གསོ་རིག་«རྒྱུད་བཞི་»དང་དེའི་ཕྱི་མོའི་བྱུང་ཚུལ་ལ་དཔྱད་པ།

གནད་ཚིག བདུད་རྩི་སྙིང་བོ། གསང་བ་མན་ངག་གི་རྒྱུད།  བདུད་རྩི་སྙིང་བོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད།

གླེང་སློང་བ།

དེ་ཡང་<དཔལ་ལྡན་རྒྱུད་བཞིའི>བྱུང་བ་ལ་ཞིབ་འཇུག་དང་དཔྱད་རྩོམ་སྤེལ་མཁན་མང་བོ་འདུག་ལ། ཁག་ཅིག་གིས་<རྒྱུད་ཆུང་བདུད་རྩི་སྙིང་བོའི>མཇུག་བྱང་ལ་གཞི་བཅོལ་ཏེ་བཙན་པོའི་སྐབས་ནས་ཡོད་པའི་<རྒྱུད་བཞི>ནི་<རྒྱུད་ཆུང་བདུད་རྩི་སྙིང་བོ>ཡིན་པར་འདོད། ཡང་ཁག་ཅིག་གིས་<འབུམ་བཞི>སྔར་ནས་ཡོད་པ་དེའི་མཚན་ལ་འགྱུར་བ་བཏང་སྟེ་<རྒྱུད་བཞི>བྱུང་བར་འདོད་ཀྱི་ཡོད། འོན་ཀྱང་། <རྒྱུད་བཞི>རྩོམ་སྐབས་<ཡན་ལག་བརྒྱད་པར་>གཞི་བཅོལ་ནས་བརྩམས་པ་ཧ་ཅང་གསལ་ལ། <འབུམ་བཞིའི>རྩོམ་ཚུལ་ཡང་དེ་ལས་མ་འདས་པས་<རྒྱུད་བཞིའི་>སྔོན་དུ་<འབུམ་བཞི་>ཡོད་པར་འདོད་པ་དེ་གཞི་འཛིན་ས་གང་ཡང་མེད་པ་ཞིག་རེད།

འདིར་ང་ཚོས། ༡ ཅིའི་ཕྱིར་<རྒྱུད་བཞི>སངས་རྒྱས་ཀྱི་བཀའ་ཡིན་པར་སྒྲུབ་ཀྱི་ཡོད་པ་དང་། ༢ ཅིའི་ཕྱིར་རྒྱུད་ཆུང་བདུད་རྩི་སྙིང་བོའམ་<བདུད་རྩི་སྙིང་བོ་གསང་བ་མན་ངག་གི་རྒྱུད>ཅེས་པ་སངས་རྒྱས་ཀྱི་བཀའ་བ་ཡིན་པར་སྒྲུབ་ཀྱི་མེད། ༣ ཅིའི་ཕྱིར་རྒྱལ་དབང་ལྔ་བ་སོགས་ཀྱི་<རྒྱུད་བཞིའི་>གསན་ཡིག་ཏུ་རོག་སྟོན་དཀོན་མཆོག་སྐྱབས་དང་གྲྭ་པ་མངོན་ཤེས་ཅན་སོགས་བརྒྱུད་དེ་ཁྲི་སྲོང་ལྡེའུ་བཙན་དང་བཻ་རོ་ཙ་ན་སོགས་ལ་གཏུགས་དགོས་པ་རེད་ཅེས་དོགས་སློང་ཞིག་བྱས་ན། <རྒྱུད་བཞིའི>ཕྱི་མོ་ཞིག་ཅིས་ཀྱང་སྔར་ནས་ཡོད་དགོས་པས། དཔེ་རྙིང་ཁག་ལ་ཁུངས་གཏུགས་ཀྱིས་<རྒྱུད་བཞི>དང་ཕྱི་མོའི་རྒྱུད་དེ་གང་ཡིན་དང་ཇི་ལྟར་བྱུང་ཚུལ་ལ་ཅུང་ཙམ་དཔྱད་ན། རྒྱུད་<བདུད་རྩི་སྙིང་བོ>ཞེས་པའི་<རྒྱུད་བཞིའི>ཕྱི་མོ་ཞིག་ཡོད་པ་གསལ་པོར་མཐོང་ཐུབ།

