གྲངས་༣༨་ལས་གསལ། མི་རིགས་དཔེ་སྐྲུན་ཁང་། 【M】
[17] བུ་སྟོན་ཆོས་འབྱུང་། ཤོག་གྲངས་༢༣༣ལས་གསལ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 【M】
[18] བྱང་ཆུབ་ལམ་གྱི་སྒྲོན་མའི་དཀའ་འགྲེལ། སྡེ་བསྟན། དབུ་མ། པོད་ཁི་པ། ཤོག་གྲངས་༡༡༡ལས་གསལ། DB/OL
[19] འགྲེལ་པ་ག་ལས་འཇིགས་མེད། ཤོག་གྲངས་༢༧༦ལས་གསལ། སེར་བྱེས་རིག་མཛོད་ཆེན་མོ། DB/OL
[20] དགེ་བཤེས་སངས་རྒྱས་ཚེ་རིང་ལགས་ཀྱི་དཔྱད་རྩོམ་དུ་བཀོད་བཞིན་འདིར་དྲངས།【C】 ཀ་ལ་འཇིགས་མེད་ཅེས་བྲིས་འདུག་པས་མ་དཔེ་ནང་དེ་ལྟར་ཡོད་མེད་མི་ཤེས་སོ། །
[21] ལྟ་བ་ངན་སེལ། (2) DTG051 (1) JKD (1)ཀུན་མཁྱེན་དོལ་པོ་པའི་གསུང་འབུམ། (1)གསང་བ་ཆེན་པ། (1)
[22] ཇོ་ནང་ཏཱ་ར་ནཱ་ཐའི་གསུང་འབུམ། པོད་ཙ་པ། ཤོག་གྲངས་༢༠ལས་གསལ། དཔེ་རིང་། 【M】
[24] དྲང་ངེས་ལེགས་བཤད་སྙིང་པོ། རྗེའི་གསུང་འབུམ། པོད་ཕ་པ། ཤོག་གྲངས་༥༠༣ལས་གསལ། སེར་བྱེས་རིག་མཛོད་ཆེན་མོ། DB/OL
[25] སྡེ་བསྟན། དབུ་མ། ག་ལས་འཇིགས་མེད། ཤོག་གྲངས་༢༧༣ལས་གསལ། རབ་ཏུ་བྱེད་པ་ཉི་ཤུ་བདུན་པ་ལྟ་བ་བརྟག་པ། 【M】 སེར་བྱེས་རིག་མཛོད་ཆེན་མོ། DB/OL དེ་ཉིད་ལས། གང་གི་ཕྱིར་དེ་ལྟ་མ་ཡིན་པ་དེའི་ཕྱི་འཇིག་རྟེན་མཐའ་མེད་ཅེས་བྱ་བ་ཡང་མི་འཐད་དོ། །བཙུན་པ་འཕགས་པ་ལྷས་ཀྱང་། ཉན་པ་པོ་དང་མཉམ་བྱ་དང་། །སྨྲ་པོ་འབྱུང་བ་ཤིན་ཏུ་དཀོན། །དེ་ཕྱིར་མདོར་ན་འཁོར་བ་ནི། །མཐའ་ཡོད་མ་ཡིན་མཐའ་མེད་མིན། །ཞེས་བཤད་དོ། །ད་ནས་འཇིག་རྟེན་མཐའ་ཡོད་ཀྱང་ཡོད་ལ་མཐའ་མེད་ཀྱང་མེད་ཅེས་བྱ་བ་དེ་ཡང་མི་འཐད་དོ། ། ཞེས་གསུངས་སོ། །
[26] རྣམ་འགྲེལ་ཐར་ལམ་གསལ་བྱེད། ལེའུ་དང་པོ། ཤོག་གྲངས་༤༢༢ལས་གསལ།【M】 DB/OL
[27] རྗེའི་གསུང་འབུམ། པོད་བ་པ། ཤོག་གྲངས་༥༢ལས་གསལ། 【M】 སེར་བྱེས་རིག་མཛོད་ཆེན་མོ།
[28] ཁྱད་འཕགས་ལྟ་བའི་ཡང་སྙིང་། པོད་ཆ་པ། ཤོག་གྲངས་༤༤༣ལ་བཞུགས། 【C】
[29] དབུ་མ་རྩ་བའི་འགྲེལ་པ་བུངྔྷ་པཱ་ལི་ཏ། རབ་བྱེད་ཉེར་བཞི་པ། ཤོག་གྲངས་༣༢༩ལས་གསལ། DB/OL
[30] སྡེ་བསྟན། དབུ་མ། ག་ལས་འཇིགས་མེད། ཤོག་གྲངས་༢༧༣ལས་གསལ། རབ་ཏུ་བྱེད་པ་ཉི་ཤུ་རྩ་བཞི་པ་འཕགས་པའི་བདེན་པ་བརྟན་པ། ཤོག་གྲངས་༢༤༠ལས་གསལ། 【M】སེར་བྱེས་རིག་མཛོད་ཆེན་མོ།