རྒྱལ་པོའི་བླ་ཡིག་འོད་འབར།

ད་ལྟའི་<རྒྱུད་བཞི>རྩོམ་དུས་དང་བཀའ་རྒྱ་ལས་ཡོངས་སུ་བཀྲོལ་དུས།

ད་ལྟའི་<རྒྱུད་བཞི་>འདི་ཆ་ཚང་བ་ཞིག་ཏུ་སྒྲིག་གནང་མཛད་མཁན་ནི་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་( 1126-1201)དང་། སུམ་སྟོན་ཡེ་ཤེས་གཟུངས་ཡིན་ལ། རྒྱུད་ཆུང་བདུད་རྩི་སྙིང་བོའམ་<བདུད་རྩི་སྙིང་བོ་གསང་བ་མན་ངག་གི་རྒྱུད>ཅེས་པའི་ལེའུ་བརྒྱ་དང་གཅིག་གི་བདག་ཉིད་ཅན་ཞིག་ཀྱང་<རྒྱུད་བཞིའི>སྔོན་དུ་བརྩམས། ཁག་ཅིག་གིས་<རྒྱུད་ཆུང་བདུད་རྩི་སྙིང་བོ་>རྗེས་སུ་བརྩམས་པར་འདོད། འོན་ཀྱང་། ཁོ་བོའི་བསམ་པར་<རྒྱུད་ཆུང་བདུད་རྩི་སྙིང་བོ>ཐོག་མར་བརྩམས་པ་དང་། <རྒྱུད་བཞི་>ནི་དེ་ཉིད་ཇེ་རྒྱས་སུ་བཏང་ནས་གྲུབ་པར་འདོད། རྒྱུ་མཚན་གང་ཞེ་ན། སུམ་སྟོན་ཡེ་ཤེས་གཟུངས་ནི་ཁོང་གི་སྐུ་ཚེ་སྨད་ཀྱི་སློབ་མ་ཡིན་པ་དང་། <རྒྱུད་བཞི་>རྩོམ་སྒྲིག་གནང་བར་ཁོང་གིས་ཕྱག་རོགས་རྒྱ་ཆེར་ཞུས་འདུག་པ་ནི། “མཁས་པ་གཡུ་ཐོག་མགོན་པོ་དེ། །རིག་པའི་ཡེ་ཤེས་ལེགས་པ་འདྲ། །དངོས་རང་ཡིད་ལས་སྐྱེས་སམ་སྙམ། །”[1]ཞེས་<བརྒྱུད་པའི་རྣམ་ཐར།>ལས་གཡུ་ཐོག་ཡོན་ཏན་མགོན་པོ་དང་ཡེ་ཤེས་གཟུངས་གཉིས་ནི་རིག་པའི་ཡེ་ཤེས་དང་ཡིད་ལས་སྐྱེས་གཉིས་ཀྱི་ཚུལ་དུ་བྱས་པ་བསྟན་འདུག <རྒྱུད་བཞི>ཡོངས་སུ་གྲུབ་རྗེས་སུ་དེ་འཆད་ཐབས་ཀྱི་གཞུང་ཡང་མང་བོ་མཛད་འདུག་ཅིང་། ལྷག་པར་དུ་<རྒྱུད་བཞི>བཀའ་ལྟར་བརྩམས་ཡོད་པས། <རྒྱུད་ཆུང་བདུད་རྩི་སྙིང་བོ>རྗེས་སུ་བརྩམས་པ་ཡིན་ན་བཀའ་ལྟར་མི་རྩོམ་པའི་རྒྱུ་མཚན་མེད་ལ། ལྷག་པར་དུ<རྒྱུད་བཞིའི>རྗེས་སུ་འདི་འདྲ་ཞིག་རྩོམ་པར་དགོས་པ་དང་རྒྱུ་མཚན་གཉིས་ཀ་མེད་པར་འགྱུར།

<རྒྱུད་བཞི>ཡོངས་སུ་སྤེལ་མཁན་ནི་ཐུགས་སྲས་གཙོ་བོ་སུམ་སྟོན་ཡེ་ཤེས་གཟུངས་ཡིན་པ་དང་། དེ་ཡང་ཕྱི་ལོའི་དབང་དུ་བྱས་ན 1189-1214 བར་ནི་བསྒྲིགས་ཤིང་ཡོངས་ཁྱབ་ཏུ་སྤེལ་བའི་དུས་ལ་ངོས་བཟུང་ན་མི་འགྲིག་པ་ཆེར་མེད་པ་འདྲ། འོན་ཀྱང་། གཡུ་ཐོག་གསར་མའི་འཁྲུངས་ལོ་(1126) འདི་དོགས་གཞི་ཅན་ཡིན་པས། ལོ་ཚིགས་གཏན་ཁེལ་ཞིག་བཤད་དཀའ་མོད། གང་ལྟར་དུས་རབས་བཅུ་གསུམ་པའི་ལོ་རབས་ལྔ་བཅུའི་གོང་དུ་བཀའ་རྒྱ་ལས་བཀྲོལ་ཏེ་ཡོངས་ཁྱབ་ཏུ་སྤེལ་བར་ངོས་འཛིན་བྱེད་ཆོག་པ་ཡིན། གཞན་ཡང་<བརྒྱུད་པའི་རྣམ་ཐར་>དུ“ལོ་སྐོར་གཅིག་ཏུ་གསང་ཐུབ་ཀྱིས། །དེ་ཡིས་དངོས་གྲུབ་ཐོབ་པོ་གསུང་། །” [2]ཞེས་དང་།  “དེ་ནས་ལོ་གྲངས་བཅུ་གསུམ་ན། །གནམ་ལོ་རྒྱལ་པོ་རྟ་ལོ་ལ། །”[3]ཞེས་པ་འདི་དག་ལའང་བརྟགས་དཔྱད་བྱ་རྒྱུ་རེ་འདུག་མོད་རེ་ཞིག་བཞག་གོ།།

གཡུ་ཐོག་གསར་མའི་གོང་དུ་<རྒྱུད་བཞི>ཡོད་ཅེས་པའི་གོ་དོན།

གཡུ་ཐོག་གསར་མའི་གོང་དུ་ད་ལྟའི་<རྒྱུད་བཞི>འདི་འདྲ་བ་ཞིག་མེད་མོད། <རྒྱུད་བཞིའི>ཕྱི་མོར་གྱུར་པའི<རྒྱུད་རྒྱལ་བདུད་རྩི་སྙིང་བོ> ནི་སྔར་ནས་ཡོད་ཅིང་། དེ་སྟོན་པའི་གཞུང་སྔ་ཤོས་ནི་<རྩོད་བཟློག་གེགས་སེལ་འཁོར་ལོ་>དང་<བརྒྱུད་པའི་རྣམ་ཐར།>གཉིས་ཡིན། ཁ་ཤས་ཀྱིས་<རྩོད་བཟློག་གེགས་སེལ་འཁོར་ལོ>ནི་གཡུ་ཐོག་གསར་མའི་གསུང་ཡིན་ཟེར་བ་དང་། ལྷག་པར་ཟུར་མཁར་བློ་གྲོས་རྒྱལ་བོ་མཆོག་གི་<ཤེས་བྱ་ཁོག་འབུབས་>ལས་“ཊྰིཀྐ་མུན་སེལ་སྒྲོན་མེ་དང་། གེགས་སེལ་རྩོད་བཟློག་འཁོར་ལོ་གཉིས་སྟོད་སྟོན་དཀོན་མཆོག་སྐྱབས་ཀྱིས་བྱས་ཟེར་བ་ཁ་ཅིག་སྣང་ཡང་དེ་ལྟར་ཡིན་པའི་སྐབས་མེད་ཅིང་།”[4]ཞེས་གསལ་མོད། འདི་ལ་ནན་གྱིས་ཞིབ་འཇུག་བགྱིས་ན་དོན་དངོས་ནི་<རྩོད་བཟློག་གེགས་སེལ་འཁོར་ལོ་>ཡི་མཇུག་བྱང་དུ་“གསོ་བ་རིག་པའི་རྒྱུད་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པའི་གེགས་སེལ་མཁས་པ་འཚོ་བྱེད་དཀོན་ཅོག་སྐྱབས་ཀྱིས་སྦྱར་ནས། གཡུ་ཐོག་ཡོན་ཏན་མགོན་པོ་ལ་གདམས་པ་རྫོགས་སོ། །”[5]ཞེས་པ་ལྟར་རོག་སྟོན་དཀོན་ཅོག་སྐྱབས་ཀྱིས་མཛད་པ་གཞུང་དོན་ལས་རྟོགས་ཐུབ། འདིའི་སྐོར་གཤམ་དུའང་འབྱུང་ངེས།

<བརྒྱུད་པའི་རྣམ་ཐར>ལས་“དེ་ལ་བཻ་རོ་ཙ་ནས་ཞུས།། ཁྲི་སྲོང་ལྡེ་བཙན་ཁོང་ལ་གཏད།།”[6]ཅེས་<རྒྱུད་བཞི>ཇི་ལྟར་སུ་ལ་བརྒྱུད་པའི་རིམ་པ་འདྲེན་སྐབས་ཁྲི་སྲོང་ལྡེ་བཙན་ལ་གཏད་པར་བྲིས་འདུག་ཅིང་། རྣམ་ཐར་འདི་མཛད་མཁན་གྱི་སུམ་སྟོན་ཡེ་ཤེས་ནི་གཡུ་ཐོག་གསར་མའི་སློབ་མ་གཙོ་བོ་ཞིག་ཡིན་པས། འདི་ནི་དུས་རབས་བཅུ་གཉིས་པའི་མཇུག་དང་བཅུ་གསུམ་པའི་མགོར་<རྒྱུད་བཞིའམ>ཡང་ན་དེའི་ཕྱི་མོའི་རྒྱུད་ཅིག་བཙན་པོའི་སྐབས་སུ་ཡོད་པར་འདོད་པའི་བདེན་དཔང་གལ་ཆེན་ཞིག་ཡིན།

འདིར་ང་ཚོས་ཤེས་དགོས་པ་ཞིག་ནི་གཡུ་ཐོག་གསར་མ་མཆོག་གིས་བརྩམས་པའི་རྒྱུད་གང་དང་གང་ཡིན་པ་དང་། ཁོང་གི་གོང་དུ་རྒྱུད་གང་ཡོད་པ་དེ་རེད། འདིར་ཐད་ཀར་བརྗོད་བྱར་བབས་ནས་བཤད་ན། རྒྱུད་བཞི་བོ་ལས་<རྩ་རྒྱུད་ནི>གཡུ་ཐོག་གསར་མའི་གོང་དུ་ཡོད་ལ། གཞུང་འདིའི་མཚན་ལ་<བདུད་རྩི་སྙིང་བོ།>ཞུ་བ་ལས་<རྩ་རྒྱུད>ཅེས་མི་ཟེར། ལོ་རྒྱུས་ཡོངས་གྲགས་སུ་རོག་སྟོན་དཀོན་མཆོག་སྐྱབས་སྒོ་བཞི་རེ་ཐང་དུ་བྱོན་དུས་རྒྱས་པ་འབུམ་དང༌། རྟ་སྒ་སྲབ་བཅས་འབུལ་བ་གྱ་ནོམ་པ་ཕུལ་ཏེ་དཔལ་ལྡན་རྒྱུད་བཞི་རྫོགས་པར་ཞུས་ནས་རེ་ཞིག་ཆིག་བརྒྱུད་ཀྱི་བཀའ་རྒྱ་མ་བཀྲོལ་བར་རང་གིས་ཟབ་བཞེས་སུ་མཛད་ཟེར་བ་དེའང་མདོར་བསྡུས་ན་རྒྱུད་བཞིའི་དོན་ཡོངས་སུ་རྫོགས་པ་སྟོན་པའི་<རྩ་རྒྱུད་>དམ་<བདུད་རྩི་སྙིང་བོ>འདི་ཡིན་དགོས་པར་འདོད།