[31] སྟོང་ཐུན་སྐལ་བཟང་མིག་འབྱེད། ཤོག་གྲངས་༨༡ལས་གསལ། འཕྲུལ་དེབ། སྒྲིག་པ་པོ་མི་གསལ། Book
[32] རྒྱལ་པོ་ཟླ་བ་བཟང་པོའི་རྣམ་འཕྲུལ་ཏའི་སི་ཏུ་ཆེན་པོ་རྣམ་རྒྱལ་གྲགས་པའི་དྲི་བའི་ལན། རྒྱལ་བའི་གསུང་འབུམ། པོད་ཆ་པ། ཤོག་གྲངས་༢༣༧ལས་གསལ། DB\OL
[33] དེབ་སྔོན་གསར་མ། ཤོག་གྲངས་༣༡ལས་གསལ། 【M】གངས་ལྗོངས་ནང་རིག་མཐུན་ཚོགས་ཀྱིས་པར་སྐྲུན་བྱས། ༡༩༨༨ལོའི་པར་མ།
[34] པཎ་ཆེན་གསུང་འབུམ། ཤོག་གྲངས་༢ལས་གསལ། 【M】འབྲས་སྤུངས་བློ་གསལ་གླིང་དཔེ་མཛོད་ཁང་གིས་པར་སྐྲུན་བྱས། ༢༠༡༥ལོའི་པར་མ།
[35] རིགས་ཚོགས་ཟླཊཱིཀ་ཆེན་མོ། ཤོག་གྲངས་༥༡ལས་གསལ།【M】ཟླ་བའི་དཔེ་ཚོགས་པོད་ཏ་པ། DLLS
[36] གཏམ་རྒྱུད་གསེར་ཐང་། ཤོག་གྲངས་༣༡༨ལས་གསལ། བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས
[37] སྡེ་བསྟན། དབུ་མ། པོད་ཙ་པ།
[38] དབུ་མ་རྩ་བའི་འགྲེལ་པ་བུངྔྷ་པཱ་ལི་ཏ། རབ་བྱེད་ཉེར་བཞི་པ། ཤོག་གྲངས་༣༢༩ལས་གསལ། DB/OL ་ལས། གལ་ཏེ་འགྲོ་བ་འདི་དག་ཀུན་སྟོང་ན་དེའི་ཕྱིར་འབྱུང་བ་མེད་ཅིང་འཇིག་པ་མེད་དོ། །དེ་དག་མེད་པས་འཕགས་པའི་བདེན་པ་བཞི་པོ་རྣམས་ཁྱོད་ལ་མེད་པར་ཐལ་བར་འགྱུར་རོ། །འཕགས་པའི་བདེན་པ་བཞི་མེད་པས་སྡུག་བསྔལ་ཡོངས་སུ་ཤེས་པ་དང་ཀུན་འབྱུང་བ་སྤང་བ་དང་ལམ་བསྒོམ་པ་དང་འགོག་པ་མངོན་སུམ་དུ་བྱ་བ་དག་འཐད་པར་འགྱུར་བ་མ་ཡིན་ནོ། །ཞེས་གསུངས་པ་དང་། སྡེ་བསྟན། དབུ་མ། ག་ལས་འཇིགས་མེད། ཤོག་གྲངས་༢༧༣ལས་གསལ། རབ་ཏུ་བྱེད་པ་ཉི་ཤུ་རྩ་བཞི་པ་འཕགས་པའི་བདེན་པ་བརྟན་པ། ཤོག་གྲངས་༢༤༠ལས་གསལ། 【M】སེར་བྱེས་རིག་མཛོད་ཆེན་མོ་ལས། གལ་ཏེ་འགྲོ་བ་འདི་དག་ཀུན་སྟོང་ན་དེའི་ཕྱིར་འབྱུང་བ་མེད་ཅིང་འཇིག་པ་མེད་དོ། །དེ་དག་མེད་པས་འཕགས་པའི་བདེན་པ་བཞི་པོ་རྣམས་ཁྱོད་ལ་མེད་པར་ཐལ་བར་འགྱུར་རོ། །འཕགས་པའི་བདེན་པ་བཞི་མེད་པས་སྡུག་བསྔལ་ཡོངས་སུ་ཤེས་པ་དང་། ཀུན་འབྱུང་བ་སྤང་བ་དང་ལམ་བསྒོམ་པ་དང་། འགོག་པ་མངོན་སུམ་དུ་བྱ་བ་དག་འཐད་པར་འགྱུར་བ་མ་ཡིན་ནོ། །ཞེས་ཚིག་དོན་གང་ཡིན་ཡང་ཆུ་ལ་ཆུ་བཞག་གོ།
– – – – –