དེ་ཡང་<རྩོད་བཟློག་གེགས་སེལ་འཁོར་ལོ་>རུ་ “རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས།། ཕྱིར་རྒོལ་རྩོད་པ་བཟློག་པའི་ཕྱིར།།”[7]ཞེས་དང་། “དེ་ལ་དང་པོ་གླེང་སློང་གི་སྐབས་སུ་ཡན་ལག་བརྒྱད་དུ་གསུངས་པས། ཡག་ལག་གི་རྩ་བ་གང་ཡིན། རྩ་བ་མེད་པའི་ཡན་ལག་འོང་བ་འགལ་ཞེས་རྒོལ་ན། དེའི་ལན། ཡན་ལག་བརྒྱད་ཀྱི་རྩ་བ་གསོ་བ་རིག་པ་ཡིན། གསོ་བ་རིག་པ་ལ་དགོས་པའི་ཆ་ལག་ཚང་བར་སྟོན་པའི་ཕྱིར་ཡན་ལག་བརྒྱད་དུ་གསུངས་པ་ཡིན་ཏེ།”[8]ཞེས་གསུངས། འདིར་<རྒྱུད་རྒྱལ་བདུད་རྩི་སྙིང་པོ་>ལས་ཞེས་པ་ནི་རྒྱུད་བཞིའི་ཕྱི་མོའམ་<རྩ་རྒྱུད>ཡིན་ལ། “དེ་ལ་དང་པོ་གླེང་སློང་གི་སྐབས་སུ་ཡན་ལག་བརྒྱད་དུ་གསུངས་པས།”ཞེས་པ་ནི་<རྩ་རྒྱུད་>ཀྱི་ལེའུ་གཉིས་པ་སྟེ་གླེང་སློང་གི་སྐབས་སུ་ “ལུས་དང་བྱིས་པ་མོ་ནད་གདོན། །མཚོན་དུག་རྒས་དང་རོ་ཙ་བ། །ཡན་ལག་བརྒྱད་དུ་ཤེས་པར་བྱའོ། །”ཞེས་པ་འདི་རང་ཡིན་པས། <བདུད་རྩི་སྙིང་བོ་>དང་<རྩ་རྒྱུད>དོན་གྱིས་གཅིག་ཡིན་པ་འདི་ནས་ཧ་ཅང་གསལ་བོར་རྟོགས་ནུས།  སྐབས་འདིའི་རྩོད་པ་མང་ཆེ་བ་རྩ་རྒྱུད་ཀྱི་བསྟན་དོན་ལ་རྩོད་པ་ཡིན་ལ། དེ་དག་ལས་ཆེས་གལ་ཆེ་ཤོས་ནི། ཕ་ཁོལ་གྱི་<ཡན་ལག་བརྒྱད་པ་>རུ་ལུས་སྟོད་དང་མཆེ་བ་སོགས་དྲངས་པའི་ཡན་ལག་བརྒྱད་འདྲེན་ཚུལ་ལ་སྐྱོན་བསྟན་ཅིང་། <རྩ་རྒྱུད་>ལས་བསྟན་པའི་ཡན་ལག་བརྒྱད་ཡང་དག་པར་བསྟན་པས།  <རྩོད་བཟློག་གེགས་སེལ་འཁོར་ལོ་>ཡི་མཇུག་བྱང་དུ་“གསོ་བ་རིག་པའི་རྒྱུད་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པའི་གེགས་སེལ་མཁས་པ་འཚོ་བྱེད་དཀོན་ཅོག་སྐྱབས་ཀྱིས་སྦྱར་ནས། གཡུ་ཐོག་ཡོན་ཏན་མགོན་པོ་ལ་གདམས་པ་རྫོགས་སོ། །” ཞེས་པ་བྱུང་བ་ཡིན།

སྤྱིར་ལོ་རྒྱུས་ཀྱི་ངོས་ནས་མཐོང་ཐུབ་པ་ཞིག་ནི་རོག་སྟོན་དཀོན་ཅོག་སྐྱབས་ཀྱིས་གཡུ་ཐོག་གསར་མ་ལ་<ཡན་ལག་བརྒྱད་པ>དང་། <བདུད་རྩི་སྙིང་བོ>གཉིས་ཀའི་རྒྱུད་གནང་ཡོད་ཅིང་། <བདུད་རྩི་སྙིང་བོ> ནི་མཆོག་ཏུ་སྟོན་ཕྱིར་< རྩོད་བཟློག་གེགས་སེལ་འཁོར་ལོ>བརྩམས་ཞེས་གྲགས་པར་རྒྱུ་མཚན་ཆེན་པོ་ཞིག་འདུག

ལག་ལེན་པོད་ཆུང་གི་འགྲེལ་པ།

ད་དུང་གལ་ཆེ་བ་ཞིག་ནི་བྲང་ཏི་འཇམ་དཔལ་བཟང་བོ་ཡིན། མཁས་པ་འདིའི་འཁྲུངས་འདས་ལོ་ཚིགས་གསལ་བོ་ཞིག་བཤད་དཀའ། <དུང་དཀར་ཚིག་མཛོད་>ཀྱི་ནང་དུ།   “བྲང་ཏི་དཔལ་ལྡན་འཚོ་བྱེད། རབ་བྱུང་བཞི་པའི་ནང་(1207-1266)བྲང་ཏི་འཇམ་དཔལ་བཟང་པོའི་སྲས་སུ་འཁྲུངས།”[9]ཞེས་བྲིས་འདུག གང་ལྟར་ཁོང་ནི་གཡུ་ཐོག་གསར་མའི་རྗེས་ཀྱི་མཁས་པ་སྔ་ཤོས་ཤིག་རེད། ཁོང་གིས་<བདུད་རྩི་སྙིང་བོ་>ནི་ཁྲི་སྲོང་ལྡེའུ་བཙན་སྐབས་ནས་བཟུང་ཡོད་པར་བཞེད། དེ་ཡང་<ལག་ལེན་པོད་ཆུང་གི་འགྲེལ་པ> ལས།  “མན་ངག་འདིའི་རྒྱུད་པ་ནི། བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་མངའ་དར་བའི་དུས་སུ་”[10]ཞེས་དང་། མཇུག་ཏུ་“སྡུག་བསྔལ་ནི། འདུ་བ་མ་སྙོམས་པའི་ཚོར་བ་སྡུག་བསྔལ་ལོ།། དེ་དང་བྲལ་བར་བྱ་བའི་ཕྱིར། རྒྱུད་ནི་བདུད་རྩི་སྙིང་པོདང་། སོ་མ་ར་ཛ།”[11]ཞེས་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་རྒྱུད་<བདུད་རྩི་སྙིང་བོ>ཡོད་པར་གསུངས་པ་ནི་<རྩ་རྒྱུད་>ཡིན་དགོས།

གཞན་ཡང་ཚ་རོང་དཔལ་ལྡན་རྒྱལ་མཚན་(1535-??)གྱིས་མཛད་པའི་<སྨན་གྱི་ཆོས་འབྱུང་སྐལ་བཟང་བགྲོད་པའི་ཤིང་རྟ>ལས།  “དེ་ལྟར་རྒྱུད་རྒྱལ་བདུད་རྩི་སྙིང་པོ་ཐོག་མར་ཟབ་པའི་དབང་གི་རེ་ཞིག་གསང་བའི་ཚུལ་གྱི་སུམ་སྟོན་ཡེ་ཤེས་བཟུང་ཁོ་ན་ལ་དཀར་རྒྱས་བཏབ་ཏེ་གནང་ཞིང་”[12][དག་ཆ་མ་ཡིག་སོར་བཞག]ཞེས་པ་འདིའི་དོན་ཡང་གོང་ལྟར་རོ།།

ད་དུང་ཧ་ཅང་དོ་སྣང་བྱེད་དགོས་པ་ཞིག་ཡོད་པ་ནི་< རྒྱལ་པོའི་བླ་ཡིག་འོད་འབར >ཞེས་པའི་དཔེ་རྙིང་དེ་རེད།  གསོ་རིག་དཔེ་རྙིང་འདི་ནི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་བརྩམས་པ་ཞིག་ཡིན། དཔེ་རྙིང་ལག་བྲིས་མ་འདི་ལ་མཇུག་བྱང་ཞིག་བྲིས་འདུག་ཅིང་།  མཇུག་བྱང་དེ་ཡང་ད་དྲག་ཡོད་པ་སོགས་གཞུང་ཚིག་དང་གཅིག་མཚུངས་འདུག་པས། མཇུག་བྱང་སྦྱར་དུས་ཀྱང་ཧ་ཅང་སྔ་མོ་ཞིག་ཡིན་པ་ཤེས་ཐུབ། འདིའི་མཇུག་བྱང་དུ<རྒྱལ་པོའི་བླ་ཡིག་འོད་འབར>རྩོམ་སྐབས་གཞུང་ལུགས་གང་དག་གི་ཉིང་བཅུད་བསྡུས་པའི་སྐོར་དྲངས་འདུག་པའི་ནང་“འཚོ་བའི་མདོའ། བདུད་རྩི་སྙིང་བོ་དང་།”[13]ཞེས་པ་དྲངས་འདུག <བདུད་རྩི་སྙིང་བོ།>ཞེས་པ་ནི་གོང་ལྟར་<རྒྱུད་བཞིའི>ཐོག་མར་གྱུར་པའི་རྒྱུད་ཅིག་ཡིན་དགོས། གཞན་ཡང་། མཇུག་བྱང་དུ་ “ལུང་སྟོནད་ཇོ་སྲས་ཁྱབ་པ་ལ། འབྲོ་སྨན་རྒོ་པོ་བདག་གྱིས་ཞུས།”ཞེས་པའི་ཇོ་སྲས་དང་འབྲོ་སྨན་རྒོ་པོ་ནི་རེ་ཞིག་སུ་ཡིན་བཤད་དཀའ།

གཞན་ཡང་རྒྱལ་དབང་ལྔ་བ་སོགས་ཀྱི་<རྒྱུད་བཞི>ཡི་གསན་ཡིག་ཁག་གི་བླ་རྒྱུད་དུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་བཻ་རོ་ཙ་ན་གཉིས་ཡོད་ལ། འདིས་ཀྱང་<རྒྱུད་བཞིའི>ཕྱི་མོ་ཞིག་སྔར་ནས་ཡོད་པར་བསྟན་འདུག བླ་རྒྱུད་ཀྱི་སྐོར་<གསོ་རིག་རྒྱུད་བཞིའི་སྨན་ཐང་བརྒྱད་བཅུའི་དཀའ་འགྲེལ་བེེཌཱུརྱའི་འོད་སྣང་།> བའི་མཇུག་ཏུ་གསལ། ལར་བཀའ་མ་དང་གཏེར་མ་གང་ཡིན་ཡང་ཁྲི་སྲོང་ལྡེའུ་བཙན་ནི་རྒྱུད་པའི་བླ་མའི་གྲས་སུ་ཡོད་པས། ཆོས་རྒྱལ་གྱི་སྐབས་ནས་བཟུང་བརྒྱུད་འོངས་པ་ནི་<བདུད་རྩི་སྙིང་བོ>སྟེ་<རྩ་རྒྱུད་>ཡིན་པ་ཁོ་བོས་འདོད།

རྒྱུད་ཕྱི་མ་གསུམ་ཅིའི་ཕྱིར་བཀའ་བཞིན་རྩོམ་སྒྲིག་མཛད་པ་རེད།

 གཡུ་ཐོག་གསར་མ་ཁོང་གི་སྐུ་ཚེ་སྟོད་ལ་<ཡན་ལག་བརྒྱད་པ།>ཡི་འཕྲིན་ལས་བསྐྱངས་པ་དང་། ཕྱིས་སུ་རྒྱུད་ཆུང་བདུད་རྩི་སྙིང་བོའམ<བདུད་རྩི་སྙིང་བོ་གསང་བ་མན་ངག་གི་རྒྱུད།>ལ་ཁ་སྣོན་དང་ཇེ་རྒྱས་བཏང་ནས་རྒྱུད་ཕྱི་མ་གསུམ་གྲུབ་པ་དང་། ལྷག་པར་དུ་འདི་ནི་<མན་ངག་རྒྱུད>ཀྱི་གཞི་རྐང་ལྟ་བུ་ཆགས་ཡོད།

<རྒྱུད་བཞི།>ནི་<རྩ་རྒྱུད།>ཀྱི་བསྟན་དོན་གཞིར་བཞག་ནས་གོ་རིམ་བཞིན་མཛད་ཡོད། གསོ་རིག་ལོ་རྒྱུས་སོགས་སུ་མཐོང་ཐུབ་པ་ནི་ཐོག་མར་<རྩ་རྒྱུད> དང་ཆ་འདྲ་བའི་ལེའུ་སོ་གསུམ་ཅན་<བདུད་རྩི་སྙིང་བོ་གསང་བ་མན་ངག་གི་རྒྱུད།>ཅེས་པ་ཞིག་མཛད་པ་དེ་རེད། འདིའི་སྐོར་ལ་ཟུར་མཁར་བའི་<ཤེས་བྱ་ཁོག་འབུབས>ལས“དེའི་རྗེས་སུ་ལག་ལེན་པོད་ཆུང་བྱ་བ་དང་རྒྱུད་ཆུང་བདུད་རྩི་སྙིང་པོ་ཁ་ཆེ་ཟླ་དགས་མཛད་པ་ལྟར་བཅོས་ནས་བརྩམས། དེའི་རྗེས་སུ་དེ་ལས་རྒྱས་པ་བདུད་རྩི་སྙིང་བོ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་གླེང་གཞི་རྩ་རྒྱུད་དང་ཆ་འདྲ་བ་ཡོད་པའི་ལེའུ་སུམ་ཅུ་རྩ་གསུམ་པ་ཞིག་གདུལ་བྱ་རྣམས་མོས་པ་བསྐྱེད་པའི་སླད་དུ་སངས་རྒྱས་ཀྱི་བཀའ་ཡིན་པ་ལྟར་བཅོས་ནས་བརྩམས”[14]ཞེས་བཀོད་འདུག་ཅིང་།  དམིགས་བསལ་གྱིས་དགག་བཞག་གནང་མེད། འོན་ཀྱང་། ཚ་རོང་དཔལ་ལྡན་རྒྱལ་མཚན་མཆོག་གིས་གོང་གི་བཤད་ཚུལ་འདི་འཐད་ཕྱོགས་སུ་བཟུང་ནས<སྨན་གྱི་ཆོས་འབྱུང་སྐལ་བཟང་བགྲོད་པའི་ཤིང་རྟ།>ལས་“ཡང་སླད་རྒྱུད་དགོངས་པ་དང་བསྟུན་ནས་བདུད་རྩི་སྙིང་བོ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་གླེང་གཞི་རྩ་རྒྱུད་དང་ཆ་འདྲ་བ་ཡོད་པའི་ལེའུ་སུམ་ཅུ་རྩ་གསུམ་པ་ཞིག་གདུལ་བྱ་རྣམས་མོས་པ་བསྐྱེད་པའི་སླད་དུ་སངས་རྒྱས་ཀྱི་བཀའ་ཡིན་པ་ལྟར་བཅོས་ནས་བརྩམས་སོ།།”[15]ཞེས་བཀོད། ལེའུ་སོ་གསུམ་ཅན་འདི་ནི་དོན་དངོས་<བཤད་རྒྱུད>ཡིན་མོད། ད་ལྟའི་བཤད་རྒྱུད་ལ་ལེའུ་སོ་གཅིག་ལས་མེད་པས་འདིའི་ལེའུ་གཉིས་ཇི་ལྟར་འཕྲི་ཚུལ་ཤེས་ཐབས་བྲལ།

<བཤད་རྒྱུད>རྩོམ་སྐབས་<ཡན་ལག་བརྒྱད་པའི་སྙིང་བོ་བསྡུས་པ>ནི་གཞི་བཅོལ་ས་གཙོ་བོ་ཞིག་ཆགས་འདུག དཔེར་ན། <ཡན་ལག་བརྒྱད་པའི་སྙིང་བོ་བསྡུས་པའི>ལུས་ཀྱི་གནས་ལས་ལེའུ་དང་པོ་རུམ་དུ་ཞུགས་པ་དང་། ལེའུ་གཉིས་པ་རུམ་དུ་ཞུགས་པའི་ནད་ཀྱི་བྱེ་བྲག་བཤད་པ་གཉིས་ལ་གཞི་བཅོལ་ནས་<བཤད་རྒྱུད>ཀྱི་ལེའུ་གཉིས་པ་ལུས་ཆགས་ཚུལ་བསྟན་པ་བརྩམས། <ཡན་ལག་བརྒྱད་པའི་སྙིང་བོ་བསྡུས་པའི་>མདོ་ཡི་གནས་ཀྱི་ལེའུ་གཉིས་པ་ཉིན་རེ་བཞིན་སྤྱོད་པ་དང་། ལེའུ་གསུམ་པ་དུས་སུ་སྤྱོད་པ་ལ་གཞི་བྱས་ཏེ། <བཤད་རྒྱུད་>ཀྱི་ལེའུ་བཅུ་གསུམ་པ་ཉིན་རེ་བཞིན་དུ་སྤྱོད་དང་ལེའུ་བཅུ་བཞི་བ་དུས་སུ་སྤྱོད་པ་བརྩམས་ཡོད། དེ་བཞིན་དུ་ལེའུ་མང་བོར་གཞི་བཅོལ་ཡོད་མོད། དེ་ནི་ཕྱི་མོ་ལས་བཤུས་པ་ལྟ་བུ་མ་ཡིན་པར་བོད་རང་གི་བརྩམས་ཆོས་ཤིག་ཡིན་པའང་ཧ་ཅང་གསལ།

<མན་ངག་རྒྱུད>ནི་གཡུ་ཐོག་པ་ཁོང་གིས་སྔར་མཛད་པའི་<བདུད་རྩི་སྙིང་བོ་གསང་བ་མན་ངག་གི་རྒྱུད།>ལེའུ་བརྒྱ་དང་གཅིག་གི་བདག་ཉིད་ཅན་དེའི་ནང་གི་ལེའུ་མང་ཆེ་བ་ནི་<མན་ངག་རྒྱུད>ཆ་འདྲ་བར་ཡོད་པས། དེ་དག་གཞིར་བྱས་ནས་ཇེ་རྒྱས་ཇེ་ལེགས་སུ་བཏང་བར་མངོན།

<ཕྱི་མའི་རྒྱུད།>ཀྱང་དེ་བཞིན་དུ་<རྒྱུད་ཆུང་བདུད་རྩི་སྙིང་བོའི>ལེའུ་གང་འཚམ་ཞིག་གཞིར་བྱས་ནས་བརྩམས་པ་དང་། རྩ་ཆུའི་སྐོར། མ་བུ་དགྲ་གྲོགས་ཀྱི་སྐོར་སོགས་ནི་གཙོ་བོ་<སྨན་དཔྱད་ཟླ་བའི་རྒྱལ་བོ་>ལ་གཞི་བཅོལ་ཡོད།

འདིར<རྒྱུད་བཞི>ཅིའི་ཕྱིར་སངས་རྒྱས་ཀྱི་བཀའ་ཡིན་ལྟར་བརྩམས་པ་རེད་ཅེ་ན། དེ་ནི་གཙོ་བོ་<བདུད་རྩི་སྙིང་བོ་>སྔོན་ནས་བཀར་འདོད་པའི་རྟགས་མཚན་གསལ་བོ་ཞིག་རེད་སྙམ། དེའི་དཔེར་མཚོན་གཅིག་ནི་<སྨན་དཔྱད་ཟླ་བའི་རྒྱལ་པོ>དེ་ཡང་མགོན་པོ་ཀླུ་སྒྲུབ་ཀྱིས་ཞུས་ཤིང་འཕགས་པ་འཇམ་དཔལ་གྱིས་དྲང་སྲོང་བཞི་ལ་གསུངས་ཞེས་པའི་གཏམ་རྒྱུད་མངའ་བ་ལྟར། <བདུད་རྩི་སྙིང་བོའི་>ལའང་དགོས་དབང་གིས་གཏམ་རྒྱུད་ཡིད་དུ་འོང་བ་ཞིག་སྦྱར་ནས། རྩ་ཆེན་དུ་བརྩིས་ཏེ་གང་བྱུང་དུ་མ་སྤེལ་བར་ཆིག་བརྒྱུད་དུ་སྤེལ། དེའི་ཕྱིར་<བདུད་རྩི་སྙིང་བོའི>འགྲོས་ལྟར་བརྩམས་པའི་རྒྱུད་ཕྱི་མ་གསུམ་ཡང་བཀའ་ཡིན་པ་ལྟར་མཛད། ཐོག་མར་གཡུ་ཐོག་གསར་མ་ཁོང་གིས་ཀྱང་མི་མངོན་པར་ལག་ལེན་མཛད་ཅིང་། མཐར་སུམ་སྟོན་ཡེ་ཤེས་གཟུངས་ལ་<བདུད་རྩི་སྙིང་བོ་>ཡི་རྒྱུད་པ་བཀའ་བབས་མཛད་པ་མ་ཟད། ཡོངས་སུ་བཀའ་རྒྱ་ལས་བཀྲོལ་ཏེ་<རྒྱུད་བཞིའི་>འཕྲིན་ལས་འཛམ་བུ་གླིང་ལ་ཁྱབ་པ་ཞིག་ཡིན། གལ་ཏེ་ཁོང་གི་རྒྱུད་ཕྱི་མ་གསུམ་མཛད་མེད་ཚེ་<བདུད་རྩི་སྙིང་བོ་>ནི་ལེའུ་དྲུག་ལས་མེད་པ་དང་། དེ་ཡང་གབ་ཅིང་བསྡུས་དྲགས་པས་དོན་དངོས་ལ་ཕན་ཐོགས་འབྱུང་དཀའ་ཞིང་། འཕྲིན་ལས་རྒྱས་ཚུལ་ཡང་<ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི>དོ་ཟླ་ཡོང་དཀའ།

རྒྱུད་བཞིའི་ཐ་སྙད་ཀྱི་རིམ་པ།

 ཐོག་མར་<བདུད་རྩི་སྙིང་བོ།>ཞེས་པའི་ཐ་སྙད་བྱུང་བ་དང་། རིམ་གྱིས་<རྒྱུད་རྒྱལ་བདུད་རྩི་སྙིང་བོ།>ཞེས་པའི་ཐ་སྙད་བྱུང།  ཕྱིས་སུ་རྒྱུད་ཕྱི་མ་གསུམ་བསྣན་ཏེ་རྒྱུད་བཞི་རུ་བཅོ་སྐབས་<བདུད་རྩི་སྙིང་བོ།>ལ་གསར་བཅོས་གནང་སྟེ། རྒྱུད་ཕྱི་མ་གསུམ་གྱི་ལེའུ་ཡི་གྲངས་བཅས་བཀོད།

རྒྱུད་ཕྱི་མ་གསུམ་མ་བརྩམས་པའི་གོང་དུ་<བདུད་རྩི་སྙིང་བོ་གསང་བ་མན་ངག་གི་རྒྱུད།>ཅེས་པའི་ལེའུ་བརྒྱ་དང་གཅིག་ཅན་གྱི་གཞུང་ལུགས་དེ་མཛད། ད་ལྟའི་<རྒྱུད་བཞི>དང་བསྡུར་ན་ཅུང་བསྡུས་པ་ཡིན། རྗེས་སུ་<རྒྱུད་བཞི།>ཆ་ཚང་བ་ཞིག་ཏུ་གྲུབ་རྗེས་<བདུད་རྩི་སྙིང་བོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད།>ཅེས་གཞུང་ཧྲིལ་བོའི་མཚན་དུ་མཛད་ཅིང་། དེ་ཡང་ཐོག་མར་<བདུད་རྩི་སྙིང་པོ།>དང་། དེ་ནས་<བདུད་རྩི་སྙིང་བོ་གསང་བ་མན་ངག་གི་རྒྱུད།> མཐར་<བདུད་རྩི་སྙིང་བོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད།>ཅེས་འགྱུར་བ་ཞིག་བྱུང་ཡོད་པ་འདིས་གསོ་རིག་<རྒྱུད་བཞི>ཇི་ལྟར་བྱུང་བའི་བརྒྱུད་རིམ་ཞིག་སྟོན་གྱི་ཡོད།

འདི་ལྟར་<རྒྱུད་བཞི>ཡོངས་སུ་གྲུབ་ཏེ་སྔར་གྱི་<བདུད་རྩི་སྙིང་བོ>ལ་<རྩ་རྒྱུད>དང་། <བདུད་རྩི་སྙིང་བོ་གསང་བ་མན་ངག་གི་རྒྱུད།>ལ་<རྒྱུད་ཆུང་བདུད་རྩི་སྙིང་བོ།>ཞེས་ཡོངས་གྲགས་སུ་གྱུར། <རྒྱུད་ཆུང་བདུད་རྩི་སྙིང་བོ>ནི་<རྒྱུད་བཞི།>ལ་ལྟོས་ནས་བཏགས་པའི་ཐ་སྙད་ཅིག་ཡིན་པ་ཤེས་སླ། འོན་ཀྱང་། <རྒྱུད་བཞི>ཡོངས་སུ་བརྩམས་མ་གྲུབ་གོང་དུ་< རྒྱུད་ཆུང་བདུད་རྩི་སྙིང་བོ། >ནི་རྒྱུད་ཆེན་ཞིག་ཏུ་རྩི་བ་ཡིན་ཏེ། དེའི་མཇུག་བསྡུ་བའི་དོན་བསྟན་པ་རུ་ “འདི་ལྟ་བུ་ཡི་མན་ངག་རྒྱུད་ཆེན་འདི།།”ཞེས་གསལ་བས་སོ། ། འདི་ནས་ཤེས་ཐུབ་པ་ཞིག་ནི་<བདུད་རྩི་སྙིང་བོ་གསང་བ་མན་ངག་གི་རྒྱུད།>ཅེས་པ་གཉིས་བྱུང་ཡོད་པ་དེ་རེད། གཅིག་<རྒྱུད་ཆུང་བདུད་རྩི་སྙིང་བོ་>དང་། གཉིས་པ་<བཤད་རྒྱུད>ལ་འཇུག་པ་གོང་དུ་ཞུས་ཟིན་པ་ལྟར་ཡིན། གཞན་ཡང་<རྒྱུད་བཞི>ཡོངས་སུ་མ་གྲུབ་པའི་གོང་དུ་< རྒྱུད་ཆུང་བདུད་རྩི་སྙིང་བོ། >ཞེས་པའི་ཐ་སྙད་འདི་ད་ལྟའི་<རྩ་རྒྱུད་>དམ་<བདུད་རྩི་སྙིང་བོ།>ལ་འཇུག་པའི་སྐབས་ཀྱང་ཡོད་པ་འདྲ་བས་དཔྱད་པར་འཚལ།

དཔྱད་གཞིའི་ཡིག་ཆ། 

 

[1] ཆ་ལག་བཅོ་བརྒྱད་ཀྱི་ཤོག་ངོས་692 ན་གསལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

[2] ཆ་ལག་བཅོ་བརྒྱད་ཀྱི་ཤོག་ངོས་692 ན་གསལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

[3] ཆ་ལག་བཅོ་བརྒྱད་ཀྱི་ཤོག་ངོས་692 ན་གསལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

[4] <ཟུར་མཁར་བའི་ཤེས་བྱ་ཁོག་འབུབས>ཀྱི་ཤོག་ངོས་ 263 ན་གསལ། མི་རིགས་དཔེ་སྐྲུན་ཁང་།

[5] <ཟུར་མཁར་བའི་ཤེས་བྱ་ཁོག་འབུབས>ཀྱི་ཤོག་ངོས་ 263 ན་གསལ། མི་རིགས་དཔེ་སྐྲུན་ཁང་།

[6] ཆ་ལག་བཅོ་བརྒྱད་ཀྱི་ཤོག་ངོས་ 691 ན་གསལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

[7] ཆ་ལག་བཅོ་བརྒྱད་ཀྱི་ཤོག་ངོས་ 313 ན་གསལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

[8] ཆ་ལག་བཅོ་བརྒྱད་ཀྱི་ཤོག་ངོས་ 313 ན་གསལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

[9] དུང་དཀར་ཚིག་མཛོད། (Dungkar)མ་ལག་ནང་བྲང་ཏི་དཔལ་ལྡན་འཚོ་བྱེད་ཀྱི་སྐབས་ན་གསལ།

[10] <ལག་ལེན་པོད་ཆུང་འགྲེལ་པ།> ཤོག་གྲངས་དང་པོའི་སྲིབས་ན་གསལ། དཔེ་རྙིང་བྲིས་མ།

[11] <ལག་ལེན་པོད་ཆུང་འགྲེལ་པ།> ཤོག་གྲངས་40 ན་གསལ། དཔེ་རྙིང་བྲིས་མ།

[12] སྨན་གྱི་ཆོས་འབྱུང་སྐལ་བཟང་བགྲོད་པའི་ཤིང་རྟ།> ཤོག་ངོས་གཅིག་ན་གསལ། དཔེ་རྙིང་བྲིས་མ།

[13] རྒྱལ་བོའི་བླ་ཡིག་འོད་འབར།> ཤོག་གྲངས་ 160 སྲིབས་ན་གསལ། དཔེ་རྙིང་བྲིས་མ།

[14] <ཟུར་མཁར་བའི་ཤེས་བྱ་ཁོག་འབུབས>ཀྱི་ཤོག་ངོས་ 263 ན་གསལ། མི་རིགས་དཔེ་སྐྲུན་ཁང་།

[15] <སྨན་གྱི་ཆོས་འབྱུང་སྐལ་བཟང་བགྲོད་པའི་ཤིང་རྟ།> ཤོག་ངོས་གཉིས་ན་གསལ། དཔེ་རྙིང་བྲིས་མ།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།